Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ལུགས་སྨན་རྫས་རིག་པ་ལས་སྨན་གྱི་རོ་ནུས་ཞུ་རྗེས་སྐོར་ལ་རགས་ཙམ་དཔྱད་པ།

Posted on 2011-01-212011-01-21 By ཁ་བརྡ་ 21 Comments on བོད་ལུགས་སྨན་རྫས་རིག་པ་ལས་སྨན་གྱི་རོ་ནུས་ཞུ་རྗེས་སྐོར་ལ་རགས་ཙམ་དཔྱད་པ།

༼གོང་མའི་མཇུག་མཐུད་པ།༽
དཀར་མཚོ་སྐྱིད། (སྨན་རྩིས་ཁང་།)

འབྱུང་བ། ཡོན་ཏན། རང་བཞིན། ནུས་པ། ཉེས་པ།
ས་སྨན། ལྕི་བརྟན་རྟུལ་འཇམ་སྣུམ་སྐམ། དྲིའི་ཤས་ཆེ་བ། ལྕི་བ་འཇུ་དཀའ་ཡན་ལག་མཁྲེགས་ཤིང་སྲ་བ། རླུང་ནད་སེལ།
ཆུ་སྨན། སླ་བསིལ་ལྕི་རྟུལ་སྣུམ་མཉེན། རོའི་ཤས་ཆེ་བ། ལུས་འཇམ་ཞིང་སྣུམ་པ་ཟས་འདྲུལ་ཞིང་མྱགས་པ་ཚིགས་རྣམས་འབྱོར་བ། མཁྲིས་ནད་སེལ།
མེ་སྨན། ཚ་རྣོ་སྐམ་རྩུབ་སྣུམ་གཡོ། གཟུགས་ཤས་ཆེ་བ། ལུས་ཁམས་ཀྱི་དྲོད་སྐྱེད་ཟས་འཇུ་མདོག་གསལ་ཟུངས་འཕེལ། བད་ཀན་སེལ།
རླུང་སྨན། ཡང་གཡོ་གྲང་རྩུབ་སྐྱ་སྐམ། རེག་ཤས་ཆེ་བ། ལུས་ཁམས་ཀྱི་ཆ་ཤས་རྣམས་སྲ་བ་འགུལ་ཞིང་བསྐྱོད་པ་དྭངས་མ་བུ་གར་ཁྱབ་པ། བད་མཁྲིས་སེལ།
ནམ་མཁའ། སྨན་ཀུན་ལ་ཁྱབ་པ། སྒྲའི་ཤས་ཆེ་བ། ལུས་ཁམས་ཀྱི་ཆ་ཤས་རྣམས་ཡངས་པའི་གོ་ས་འབྱེད་པ། འདུས་ནད་སེལ།

༢ སྨན་རྫས་ཀྱི་ངོ་བོའམ་འབྱུང་བའི་རང་བཞིན་གྱི་ངོ་བོ་བཤད་པ།

སྨན་རྫས་ཀྱི་རིགས་སུ་གྱུར་པའི་དངོས་པོ་ཐམས་ཅད་ནི་རོ་ནུས་དང་ལྡན་པ་ཞིག་ཡིན་ལ། རོ་ནུས་ཀྱི་རྟེན་དུ་གྱུར་པའི་དངོས་པོ་ཐམས་ཅད་ནི་འབྱུང་བའི་ཁམས་ཀྱིས་བསྒྲུབས་པ་ཡིན། དེ་ལྟར་འབྱུང་བའི་ངོ་བོ་ནི་གང་འདྲ་ཞིག་ཡིན་ཞེ་ན། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས། ཕྱི་སྣོད་ཀྱི་འཇིག་རྟེན་ཁམས་དང་ནང་བཅུད་ཀྱི་སེམས་ཅན་ཁམས་སྟེ་ཁམས་ཆེན་པོ་
གཉིས་ཀྱི་བརྟན་གཡོའི་དངོས་པོ་ཕྲ་རགས་མ་ལུས་པ་ཀུན་སྲ་བར་བྱེད་པ་དང་གཤེར་བར་བྱེད་པ། ཚ་བར་བྱེད་པ། ཡང་ཞིང་གཡོ་བར་བྱེད་པ། ཡངས་ ཤིང་གོ་འབྱེད་པའི་གོ་སྐབས་སྟེར་བར་བྱེད་པའི་ནུས་མཐུའི་ཆོས་ཉིད་གང་ཞིག་ཚང་བར་བྱེད་པ་དང་། ཚང་བར་བྱ་བའི་ངོ་བོ་གང་ཞིག་དང་ལྡན་པ་དེ་ནི་འབྱུང་བའི་ངོ་བོ་ཡིན། དེ་ཅིའི་ཕྱིར་ཞེ་ན། མ་ཚང་བའི་ཆ་ཤས་ཙམ་མེད་པ་དེ་རྣམས་ཀྱང་ཐོག་མར་རྡུལ་ཕྲ་རབ་ནས་བརྩམས་ཏེ་རིམ་བཞིན་འབྱུང་བ་ལྔ་རུ་གྲུབ་པ་དང་། བར་དུ་མཚན་ཉིད་དེ་དང་དེ་མཐུན་གྱི་ལས་ཉིད་གནས་པ། མཐར་མཚན་ཉིད་དེ་རྣམས་རིམ་པས་ཉམས་ནས་སྨན་རྫས་ཀྱི་ངོ་བོ་ལས་འདི་ལྟར་ཡིན་པ་རྗེས་དཔག་རིག་པས་གྲུབ་བོ། དཔེར་ན། ཕྱི་རོལ་གཟུགས་ཀྱི་དངོས་པོ་ཐམས་ཅད་འབྱུང་བྱེད་ཀྱི་རྒྱུའི་གཙོ་བོ་གཟུགས་ཀྱི་ཆུང་མཐའ་ཕྲ་རབ་ཀྱི་རྡུལ་ཕྲན་མང་བོ་ལས་གྲུབ་ཚུལ་དེ་དེང་དུས་ཚན་རིག་མཁས་ཅན་ཚོས་གཅིག་མཐུན་དུ་ངོས་འཛིན་བྱེད་བཞིན་ཡོད། གཟུགས་ཀྱི་ཆུང་མཐའ་ཕྲ་རབས་ཀྱི་རྡུལ་དེ་དག་ལའང་རིགས་མི་འདྲ་བ་བཞི་ཡོད་པ་སྟེ། ས་རྡུལ་དང་ཆུ་རྡུལ་དང་མེ་རྡུལ་དང་རླུང་རྡུལ་བཅས་སོ། །དེ་དག་སོ་སོའི་ངེས་ཚིག་ཀྱང་སྲ་མཁྲེགས་ཀྱི་རྣམ་པ་ཅན་གྱི་རྡུལ་ལ་ས་རྡུལ་ཞེས་དང་། བརླན་གཤེར་གྱི་རྣམ་པ་ཅན་གྱི་རྡུལ་ལ་ཆུ་རྡུལ། དྲོད་ཀྱི་ངོ་བོ་དང་ལྡན་ཞིང་སྨིན་བྱེད་ཀྱི་ནུས་པ་ཅན་དེ་ལ་མེ་རྡུལ། བསིལ་བའི་ངོ་བོ་དང་ལྡན་ཞིང་གཡོ་བའི་བདག་ཉིད་ཅན་གྱི་རྡུལ་ལ་རླུང་རྡུལ་ཞེས་ཟེར། འབྱུང་བ་དེ་དག་གི་སོ་སོའི་བྱེད་ལས་གཙོ་བོ་ནི་སའི་ཁམས་ཀྱིས་འགྲུབ་བྱེད་ཀྱི་རྒྱུ་བྱེད། ཆུ་ཁམས་ཀྱིས་གཅིག་ཏུ་སྡུད་པར་བྱེད། མེ་ཁམས་ཀྱིས་སྨིན་པར་བྱེད། རླུང་ཁམས་འཕེལ་བར་བྱེད།
འབྱུང་བ་དེ་དག་ཕན་ཚུན་ཆ་སྙོམས་ཏེ་སྐབས་དེ་དུས་ས་སྟེང་གི་སྐྱེ་དངོས་སོགས་རང་བྱུང་ཁམས་ཀྱི་དངོས་པོ་རྣམས་ཇི་ཙམ་བེད་སྤྱོད་བྱས་པ་དེ་ཙམ་དུ་མ་ཟད་པ་མེད་པར་རང་ཤུགས་ཀྱིས་འཕེལ་རྒྱས་ཡོང་བཞིན་ཡོད་པ་དང་། ནམ་ཞིག་འབྱུང་བ་རྣམས་འཕེལ་ཟད་འཁྲུགས་ནས་ཕན་ཚུན་ཆ་མི་སྙོམས་ཤིང་ཚུལ་མིན་དུ་རྒྱུ་བས་ན་འཇིག་རྟེན་ཁམས་ཀྱི་གཞི་ཀུན་ལ་འགྱུར་བ་མངོན་སུམ་དུ་འབྱུང་བཞིན་ཡོད་དོ། །དཔེར་ན། ལོ་གཅིག་གི་དུས་ཚིགས་བཞིའི་འཕོ་འགྱུར་ལྟ་བུ་ཞིག་ལ་མཚོན་ན་དཔྱིད་ཀྱི་དུས་སུ་དྲོད་རླུང་ལྡང་ཞིང་རྩི་ཤིང་རྣམས་ཁ་འབུས་པ་དང་། དབྱར་གྱི་དུས་སུ་རི་ཀླུང་ཀུན་དྲོ་ཞིང་ཆར་ཆུ་འབབ་ལ་རྩི་ཤིང་རྣམས་མེ་ཏོག་དང་ལོ་འདབ་རྒྱས་པར་བྱེད། སྟོན་གྱི་དུས་སུ་རྩི་ཐོག་དང་འབྲུ་རྣམས་སྨིན་པ་དང་། དགུན་གྱི་དུས་སུ་རི་ཀླུང་རྣམས་འཁྱགས་པས་ཁེབས་ཤིང་རྩི་ཤིང་རྣམས་བསྐམས་ཏེ་རླུང་གིས་འདེད་པ་སོགས་ཀྱང་འབྱུང་གཞིའི་འཕེལ་ཟད་ངང་གིས་འབྱུང་བཞིན་ཡོད་པ་དང་། དེ་བཞིན་དུ་ནང་སྐྱེ་འགྲོ་ཀུན་གྱི་ལུས་ཁམས་ལའང་བྱིས་པ་ནས་དར་མ་དང་དེ་ནས་རྒན་པོའི་བར་སྐབས་རྣམས་སུ་འབྱུང་བ་ལ་འཕེལ་ཟད་འཁྲུགས་པའི་དབང་གིས་ཉེས་པ་རླུང་མཁྲིས་བད་ཀན་ལ་སོགས་པ་རྣམ་པར་གྱུར་པའི་ནད་ཀྱི་རིགས་རྣམས་སྐྱེད་ཅིང་ལུས་ལ་ཟུག་རྔུས་མནར་བ་དང་། དེའི་ཚེ་འབྱུང་བ་གང་ཞིག་འཕེལ་བ་ལ་གོང་གནོན། ཟད་པ་ལ་ཁ་སྣོན། འཁྲུགས་པ་ལ་འདུ་བ་ཆ་སྙོམས་བྱེད་དུ་གྱུར་པའི་སྨན་རྫས་བསྟེན་དགོས། དེ་དག་གསོ་བར་བྱེད་པའི་གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་གཅིག་མཚུངས་སུ་གནས་པ་སྟེ། དེ་ཡང་ཕྱི་རྒྱུད་ལས། འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། །གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །ཞེས་གསུངས་པ་ལྟར་རོ། །
དེ་ལྟ་བས་ན་སྤྱིར་ཕྱི་དངོས་པོ་ཐམས་ཅད་དང་ལྷག་པར་དུ་ལུས་དང་ནད་ངོ་བོ་གཉེན་པོ་ལ་སོགས་རང་རྒྱུ་འབྱུང་བ་གཅིག་པ་ལས་སྐྱེས་པའི་ཕྱིར་ན་དེ་དག་གི་ནང་ཕན་ཚུན་གྱི་འབྲེལ་བ་དེ་ཡང་བདག་ཉིད་གཅིག་པའི་སྒོ་ནས་གྲུབ་པ་ཡིན། དེས་ན་གསོ་བྱའི་ནད་དེ་གསོ་བྱེད་གཉེན་པོ་སྨན་གྱི་འབྱུང་བཞིས་སྙོམས་པར་བྱེད་པ་དེ་བཅོས་ཐབས་ཀུན་གྱི་རྩ་བ་ཡིན་པས་ཚུལ་འདི་ཁོང་དུ་ཆུད་པར་བྱ་དགོས་སོ། །
༣ འབྱུང་བའི་ཤས་་ཆེ་ཆུང་གིས་རོའི་ཁྱད་པར་འབྱུང་ཚུལ།
སྨན་རིགས་རྣམས་ས་ཆུ་ལ་སོགས་པའི་འབྱུང་བ་འདུས་པ་ལས་འབྱུང་བའི་ཕྱིར་ན་འབྱུང་བའི་ཤས་ཆེ་ཆུང་གིས་སྨན་རྣམས་རོ་གཅིག་ཁོ་ནར་མི་འགྱུར་ཏེ་རོ་མང་ཞིང་ཐ་དད་དུ་གནས་པ་ཡིན། ཅིའི་ཕྱིར་ཞེ་ན། གསོ་རིག་རྩ་འགྲེལ་ལས། རོ་རྣམས་ནི་སྨན་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །དེ་ཡང་། སྨན་རྣམས་ཉིད་ཀྱི་རོ་ལ་སོགས། །དེ་ནི་དེ་ལ་བརྟེན་པས་མཆོག །ཅེས་སྔར་བཤད་པའི་ཕྱིར་ཏེ། སྨན་མེད་པར་རོ་ལ་སོགས་ཉེ་བར་དམིགས་པར་མི་འགྱུར་རོ། །དེ་ལ་རོ་ནི་རེ་ཞིག་ཆུའི་རང་བཞིན་དང་། དང་པོ་མི་གསལ་བ་ཡིན་པ་ལ་དེ་ནི་དུས་རྣམ་པ་དྲུག་དང་ལྡན་པ་ཡིན་པའི་ཕྱིར་དང་། འབྱུང་བ་ཆེན་པོའི་ཡོན་ཏན་ཤས་ཆེ་ཆུང་གི་དབང་གིས་བྱུང་བ་སོགས་མི་མཉམ་ཞིང་། ཚིག་པ་ལས་མངར་བ་ལ་སོགས་པའི་དབྱེ་བ་རྣམ་པ་དྲུག་ཏུ་འགྱུར་རོ། །དེ་ལྟར་ཆུ་སྨོས་པ་ནི། རོ་དག་ཆུའི་རྣམ་པར་འགྱུར་བ་ཡིན་པར་ཤེས་པ། ས་ལ་སོགས་པ་ནི་ལྷན་ཅིག་བྱེད་པའི་ཚུལ་གྱིས་དགོས་པར་བྱེད་པ་ཡིན་ཏེ། དེ་བས་སྣ་ཚོགས་པ་ནིཡང་དག་པས་ན་རོའི་བྱེད་པ་བོ་ཡིན་ནོ། །དེས་ན་འབྱུང་བ་ཤས་ཆེ་ཆུང་གི་དབང་གིས་རོ་མི་འདྲ་བ་འབྱུང་ངོ། ཇི་ལྟར་ཞེ་ན། དེ་ཡང་འབྱུང་བ་ས་དང་ཆུ་ཤས་ཆེ་བ་ལས་རོ་མངར་བ་ཀ་ར་ལྟ་བུ་དང་། མེ་ས་ཤས་ཆེ་བ་ལས་རོ་སྐྱུར་བ་སེ་འབྲུ་ལྟ་བུ། ཆུ་མེ་ཤས་ཆེ་བ་ལས་རོ་ལན་ཚ་བ་རྒྱམ་ཚ་ལྟ་བུ། ཆུ་རླུང་ཤས་ཆེ་བ་ལས་རོ་ཁ་བ་ཏིག་ཏ་ལྟ་བུ། མེ་རླུང་ཤས་ཆེ་བ་ལས་རོ་ཚ་བ་ཙི་ཏྲ་ཀ་ལྟ་བུ། ས་རླུང་ཤས་ཆེ་བ་ལས་རོ་བསྐ་བ་ཨ་རུ་ར་ལྟ་བུ་བཅས་རོ་དྲུག་དུ་འབྱུང་ངོ། དེ་ལྟར་ན་འབྱུང་བ་འདུས་བ་ནི་སྨན་ཀུན་འབྱུང་བའི་རྒྱུ་ཡིན་ལ་མངར་བ་ལ་སོགས་རོ་རྣམས་ཀྱི་རྒྱུ་ཡང་ཡིན་ནོ།
བཞི་པ། དེས་ལུས་ཕུང་ལ་ཕན་གནོད་བྱེད་ཐུབ་པའི་རྒྱུ་མཚན་བསྟན་པ།
རོ་དྲུག་འབྱུང་བ་ལྔའི་ཤས་ཆེ་ཆུང་ལ་བརྟེན་ནས་བྱུང་བས་ན། དེ་དང་མཐུན་པའི་བྱེད་ལས་ཀྱང་མི་མཐུན་པར་བྱུང་བ་ཡིན་ཏེ། རང་སོ་སོའི་ནུས་པ་མི་འདྲ་བ་བསྟན་པ་ཡིན་པས་དཔེར་ན། ས་ཆུ་ཤས་ཆེ་བའི་རོ་མངར་བ་ནི་ནུས་བ་ལྕི་རྟུལ་བསིལ་ཤས་ཆེ་བས་རླུང་མཁྲིས་ཀྱི་ནད་སེལ་བ་དང་བསྟེན་དྲགས་ན་ཡང་བད་ཀན་ཀྱི་མཚན་ཉིད་དང་ཆོས་མཐུན་པས་གནོད་པར་འགྱུར་བ་ཡིན་ནོ། དེ་ལྟར་འབྱུང་བ་ལས་རོ་བསྐྱེད་པ་དང་རོའི་ནུས་པ་ལས་ལུས་གསོ་ཞིང་ནད་ཞི་བར་བྱེད་པ་ཡིན་ནོ།
༼མུ་མཐུད་འགོད་པ།༽

གསོ་རིག

Post navigation

Previous Post: ཉི་བཀྲག་འགྲེམས་སྟོན། “དེ་རིང་གི་བོད་ཀྱི་སྒྱུ་རྩལ་“
Next Post: བློ་བཟང་སེངྒེ་འཚོལ་སྟངས་ཤིག

Comments (21) on “བོད་ལུགས་སྨན་རྫས་རིག་པ་ལས་སྨན་གྱི་རོ་ནུས་ཞུ་རྗེས་སྐོར་ལ་རགས་ཙམ་དཔྱད་པ།”

  1. ཀརྡོ་རབ་འབྱམས་པ་ says:
    2011-01-22 at 12:20 am

    རླུང་རྡུལ་འདི། རླུང་ཡིན་ནམ་མིན། རླུང་ཡིན་ན། རླུང་རྡུལ་དང་རླུང་གི་ཁྱད་གང་གིས་འཇོག རླུང་རྡུལ་རླུང་མིན་ན། ནུས་པ་ཡིན་ནམ། གཞན་ཅིག་ཡིན།

  2. རྡོར་བྷ། says:
    2011-01-22 at 1:23 am

    ༼བསིལ་བའི་ངོ་བོ་དང་ལྡན་ཞིང་གཡོ་བའི་བདག་ཉིད་ཅན་གྱི་རྡུལ་ལ་རླུང་རྡུལ་ཞེས་ཟེར།༽ཞེས་གསལ་བོར་བསྟན་ཟིན་པ་མ་ཡིན་ནམ། རླུང་དང་རླུང་རྡུལ་ལ་ཡང་ཕྲ་རགས་ཀྱིས་ཤན་འབྱེད་ཀྱིན་པ་གསལ་བོ་རེད།

  3. ལྷ་སྡེ་གནམ་ལོ་ཡག says:
    2011-01-22 at 2:10 am

    དཔྱད་རྩོམ་འདིའི་རིགས་ཆེད་ལས་པའི་ལམ་ཕྱོགས་ཡིན་པས། མུ་མཐུད་དུ་འབད་བརྩོན་གནང་བར་རེ་བ་རྒྱག་གི་ཡིན།

  4. ཀརྡོ་རབ་འབྱམས་པ་ says:
    2011-01-22 at 5:49 am

    རྡོར་བྷ་ལགས།
    རླུང་རྡུལ་དེ། རླུང་རྡུལ་ཡིན་པ་ཁྱེད་རང་གིས་ཡང་བསྐྱར་འབྲི་མི་དགོས་པ་རྩོམ་རང་ནས་ངས་ཤེས་བྱུང་། འོན་ཀྱང་། ངའི་དྲི་བ་དེ་ནི། རླུང་རྡུལ་དེ། རླུང་ཡིན་རེད་དང་། ཡང་། གཞན་ཅིག་ཡིན་ཞེས་དྲིས་པ་ལ་ལན་ཅིག་ཡོད་ན། གསུང་རོགས་གནོངས་དང་།

  5. ཀརྡོ་རབ་འབྱམས་པ་ says:
    2011-01-22 at 6:19 am

    “ཡིན་”རེད། ཐོལ་འདུག

  6. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2011-01-22 at 8:05 am

    བཀླགས་ཏེ་བུད་སོང་། རྩོམ་མཇུག་མུ་མཐུད་ཀློག་མཁན་ཚོའི་མིག་ལམ་དུ་བསྟར་བའི་རེ་བ་ཞུ།

  7. ལས་རླུང་། says:
    2011-01-22 at 12:16 pm

    རྩོམ་ཡིག་ཆ་ཚང་བཀླག་མ་ཁོམ་ཀྱང་། ཀརྡོའི་དོགས་སློང་དེར། གཅིག་བཤད་འདོད་བྱུང་། སྨན་གཞུང་ནས་བཤད་པའི་གཟུགས་ཅན་དངོས་པོ་ཀུན་འབྱུང་བཞི་ལས་གྲུབ་པའམ་འབྱུང་བཞིའི་རང་བཞིན་ཡ་མ་བྲལ་བར་གནས་པའི་ལྟ་ཚུལ་དེའི། འབྱུང་བཞི་ནི་ནུས་པའི་རང་བཞིན་ཞིག་ལས་གཟུགས་ཅན་རགས་པའི་རྫས་སུ་མི་འདོད། འོན་ཀྱང་། བྱེ་བྲག་སྨྲ་བས་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་ཀྱང་རྡུལ་རྫས་བརྒྱད་འདུས་ཡིན་པའི་གསུང་སྟངས་བཞིན་ཡིན་མིན་ཁ་གསལ་གྱི་སྨན་གཞུང་མེད་པ་འདྲ་ཞིག་མཐོང་། མཐར་འབབ་ས་དེ་སྨན་གཞུང་གི་འབྱུང་བ་བཞིའམ་ཉེས་པ་གསུམ་གྱི་ངོ་བོ་དེ་ལྡན་མིན་འདུ་བྱེད་ལྟ་བུ་ཞིག་ལ་མ་གོ་ན་དཀའ་ངལ་ཞིག་འོང་གི་རེད་འདོད།

  8. ལས་རླུང་། says:
    2011-01-22 at 1:03 pm

    དཀར་མཚོ་སྐྱིད་འདི་བསམ་བློ་ཞིབ་ཙམ་གཏོང་ཐུབ་པའི་བོད་ལུགས་སྨན་པ་བུད་མེད་ཅིག་ཡིན་ས་རེད། མུ་མཐུད་དུ་འབྲི་རོགས་གནང་ཟེར་སྙིང་འདོད་བྱུང་།

  9. ཉང་སྐྱེས་སྣང་མཛད་རྡོ་རྗེ ། says:
    2011-01-26 at 12:05 am

    དཀར་མཚོ་སྐྱིད་ཀྱིས་སྐབས་བབས་ཀྱི་དཔྱད་དོན་ལ་དཔྱད་པ་བཏང་བ་མི་འདང་བ་དང་སྔོན་བྱོན་མཁས་དབང་དག་གི་གསུང་རྩོམ་ལས་བཤུ་འབྲི་བྱས་བ་མང་དྲག་རྐྱེན་ཀློག་པ་པོ་མི་ཉུང་བ་ཞིག་གིས་རིག་པའི་གསང་ཚིག་མང་པོ་ཞིག་གོ་མེད་པར་འདོད ། དཔེར་ན་བོད་ཀྱི་གསོ་རིག་ཆེད་གཉེར་གྱི་སྨན་པ་ལས་རླུང་ལགས་ཀྱིས་འབྱུང་བ་བཞིའམ་ཉེས་པ་གསུམ་གྱི་ངོ་བོ་དེ་ལྡན་མིན་འདུ་བྱེད་ལྟ་བུ་ཞིག་ལ་མ་གོ་ན་དཀའ་ངལ་ཞིག་འོང་གི་རེད་འདོད་གསུང་འདུག་པ་ལས་རྟོགས་ཐུབ་པ་ནི། བོད་ཀྱི་གསོ་རིག་སྨྲ་བ་མང་པོ་ཞིག་གིས་སྤྱིར་ཤེས་བྱའི་དབྱེ་བ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་པོའི་མཚན་ཉིད་ཡང་གོ་མེད་པ་ལྟ་བུའི་ཚོར་སྣང་ཞིག་སྐྱེས་བྱུང་། ལས་རླུང་ལགས། ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལ་ངེས་ཤེས་ལེགས་པོ་ཞིག་འདྲོངས་རྒྱུ་ནི་གསོ་རིག་གཞུང་ལུགས་ཀྱི་རྩ་བའི་ཆ་རྐྱེན་ཉག་གཅིག་ཏུ་འཁུམས་ལགས་པས། མཚོ་སྔོན་བོད་ལུགས་གསོ་རིག་སློབ་ཆེན་དུ་ཚེ་རིག་སྨྲ་བ་སྔགས་འཆང་རྟ་མགྲིན་རྒྱལ་མཆོག་གིས་འཇུ་མི་ཕམ་གྱི་མཁས་འཇུག་ལས་ཕུང་བོ་ལྔའི་དཀའ་འགྲེལ་རྒྱ་གཞུང་དང་བསྡུར་ནས་གསོ་རིག་ཆེད་གཉེར་བ་དག་ལ་ཁྲིད་བཞིན་ཡོད ། ཁྱེད་ཀྱིས་གསོ་རིག་གི་སྐོར་ལ་ཐོས་བསམ་གང་ནས་བྱས་བ་མི་ཤེས་མོད ། ལྡན་མིན་འདུ་བྱེད་དུ་ངོས་འཛིན་མཁན་ནི་ད་སྔ་ཁྱེད་མ་གཏོགས་ཕལ་ཆེར་ཡོད་ཀྱི་མ་རེད་སྙམ། ཉང་སྐྱེས་ངས་ནི་གཟུགས་ཡིན་པར་འདོད་དོ །གལ་ཏེ་དོགས་པ་ཡོད་ན་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་དང་ཟབ་མོ་ནང་གི་དོན་གྱི་རང་འགྲེལ་ལ་གཟིགས་དང་སེལ་བར་འགྱུར་རོ། ད་བདེ་མོ ། ལས་བྲེལ་གྱིས་འབྲི་མཚམས་འདི་ནས་འཇོག་དགོས་བྱུང་སོང་།

  10. ཀརྡོ་རབ་འབྱམས་པ་ says:
    2011-01-26 at 2:55 am

    ༡༽ ཡང་ཕྱི་ཡི་ཚན་རིག་པས་ཤེས་མི་ཐུབ་པའི་བོད་ལ་འབྱུང་བ་བཞི་ཅིག་ཡོད་དགོས་ཏེ། དེར་འགྱུར་པའི་ལྡན་མིན་འདུ་བྱེད་དེ། ཚན་རིག་པ་ལ་དེ་ཤེས་བྱེད་ཀྱི་འཕྲུལ་ཆས་མེད་པའི་ཕྱིར། ཟེར་ན་ལན་ཅི་ཡོད་དམ།
    ༢༽ འབྱུང་བ་བཞི་ཡི་རྣམ་གཞག་དེ། ནང་ཆོས་ལས་ཚན་རིག་པ་རྒྱས་བཤད་ཆེ་བ་རྩིས་མི་དགོས་སམ།
    ༣༽ ལས་རླུང་གི་རླུལ་རྡུལ་དེ། མཚན་ཉིད་རིག་པའོ་རྟོག་བཏགས་ཀྱི་གྲལ་དུ་མ་བཏང་ན་མི་ལེགས་སམ།

  11. ཀརྡོ་རབ་འབྱམས་པ་ says:
    2011-01-26 at 2:56 am

    རིག་པའོ་དེ་རིག་པའི།

  12. དཀར་མཚོ་སྐྱིད། says:
    2011-01-27 at 1:10 am

    བདག་གིས་བསམ་ཚུལ་ཞིག་བརྗོད་པར་འདོད་དེ། སྤྱིར་རླུང་རྡུལ་དང་རླུང་གཉིས་ལ་ཁྱད་པར་ཆེན་པོ་མེད་པར་འདོད་ནའང་རླུང་རྡུལ་ཞེས་བརྗོད་པའི་སྐབས་སུ་ཤིན་ཏུ་ཕྲ་བའི་རླུང་ཞིག་ཀྱང་རང་བཞིན་གྱིས་རླུང་རྡུལ་གྱི་གྲས་སུ་ཚུད་པར་གོ་བ་དང། དཔེར་ན། གཟུགས་ཀྱི་ཆུང་བའི་མཐར་ཐུག་པ་རྡུལ་ཕྲ་རབ་ཅིག་གི་ནང་དུའང་རླུང་རྡུལ་གྱི་ནུས་པ་ཞིག་ཡོད་པར་འདོད་པས་དེར་ཡང་ཞིང་གཡོ་བའི་བདག་ཉིད་ཅན་གྱི་རླུང་གི་རྡུལ་ཕྲ་རབ་ཅེས་བརྗོད་ན་མི་འགྲིག་པ་མེད་པར་བསམས། གཞན་ཡང་སྤྱིར་ཤེས་བྱ་ཡིན་ན་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་གང་རུང་ཡིན་པའི་ངེས་པ་མེད་པ་ནི་བོད་ཀྱི་གསོ་རིག་སྨྲ་བ་རྣམས་ལ་སྤྱི་མཚུངས་སུ་ཡོད་པ་དང་། ས་ཆུ་མེ་རླུང་སྟེ་འབྱུང་བ་བཞི་ནི་དངོས་པོའི་བྱེ་བྲག་གཟུགས་ཀྱི་ཕུང་བོའི་དབྱེ་བའི་ནང་དུ་བསྡུ་དགོས་ནའང་གདགས་གཞི་ཕུང་བོ་བཞིའམ་ལྔའི་ཚོགས་པ་ལ་བརྟེན་ནས་བཏགས་པའི་གང་ཟག་དེ་ལྡན་མིན་འདུ་བྱེད་དུ་འདོད་པས་དེ་ལའང་བརྟག་པ་མཛད་དགོས་པར་དོགས་པ་ཞིག་སྐྱེས་བྱུང་། ཡིན་ཡང་། བདག་ལ་མཚོན་ན་དེའི་ཞིབ་ཕྲའི་རྣམ་གཞག་གི་སྐོར་ལ་ཤེས་རྟོགས་གསལ་བོ་མེད།

  13. གཞོན་ནུ་ཟླ་མེད། says:
    2011-01-27 at 1:34 am

    དཀར་མཚོ་སྐྱིད་ཀྱི་བསམ་ཚུལ་ལ་ཞུ་དག་གཏོང་གི་ཡིན། ༼གཞན་ཡང་སྤྱིར་ཤེས་བྱ་ཡིན་ན་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་གང་རུང་ཡིན་པའི་ངེས་པ་མེད་པ་ནི་བོད་ཀྱི་གསོ་རིག་སྨྲ་བ་རྣམས་ལ་སྤྱི་མཚུངས་སུ་ཡོད་༽ འདི་ནི་གསོ་བ་རིགས་པའི་གཞུང་ལུགས་གཅིག་བུ་མ་རེད། ནམ་མཁའ་དང་། རྟག་པ་སོགས་ཡོད་ཚད་ཤེས་བྱ་ཡིན་ན་ཡང་གཟུགས་ཤེས་ལྡན་མིན་འདུ་བྱེད་གང་རུང་ཡིན་མི་དགོས། འོན་ཀྱང་དངོས་པོ་ལ་གཟུགས་ཤེས་ལྡན་མིན་འདུག་བྱེད་གང་རུང་གིས་ཁྱབ་ཟེར་དགོས།
    དེ་ནས་ཡང་༼གདགས་གཞི་ཕུང་བོ་བཞིའམ་ལྔའི་ཚོགས་པ་ལ་བརྟེན་ནས་བཏགས་པའི་གང་ཟག་དེ་ལྡན་མིན་འདུ་བྱེད་དུ་འདོད་པས་༽ འདི་ཁྱེད་རང་འཁྲུགས་པ་རེད། ལྡན་མིན་འདུ་བྱེད་ཀྱི་མཚན་ཉིད་ལ་འདི་འདྲ་བཞག་པ་གཞུང་ལུགས་གང་ན་ཡང་མེད། ད་དུང་མི་རྟག་པ་སོགས་སྲོག་དང་མི་ལྡན་པའི་ལྡན་མི་འདུ་བྱེད་རིགས་ཚང་མ་ལ་ཁྱོད་ཀྱིས་བཤད་པ་དེ་ཚང་ཡོད་པ་མ་རེད། ལྡན་མིན་འདུ་བྱེད་ལ་སྲོག་དང་ལྡན་པ་དང་། སྲོག་དང་མི་ལྡན་པའི་འདུ་བྱེད་གཉིས་ཡོད་པ་རེད། ཚོད་ཚོད་ལ་ཅིག་བཤད་པ་ཡང་ཡག་པོ་རེད། འོན་ཀྱང་མི་ཤེས་པ་དེ་ཚོ་ཐག་ཆོད་པོའི་སྒོ་ནས་བཤད་ན་ཡག་པོ་མེད།

  14. གཞོན་ནུ་ཟླ་མེད། says:
    2011-01-27 at 1:37 am

    འོ་དཀར་མཚོ་སྐྱིད་ཀྱིས་མ་རྩོམ་ཡག་པོ་བྲིས་ཡོད་ས་རེད། རྗེས་སུ་ཡི་རངས་ཡོད། མུ་མཐུད་ཚོད་ལྟ་བྱས་ནས་བྲིས་དང་རྒྱབ་སྐྱོར་ཡོད།

  15. རྡོ་རྗེ་བཀྲ་ཤིས། says:
    2011-02-01 at 1:57 am

    དཀར་མཚོ་སྐྱིད། ཁྱེད་ཀྱི་དཔྱད་རྩོམ་དེ་ཧ་ཅང་ཡག་པོ་འདུག མུ་མཐུད་དུ་བཀོད་རྒྱུ་རེ་བ་དང་ཡིད་ཆེས་ཡོད། དྲི་བ། འབྱུང་བ་ས་ཆུ་ཤས་ཆེ་བས་རོ་མངར་བ་ཀ་ར་ལྟ་བུ་འབྱུང་བའི་རྒྱྱུ་མཚན་ཞིག་གསུང་ན་ཆོག་གམ།

  16. རྡོ་རྗེ་བཀྲ་ཤིས། says:
    2011-02-01 at 2:14 am

    རྩ་རྒྱུད་ལས། ཨ་རུ་ནི་རོ་དྲུག་དང་ལྡན་པ། ནུས་བ་བརྒྱད་དང་ལྡན་པ་ཞེས་གསུངས་བ་དང་།
    བཤད་རྒྱུད་ལས། ཨ་རུ་ལན་ཚ་མ་གཏོགས་རོ་ལྔ་ལྡན་ཞེས་བ་ཇི་ལྟར་འགྲེལ་དགོས་སམ།

  17. ལས་རླུང་། says:
    2011-02-01 at 8:23 am

    ཁ་བརྡ་ཚང་ལ་ཡོང་མ་ཁོམ་པར་རྒྱུན་རིང་འགོར་བའི་དེ་རིང་།

    དྲ་བའི་གྲོགས་བཀུར་འོས་ཀརྡོ་དང་། གསར་ཕེབས་ཉང་སྐྱེས་གཉིས་ཀྱིས་ངའི་མཆན་བུར་ཐུགས་སྣང་གིས་ལན་འདེབས་གནང་འདུག་པ་མཐོང་བས་དགའ་བྱུང་།

    སྤྱིར་དངོས་པོའི་མཚན་ཉིད་དོན་བྱེད་ནུས་པ་ཡིན་པ་དང་དེ་ལ་དབྱེ་ན་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ཡོད་པ། དེ་ཡང་ཕུང་གསུམ་སེལ་བའི་གྲངས་ངེས་ཡིན་པ་བཅས་གཞིར་བཞག་ནས་བོད་ལུགས་སྨན་གཞུང་ནང་གི་ཉེས་པ་གསུམ་དང་གཅིག་ཏུ་གྱུར་བའི་ནང་གི་འབྱུང་བ་བཞིའི་ངོ་བོ་བཙལ་ཡོང་དུས། ལུས་ཀྱི་ཆ་ཤས་འབྱེད་དུ་མེད་པའི་རྡུལ་ཆུང་ཤོས་དེ་ལ་ཡང་འབྱུང་བཞི་ཡ་མ་བྲལ་བར་གནས་ཡོད་པའི་ཚུལ་རྒྱུད་བཞི་གཙོ་བོར་གྱུར་བའི་སྨན་གཞུང་ཚང་མར་གཅིག་གྱུར་དུ་ཡོད་པས་དེ་ལ་རྩོད་པ་མེད། ཡིན་ཡང་དེ་ལྟ་བུའི་འབྱུང་བཞི་དེ་གཟུགས་དང་ལྡན་འདུས་གང་ཡིན་ངོས་འཛིན་ཁ་གསལ་མེད་ལ། གཞུང་རྙིང་བ་དེ་འདྲའི་ནང་ས་དེ་ས་མིན་པ་དང་ཆུ་དེ་མིན་ཚུལ་སོགས་ཁ་གསལ་ནས་གསུངས་ཡོད། མ་ཟད་རྟེན་འབྲེལ་མཐའ་བརྒྱད་ཀྱིས་སྟོང་ཉིད་གཏན་ལ་འབེབས་པའི་སྐབས་སུ་འབྱུང་བ་དང་འབྱུང་འགྱུར་གྱི་རྣམ་བཞག་བཤད་པའི་མཚམས་དེ་ནས་འདིའི་སྐོར་གྱི་ཡིན་ཡིན་ཤག་ཤག་གིས་གྲགས་ཚོད་ཀྱི་ལྟ་ཚུལ་དེར་དོགས་པ་དང་བློ་སྒོ་གཞན་ཞིག་ཕྱེ་གི་རེད་འདོད། བྱེ་བྲག་སྨྲ་བས་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་གཏན་ལ་འབེབས་སྐབས་གཞུང་ལ་ལ་ན། བྱེ་མར་ཆུ་དང་མེར་ལྕགས་བཞིན་ཞེས་པ་ལྟར་གཟུགས་ཀྱི་ཆ་ནས་ཆེ་ཆུང་གང་ཡང་མེད་པར་ལྕགས་ལ་མེ་ཞུགས་ནས་དམར་པོར་གྱུར་བའི་སྐབས་ལྟར་ཕྱོགས་ཆ་མེད་ཀྱི་རྡུལ་ཕྲན་དེ་ཡང་རྡུལ་རྫས་བརྒྱད་འདུས་ཡིན་ཚུལ་གསུང་བ་འདིས་ཀྱང་ཉང་སྐྱེས་ལྟ་བུ་ཤེས་རློམ་གྲགས་ཚོད་ཀྱིས་གནར་བའི་རིགས་ལ་རིགས་པ་དང་གནས་ལུགས་ལྡན་པའི་ཕན་ཐོགས་འོང་སྲིད། ཚན་རིག་པས་རྫས་དང་ནུས་པ་ཐ་དད་དུ་བཤད་པའི་ཚུལ་དེ་ཡང་ང་ཚོས་སྨན་གཞུང་གི་ལུས་ཟུངས་སོགས་གཟུགས་དང་། རླུང་སོགས་ནུས་པའི་རང་བཞིན་དུ་བལྟས་ཏེ་བཤད་པར་འགལ་བར་མི་འདུག་འདོད། ཀརྡོ་ལགས། སྤྱིར་རྟོག་པས་བཏགས་ཙམ་རྐྱང་རྐྱང་ལས་ང་ཚོའི་སྤྱོད་ཡུལ་དུ་མེད་ཀྱང་། ཐ་སྙད་ཚད་མས་གནོད་པ་ཡོང་ས་ཞིག་ངས་ཀྱང་བྲིས་མེད་སྙམ།

    ད་དུང་། གཟུགས་ཡིན་ཞེས་མི་སྣ་ག་ག་མོས་ཤོད་ཀྱི་ཡོད་ཚུལ་སོགས་འུར་སྒྲོག་མི་བྱེད་པར་རིགས་པ་གོང་བསྒྲིགས་ནས་ཕྲིས་དང་། ལན་འབྲི་མ་ཤེས་ཀྱང་བཀླག་འདོད་ཡོད། ཕུང་པོ་ལྔའི་རྣམ་བཞག་སྔགས་པ་དེས་བོད་ལུགས་ཚེའི་རིག་བྱེད་པར་ཆེད་དུ་ཁྲིད་པ་དང་བྲིས་པ་སོགས་མཐོང་ཐོས་མ་བྱུང་ཡང་། ཐུབ་ཕུན་གྱི་ཟབ་མོ་ནང་གི་དོན་གྱི་འགྲེལ་བ་དེར་ཐེངས་གཉིས་མཇལ་རྒྱུ་བྱུང་ཡང་། གནད་དོན་འདིར་ཁ་གསལ་ཅན་གྱི་ཚིག་ཅིག་མཐོང་བ་མི་དྲན་གི གཅིག་བྱས་ན་ངས་བརྗེད་པའམ་དོན་མ་རྟོགས་པ་ཡིན་སྲིད། འགྲེལ་བ་བརྒྱག་སའི་གཞུང་དེ་ནི་གསང་སྔགས་ཟབ་མོ་རྫོགས་རིམ་གྱི་སྙིང་དོན་ཕྱོགས་བསྡུས་ལྟ་བུ་ཞིག་ཡིན་པས་ཚིག་དོན་ཅི་བཞིན་ཤེས་ཐུབ་པའི་རང་རློམ་གཏན་ནས་མེད། ལྷག་པར་དེང་སང་ལས་ཀའི་དགོས་དབང་གིས་ཕྱག་དཔེ་དེ་དང་ཐག་རིང་ས་ཞིག་ན་ཡོད་པས་བསྐྱར་དུ་མིག་བཤེར་བྱེད་ཐབས་མི་འདུག ཕྱིས་སུ་མུ་མཐུད་ནང་ཚགས་ཀྱི་འདུ་ཤེས་མ་བོར་བའི་ཐོག་ནས་གླེང་མོལ་བྱ་འདོད་ཡོད་ཅེས། ཉང་སྐྱེས་ལ་ལས་རླུང་ནས་ཕུལ་བ་ཡིན།

  18. ལས་རླུང་། says:
    2011-02-01 at 9:22 am

    ཨོ་་་་་ད་དུང་ཉང་སྐྱེས་ཀྱིས། (བོད་ཀྱི་གསོ་རིག་སྨྲ་བ་མང་པོ་ཞིག་གིས་སྤྱིར་ཤེས་བྱའི་དབྱེ་བ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་པོའི་མཚན་ཉིད་ཡང་གོ་མེད་པ་ལྟ་བུའི་ཚོར་སྣང་ཞིག་སྐྱེས་བྱུང་། ) ཞེས་མི་ཤེས་ཤེས་མདོག་བྱེད་ས་ནས་ལམ་འགྲོ་རྒྱུགས་མི་འདུག གང་ཡིན་ཟེར་ན། སུས་ཀྱང་སྤྱིར་ཤེས་བྱ་ལ་དབྱེ་ན་རྟག་དངོས་གཉིས་དང་། རྟག་པ་ལ། རེ་བརྟན་གཉིས་དང་། དངོས་པོ་ལ་གཟུགས་ཤེས་ལྡན་འདུས་གསུམ་བཤད་པའི་ས་བཅད་ལེན་ཚུལ་ཙམ་ཡང་མ་ཤེས་པར།( སྤྱིར་ཤེས་བྱའི་དབྱེ་བ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་པོའི་མཚན་ཉིད་ཙམ་ཡང་གོ་མེད་) ཅེས་སྨན་པ་སྤྱིའི་ལ་ཟུར་ཟ་བྱེད་པའི་ཞོར་དུ་རང་མདོག་བསྟན་འདུག

  19. ལས་རླུང་། says:
    2011-02-01 at 9:33 am

    ནོར་བཅོས།

    ཨོ་་་་་ད་དུང་ཉང་སྐྱེས་ཀྱིས། (བོད་ཀྱི་གསོ་རིག་སྨྲ་བ་མང་པོ་ཞིག་གིས་སྤྱིར་ཤེས་བྱའི་དབྱེ་བ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་པོའི་མཚན་ཉིད་ཡང་གོ་མེད་པ་ལྟ་བུའི་ཚོར་སྣང་ཞིག་སྐྱེས་བྱུང་། ) ཞེས་མི་ཤེས་ཤེས་མདོག་བྱེད་ས་ནས་ལམ་འགྲོ་རྒྱུགས་མི་འདུག གང་ཡིན་ཟེར་ན། སྤྱིར་ཤེས་བྱ་ལ་དབྱེ་ན་རྟག་དངོས་གཉིས་དང་། རྟག་པ་ལ། རེ་བརྟན་གཉིས་དང་། དངོས་པོ་ལ་གཟུགས་ཤེས་ལྡན་འདུས་གསུམ་བཤད་པའི་ས་བཅད་ལེན་ཚུལ་ཙམ་ཡང་མ་ཤེས་པར།( སྤྱིར་ཤེས་བྱའི་དབྱེ་བ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་པོའི་མཚན་ཉིད་ཙམ་ཡང་གོ་མེད་) ཅེས་སྨན་པ་སྤྱིའི་ལ་ཟུར་ཟ་བྱེད་པའི་ཞོར་དུ་རང་མདོག་བསྟན་འདུག་འ།

  20. ལས་རླུང་། says:
    2011-02-13 at 8:27 am

    དཀར་མཚོས་འབྱུང་བཞི་སྦྱོར་བའི་གར་ཞིག་ཁྲབ།།
    ལས་རླུང་ལས་ཀྱིས་དེད་ནས་ལན་ཞིག་བཏབ།།
    ཉང་སྐྱེས་ཁེངས་པའི་དབུགས་ཀྱིས་གནམ་ལ་གཏེགས།།
    ཀརྡོ་ལ་སོགས་གཟུར་གནས་ཟུར་དུ་བཞུགས།།

  21. ལྡན་མ says:
    2011-07-05 at 4:17 am

    དཀར་མཚོ་སྐྱིད་སོགས་སྨན་པ་རྣམས་ལ།
    དེང་སང་མཚན་རིག་སྨན་རྣམས་ སྲོག་ཆགས་བྱི་སྦལ་སོགས་སྡུག་སྦྱོང་ཐོག་ལས་ཞིབ་འཚོལ་འབད་ སྨན་དེ་སྤུས་དག་ཞིག་ཡིན་རློམས་པ་དང་ གསོ་རིག་གཞུང་ལས་བྱུང་བའི་སྨན་ཚང་མ་ཞིབ་འཚོལ་མེད་པའི་བཤད་པ་མང་པོ་འབྱུང་གིན་འདུག གང་ཡིན་ཟེར་ན་དེང་གི་སྐྱེ་བོ་མང་པོས་མིག་མཐོང་ལག་ཟུན་མེད་ན་སངས་རྒྱས་ཀྱི་གསུང་ལ་ཆ་གནས་མི་བྱེད་པ་རེད། དེ་ཡིན་དུས་ ནང་པའི་གསོ་རིག་སྨན་ཚང་མ་སྔོན་བྱོན་གྱི་སངས་རྒྱས་དང་རྒྱལ་བ་གོང་མ་ཚོས་ལོ་སྟོང་ཕྲག་གོང་ལས་མཛད་ཡོད་པ་དང་ ད་ལྟའི་གནས་སྟངས་ཀྱི་ཞིབ་འཚོལ་དང་མི་ལྡན་པའི་རྩོད་རྙོགས་མང་པོ་བྱེད་ཀྱིན་ཡོད་དུས་ངེད་ནི་ཁོང་ཚོར་ལན་ཞིག་ལབ་མ་ཐུབ་
    ཁྱེད་སྨན་པ་ཡོངས་ནས་ནང་པའི་གསོ་རིག་སྨན་དེ་དེང་གི་གནས་སྟངས་དང་བསྟུན་པའི་ཞིབ་འཚོལ་ལྡན་སྨན་ཡིན་ལུགས་ཀྱི་གཏམ་སྙན་ཞིག་ཤོད་ན་ཧ་ཅང་དགའ་རབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme