གཞུང་པ་ཚེ་དབང་བསོད་ནམས།
རླུང་གི་སྒོ་ང་ཆེན་པོ་ཁ་ཕྱེ་ནས་འབྱུང་བ་ལྔ་ལས་སྒྲུབ་པའི་འཇིག་རྟེན་གྱི་ས་ཆེན་པོ་འདི་ཆགས་པ་ནས་སྲོག་ཆགས་གྲངས་ལས་འདས་པ་ས་གཞི་འདིའི་སྟེང་དུ་འཚོ་བཞིན་པ་ནས་སྨྲ་ཤེས་དོན་གོ་བ་མིའི་མཚན་ཉིད་ཚང་བའི་མི་རིགས་དང་། སྐད་ཡིག རིག་གཞུང་སོགས་མི་འདྲ་བའི་ལུང་པ་མང་པོ་ཡོད་པ་ནས་བོད་དང་རྒྱ་ནག་གཉིས་ས་འབྲེལ་ཅན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཞིག་ཡིན་པ་མ་ཟད་དེ་སྔོན་བོད་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་རྒྱ་ནག་གོང་མའི་སྐབས་ནས་ཆོས་སྲིད་གཉིས་དང་ལྷག་དོན་དུ་གཉེན་སྒྲིག་གི་འབྲེལ་ལམ་སོགས་སྤྱི་ཚོགས་འཚོ་བའི་མདུན་ལམ་ལ་བཟང་ཕྱོགས་ཀྱི་ལོ་རྒྱུས་ཕུན་སུམ་ཚོགས་པ་ཡོད་པ་དང་། ངན་ཕྱོགས་ཀྱི་ལོ་རྒྱུས་ཡང་མི་ཉུང་བ་ཞིག་ཡོད་པ་ནི་མིའི་སྤྱི་ཚོགས་ཀྱི་རང་གཤིས་ཞིག་ཡིན་པ་དང་། འདོད་རྔམ་ཅན་གྱི་ཆབ་སྲིད་མི་སྣའི་ཀུན་སྤྱོད་རག་པ་ལ་བརྟེན་ནས་འཛམ་གླིང་འདིར་མིའི་བཟོས་པའི་དམག་ཆེན་ཐེངས་གཉིས་བྱུང་བའི་རྒྱལ་ཕམ་གྱི་བརྒྱུད་རིམ་ནས་རྒྱལ་ཁབ་ཆེ་བའི་རྒྱལ་ཁབ་ཆུང་བ་ལ་བཙན་གནོན་དང་། དབང་བསྒྱུར། རྒྱ་བསྐྱེད་བྱས་པའི་ལོ་རྒྱུས་ནི་བོད་ཙམ་མིན་པ་འཛམ་གླིང་གི་ལུང་པ་མང་པོའི་ནང་བྱུང་ཡོད་པ་དང་འབྱུང་བཞིན་པ་ནི་རྒྱལ་སྤྱིའི་རྒྱལ་རབས་དང་སྤྱི་ཚོགས་འཚོ་བའི་འཕེལ་རིམ་གྱི་ལོ་རྒྱུས་སོགས་ལ་དོ་སྣང་དང་ཞིབ་འཇུག་གནང་མཁན་ཡོད་ན་གསལ་པོ་ཤེས་ཐུབ་པ་དང་། སྤྱི་ལོ་ ༡༩༤༩ ལོའི་འགོ་ཙམ་ནས་བོད་ཤར་ཕྱོགས་མདོ་སྟོད་སྨད་གཉིས་ལ་རྒྱ་མིའི་བཙན་འཛུལ་བྱ་རྒྱུའི་འདོད་རྔམས་ཅན་གྱི་སྲིད་བྱུས་འགོ་བརྩམས་ཏེ་མཐར་སྤྱི་ལོ་ ༡༩༥༩ ་ལོར་བོད་ས་ཡོངས་རྫོགས་རྒྱ་མིའི་དྲག་པོའི་དབང་བསྒྱུར་འོག་ཏུ་ཚུད་ན་ཡང་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱིས་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་བོད་མིའི་བལྟ་བའི་མིག་དང་ཁོག་པའི་སྙིང་༧ སྤྱི་ནོར་༧ གོང་ས་སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གདན་རབས་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་ཁོང་གི་བཀའ་ཤག་ལྷན་རྒྱས་ཀྱི་དབུ་ཁྲིད་འོག་ཞི་བའི་མི་མང་ཁྲི་ཚོ་བརྒྱད་ལྷག་ཙམ་བཅས་རྒྱ་གར་འཕགས་པའི་ཡུལ་དུ་ཆབ་སྲིད་ཀྱི་བཙན་བྱོལ་དུ་བདེ་བར་འཁོད་ཐུབ་པ་ནི་བོད་དོན་བདེ་་མཐའ་སེལ་ཐབས་ལ་མེད་དུ་མི་རུང་བའི་ཆབ་སྲིད་ཀྱི་རེ་བ་གསར་པ་ཞིག་དང། ་མདུན་ལམ་གསལ་པོ་ཞིག ་དམིགས་ཡུལ་བརྟན་པོ་ཞིག་འཛམ་གླིང་རྒྱལ་སྤྱིའི་མདུན་དུ་ཁ་ཕྱོགས་ནས་སྐབས་དེའི་བོད་མི་བཙན་བྱོལ་བའི་གཞུང་གི་ཕྱི་འབྲེལ་འགན་འཁུར་སྐུ་ངོ་ཞ་སྒབ་པ་དབང་ཕྱུགས་བདེ་ལྡན་མཆོག་དང་། ཕྱག་རོགས་སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག ་སྐུ་ངོ་ས་འདུ་རིན་ཆེན་མཆོག་བཅས་ནས་བོད་དོན་དེ་རྒྱལ་སྤྱིའི་ཆབ་སྲིད་རྩོད་གླེང་གི་གདེང་ཆའི་སྟེང་དུ་གླེང་ནས་མཉམ་འབྲེལ་རྒྱལ་ཚོགས་ནས་སྤྱི་ལོ་ ༡༩༥༩ / ༡༩༦༡/ ༡༩༦༥ བཅས་སོ་སོར་བོད་དོན་དང་འབྲེལ་བའི་རིན་ཐང་ཅན་གྱིི་གྲོས་ཆོད་རིམ་པ་འཇོག་གནང་མཛད་པའི་རླབས་ཆེན་གྱི་བརྒྱུད་རིམ་ལ་ང་ཚོ་བོད་མིའི་ངོས་ནས་མུ་མཐུད་ནས་འཇུགས་སྐྱོང་ཐུབ་པའི་འགན་འཁུར་མ་བླང་པ་ནི་སུབ་ནས་ཟུབ་རྒྱུ་མེད་པའི་ཆབ་སྲིད་ཀྱི་ཕམ་ཁ་ཆེན་པོ་ཞིག་ཡིན་པ་དང་། ད་ཆ་བོད་དོན་འཐབ་བརྩོད་ཀྱི་ངོ་བོ་དེ་རྒྱལ་སྤྱིའི་རྒྱབ་སྐྱོར་གྱི་བརྒྱུད་ལམ་ནས་གནས་ཡུལ་ལུང་པ་སོ་སོའི་ལམ་ཆེན་གྱི་གཡས་གཡོན་དུ་ཁ་ཕྱོགས་ནས་ཚོགས་པ་སྐྱིད་སྡུག་གི་སྣེ་ཁྲིད་འོག་ཆོ་ག་ཕྱག་ལེན་ལྟབུའི་ངོ་རྒོལ་སྐད་འབོད་ལས་འགུལ་མི་ལོ་དྲུ་ཅུ་ལྷག་ཙམ་འགྲོ་བཞིན་ཡོད་ན་ཡང་བོད་རྒྱའི་དཀའ་རྙོགས་སེལ་རྒྱུའི་ཆབ་སྲིད་ཀྱི་ཐབས་ལམ་བཟང་ཤོས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱབ་སྐྱོར་བརྒྱུད་ནས་འགྲོ་དགོས་པའི་ཐབས་ལམ་དེ་ང་ཚོ་བོད་མི་རང་ཉིད་ནས་འཇུགས་སྐྱོང་མ་ཐུབ་པ་འདིའི་འགན་ཡང་ང་ཚོ་བོད་མི་རང་ཉིད་ལ་ཡོད་པ་ལས་སུ་གང་ལའང་ཁག་དཀྲི་དང་ངན་ཁག་གཡོགས་ས་མེད་པ་དང་། གཉིས་པ་བོད་རྒྱ་གཉིས་གྲོས་མོལ་གྱི་བརྒྱུད་ནས་ཆབ་སྲིད་ཀྱི་དཀའ་རྙོགས་སེལ་རྒྱུའི་ལས་རིམ་འགྲོ་བཞིན་པ་ནས་ཚིག་རྩུབ་དང་ཟུར་ཟ། དམའ་འབེབས་དང་མཐོང་ཆུང་། ཁྱད་སོད་དང་སྐྱོན་བརྗོད་སོགས་ལ་འགན་འཁུར་ནས་རྒྱལ་སྤྱིའི་ནང་ཁ་དམག་རྒྱབ་ཐུབ་པ་ཙམ་གྱི་བོད་རྒྱའི་དཀའ་རྙོགས་དུས་ནམ་ཡང་སེལ་མི་ཐུབ་པ་དེ་ཡང་བོད་རྒྱ་གཉིས་ཀྱི་འགོ་ཁྲིད་ཚོའི་མཁྱེན་དགོས་པ་དང་། འདས་པའི་མི་ལོ་དྲུག་ཅུ་ལྷག་ཙམ་རིང་གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་རྣམས་ནས་གོ་སྐབས་ནམ་ཐོབ་དང་དུས་ཚོད་ནམ་བྱུང་ལ་བོད་དོན་བདེན་མཐའ་སེལ་ཐབས་ལ་ཕན་པའི་ལས་འགུལ་ཁག་ལ་ནམ་ཡང་ལྷོད་གཡེངས་དང་ངལ་བསུ་རྒྱབ་མེད་པ་ནས་བོད་མི་རིགས་ཀྱི་སྙིང་སྟོབས་ཀྱི་ནུས་པ་དང་ཆོད་སེམས་ཀྱི་འགན་འཁུར་བཅས་འཛམ་གླིང་མི་མང་གི་བདེན་དཔང་དུ་ཕུལ་ཡོད་པ་དང་། ལོ་རབས་བརྒྱད་བཅུའི་ནང་རྒྱ་ནག་གི་འགོ་ཁྲིད་ཏིང་ཞ་འོ་ཕིང་གིས་བོད་རྒྱའི་དཀའ་རྙོགས་སེལ་རྒྱུའི་ཆབ་སྲིད་ཀྱི་གཏམ་བོད་རང་བཙན་མ་ཡིན་པའི་གནས་དོན་ག་འདྲ་ཞིག་ཡིན་ཀྱང་ང་ཚོ་མ་འགྲིག་པ་ཡོང་གི་མ་རེད་ཟེར་བའི་བོད་རྒྱའི་འབྲེལ་ལམ་ལ་མཁོ་བའི་ཆབ་སྲིད་ཀྱི་འཕྲིན་དེ་བོད་རྒྱའི་ཕོ་ཉ་སྐུ་ངོ་རྒྱལ་ལོ་དོན་གྲུབ་བརྒྱུད་ནས་རྡ་སར་འབྱོར་ན་ཡང་ང་ཚོའི་ངོས་ནས་ཆབ་སྲིད་ཀྱི་གོ་སྐབས་ལ་དུས་ཐོག་བརྡ་ལན་སྤྲོད་རྒྱུའི་འགན་འཁུར་བླང་མ་ཐུབ་པ་ནི་རྒྱལ་ཁབ་ཞིག་དང་མི་རིགས་ཞིག་གི་ཕུགས་རྒྱང་རིང་པོའི་སྤྱི་ཚོགས་འཚོ་བའི་མདུན་ལམ་ལ་བསམ་ཞིབ་མ་ཐུབ་ནས་ཕམ་ཁ་ཆེན་པོ་ཞིག་ང་ཚོའི་དང་དུ་བླང་པ་མ་རེད་དམ། དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་མང་པོའི་དབུ་ཁྲིད་རྣམས་ནས་རང་རྒྱལ་གཞན་ཕམ་གྱི་བསམ་བློ་རག་པ་དོར་ནས་གླིང་ཆེན་འདིར་ཞི་བདེ་ཡུན་གནས་དང་འཁོར་ཡུག་སྲུང་སྐྱོབས་སོགས་གོ་ལ་གཅིག་བསྒྱུར་ལ་ངོས་འཛིན་གནང་ནས་ཆེ་ས་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ་དང་རང་དབང་། དྲང་བདེན་དང་འདྲ་མཉམ་ཟེར་བའི་སྲིད་བྱུས་ལ་གཞི་བཅོལ་ནས་དཔལ་འབྱོར་དང་། འཛུགས་བསྐྲུན། འཕྲོད་བསྟེན་དང་ཤེས་ཡོན། འཁོར་ཡུག་སྲུང་སྐྱོབས་སོགས་ལ་མཉམ་རུབ་ཀྱི་ནུས་པ་འདོན་བཞིན་པའི་དུས་སྐབས་བཟང་པོ་འདིར་བོད་རྒྱ་གཉིས་འཇིག་རྟེན་སྲིད་པ་ཆགས་པ་ནས་ས་འབྲེལ་ཅན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཞིག་ཡིན་པ་མ་ཟད་ཆོས་དང་རིག་གཞུང་སྤྱི་ཚོགས་སོགས་ལ་དོན་སྙིང་ལྡན་པའི་འདས་པའི་ལོ་རྒྱུས་ལ་འགན་འཁུར་ནས་ད་ལྟའི་འཕྲད་བཞིན་པའི་མིའི་བཟོས་པའི་དཀའ་རྙོགས་དེ་དག་མི་གི་ནུས་པས་སེལ་དགོས་པ་དེ་མ་འོངས་བོད་རྒྱ་མི་རིགས་གཉིས་ཀྱིས་བུ་རབས་མི་བརྒྱུད་ཚ་བོ་ཚ་མོ་དང་བཅས་པའི་མི་ཚེའི་མདུན་ལམ་ལ་འགན་འཁུར་ནས་བདེ་སྐྱིད་ཀྱི་འཚོ་བ་ལ་ལུས་སེམས་འཚོ་ཐུབ་པའི་ཆབ་སྲིད་ཀྱི་འགན་དེ་ད་ལྟའི་བོད་རྒྱའི་འགོ་ཁྲིད་རྣམ་པའི་ཕྱག་ཏུ་ཡོད་པ་ལས་ཞི་བའི་མི་མང་ལ་དུས་ནམ་ཡང་ཁག་དཀྲི་དང་ཉེས་པ་ནམ་ཡང་འགེལ་མི་ཉན་པ་དང་། རྒྱ་མིའི་ངོས་ནས་བོད་ནང་སྤྱི་ཚོགས་ཀྱི་འཚོ་བ་དང་འབྲེལ་བའི་དོན་རྐྱེན་ཚང་མ་རྒྱལ་ཁབ་དང་མི་རིགས་ཀྱི་ཆབ་སྲིད་ལ་ཁ་བསྒྱུར་ནས་ཞི་བའི་བོད་མི་ཉམས་ཆུང་ཐོག་ཁྲིམས་འགལ་གྱི་རྒྱག་བསྡུང་དང་། མནར་གཅོད། བརྩོན་འཇུགས། སྲོག་ཐོག་སོགས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་ངན་པ་འཛམ་གླིང་མི་མང་གི་མདུན་དུ་དངོས་སུ་ལག་བསྟར་བྱེད་བཞིན་པའི་རྒྱ་ནག་གི་སྤྱི་ཚོགས་བདེ་འཇགས་ཀྱི་ནང་སྲིད་ལ་བསྐྱར་ཞིབ་ནན་པོ་གནང་ནས་འཛམ་གླིང་མཉམ་བྲེལ་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་ཞུ་དགོས་པ་དེ་རྒྱ་ནག་རྒྱལ་ཁབ་འདི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གདན་གྲལ་དུ་ཡོད་པའི་ཚོགས་མིའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཀྱི་རྒྱལ་སྲུང་ཕྱི་འབྲེལ་སྲིད་བྱུས་བསྒྲགས་གཏམ་འཇིགས་བསྐུལ་རིང་ལུགས་ཟེར་བའི་འཆར་སྣང་ལྟ་བུའི་རྗེས་སུ་འབྲངས་ནས་་གཟུགས་མེད་གྲིབ་གཡོགས་འོག་བོད་མིར་འཛིན་པའི་ཁ་བྲལ་དང་། འཇིགས་བསྐུལ་རིང་ལུགས་དྲག་སྤྱོད་སོགས་ཟེར་བའི་འཆར་ཅན་གྱི་ཆབ་སྲིད་དྲིལ་བསྒྲགས་རྒྱལ་སྤྱིའི་ནང་སྤེལ་བཞིན་པའི་གཡོན་ཐལ་ཅན་གྱི་རྒྱ་ནག་གི་ཕྱི་འབྲེལ་སྲིད་བྱུས་དེ་དག་ད་ནས་མཚམས་བཞག་ནས་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུ་འུ་ཅིན་ཐོ་ཡི་གཏམ་འཆམ་མཐུན་གྱི་སྤྱི་ཚོགས་ཟེར་བའི་མི་རིགས་མཐུན་སྒྲིལ་གྱི་སྲིད་བྱུས་ལ་འཇུགས་གནོན་དང་འགན་འཁུར་ནན་པོ་གནང་ནས་གུ་ཡངས་ཀྱི་བསམ་བློ་དང་སྤྲོད་ལེན་གྱིས་སྲིད་བྱུས་བརྒྱུད་ནས་བོད་རྒྱའི་ཆབ་སྲིད་ཀྱི་དཀའ་རྙོགས་མྱུར་དུ་སེལ་དགོས་པའི་སླབ་བྱ་ནན་པོ་ཞུ་འདོད་བྱུང་ལ་རང་རེ་བོད་མིའི་ངོས་ནས་མི་ལོ་དྲུག་ཅུ་ལྷག་ཙམ་མི་ཡུལ་དུ་བསྡད་ནས་དུས་ཚོད་ནམ་བྱུང་དང་སྒོ་སྐབས་ནམ་ཐོབ་ལ་ཆོ་ག་ཕྱག་ལེན་ལྟ་བུའི་འཆར་ཅན་གྱི་རྣམ་པ་གསལ་པོ་ཡོད་པའི་གླུ་བརྒྱ་ངག་གཅིག་གིས་ལས་འགུལ་ལ་དུས་ཚོད་འདའ་རུ་མ་བཅུག་པར་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡིད་ཆེས་དང་ངེས་པ་བརྟན་པོ་བརྙེད་ནས་རྒྱབ་བསྐྱོར་ཞུ་དགོས་པ་དེ་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་འཁོད་པའི་བོད་ཀྱི་ཡུལ་མིའི་ལས་འགན་བླ་ན་མེད་པ་དེ་ཡིན་པ་མ་ཟད་བོད་རྒྱ་ས་འབྲེལ་གྱི་གནས་བབས་ལ་ཕུགས་རྒྱང་རིང་པོའི་རྒྱལ་འབྲེལ་ཆབ་སྲིད་ལ་འགན་འཁུར་ནས་༧ གོང་ས་མཆོག་གི་སྐུ་དུས་འདིར་བོད་རྒྱའི་དཀའ་རྙོགས་སེལ་ཐུབ་པའི་འགན་འཁུར་དང་ཆོད་སེམས་བློ་སྟོབས་བསྐྱེད་དགོས་པ་ལས་འདས་པའི་མི་ལོ་དྲུག་ཅུ་ལྷག་ཙམ་རིང་རྒྱ་མིའི་ངོས་ནས་ཁ་བྲལ་དང་། ཡུལ་རྒྱར། འཇིགས་བསྐུལ་རིང་ལུགས་སོགས་ཟེར་བའི་ཚིག་རྩུབ་དང་ཟུར་ཟའི་ཐ་སྙད་ལ་འགན་འཁུར་ནས་རྒྱལ་སྤྱིའི་ནང་མ་བདེན་རྫུན་སྒྲིག་གི་དཀྲོགས་གཏམ་ཆེད་དུ་སྤེལ་བཞིན་པ་དང་། བོད་མིའི་ངོས་ནས་རང་བཙན་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་། མང་གཙོ། འཁོར་ཡུག་སོགས་ལ་འགན་འཁུར་ནས་ཆོ་ག་ཕྱག་ལེན་གྱི་རྣམ་གསལ་པོ་ཡོད་པའི་འཆར་ཅན་ལྟ་བུའི་ངོ་རྒོལ་ལས་འགུལ་ལ་དུས་ཚོད་གཏོང་བཞིན་པ་བཅས་གོང་གསལ་བོད་རྒྱའི་ཆབ་སྲིད་འཕེལ་རིམ་གྱི་གནས་བབས་ལ་ཞིབ་ཏུ་དཔྱད་སྐབས་བོད་རྒྱའི་དཀའ་རྙོགས་སེལ་རྒྱུའི་མཐུན་རྐྱེན་དུ་ནམ་ཡང་སྦྱོར་མི་ཐུབ་པ་བོད་རྒྱའི་འབྲེལ་ལམ་གྱི་འཁོར་ཡུག་ལ་འགལ་རྐྱེན་དུ་འགྲོ་སྲིད་པས་ས་འབྲེལ་ཅན་གྱི་བོད་རྒྱ་མི་རིགས་གཉིས་བར་ཚིག་རྩུབ་དང་། དམའ་འབེབས། མཐོང་ཆུང་སོགས་ཀྱི་བརྒྱུད་ནས་མི་རིགས་འཆམ་མཐུན་དུས་ནམ་ཡང་བསྐྲུན་མི་ཐུབ་ན་དབུ་མའི་ལམ་གྱིས་དགོས་འདུན་ངོ་མ། ༼ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཆོལ་གསུམ་བོད་རིགས་ཡོངས་རྫོགས་གཅིག་ཏུ་སྒྲིལ་བའི་རང་སྲིད་རང་སྐྱོང་མིང་དོན་མཚུངས་པ་ཞིག་གི་དགོས་འདུན་སྟོན་པ། ༽ འདི་ཡང་གྲོས་མཐུན་དོན་ཚན་བཅུ་བདུན་ནང་གསལ་བའི་བོད་ས་གནས་སྲིད་གཞུང་ཟེར་བའི་འབྲུ་དོན་དང་མཐུན་པ་ཞིག་ཀྱང་ཡིན་ན་ད་ལྟའི་རྒྱ་ནག་གི་འགོ་ཁྲིད་ཚོའི་གོ་བརྡ་མ་འཕྲོད་པར་གོ་སྐབས་བཟང་པོ་ནམ་ཡང་ཤོར་མི་ཉན་པའི་ཁ་བརྡ་སློབ་གསོ་བྱེད་འདོད་བྱུང་ལ་བོད་ནང་སྤྱི་ཚོགས་ཀྱི་འཚོ་བ་དང་འབྲེལ་བའི་དོན་རྐྱེན་ག་འདྲ་ཞིག་ཡིན་ཀྱང་བོད་རྒྱ་གཉིས་ཀྱི་འགོ་ཁྲིད་རྣམས་ནས་ཞིབ་འཇུགས་ནན་པོ་གནང་དགོས་པ་ལས་མི་ལོ་དྲུག་ཅུ་ལྷག་ཙམ་རིང་འཆར་ཅན་གྱི་སྐྱོན་བརྗོད་དང་། རྒྱག་སྡུང་། མནར་གཅོད། བརྩོན་འཇུག སྲོག་ཐོག་སོགས་མ་ཉེས་ཁ་གཡོགས་ཀྱི་སྲིད་བྱུས་ཞི་བའི་བོད་ཀྱི་ཡུལ་མིའི་ཐོག་ནམ་ཡང་སླར་གསོ་བྱ་མི་ཉན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་ཏུ་གསལ་བསྒྲགས་གནང་བའི་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་ལ་བརྩི་བཀུར་དང་། ཡིད་ཆེས། ཆེ་མཐོང་ཞུ་དགོས་པ་དེ་རྒྱ་ནག་རྒྱལ་ཁབ་འདི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གདན་གྲལ་དུ་ཡོད་པའི་ཚོགས་མིའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་མ་ཟད་རྒྱལ་ཚོགས་ཀྱིས་བདེ་འཇགས་ཚོགས་ཆུང་གི་ཚོགས་མིའི་རྒྱལ་ཁབ་ཞིག་ཀྱང་ཡིན་པ་དང་། ་བོད་མིའི་ངོས་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་འཁོར་ཡུག་སྲུང་སྐྱོབས་སོགས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ནང་དུ་གསལ་བའི་ཞི་བའི་མི་མང་གི་ཐོབ་ཐང་ཁག་ལ་འགན་འཁུར་ནས་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་དང་མཐུན་པའི་ཞི་བའི་བདེ་སྡུག་གི་ལས་འགུལ་སྤེལ་དགོས་པ་དེ་མང་གཙོའི་རྒྱལ་ཁབ་སྤྱིའི་ལམ་ལུགས་ཞིག་ཡིན་པ་མ་ཟད་ཡུལ་མིའི་ལས་འགན་ཞིག་ཀྱང་ཡིན། ནང་པ་སངས་རྒྱས་པའི་དམ་པའི་ཆོས་ཐེག་ཆེན་ལ་ཉམས་ལེན་ཞུ་མཁན་གྱི་མི་རིགས་ཞིག་གི་ངོས་ནས་བལྟས་ན་འཚེ་བའི་ལས་འགུལ་ནམ་ཡང་སྤེལ་མི་ཉན་པ་དེ་ཆོས་ཕྱོགས་ནས་བཤད་ན་འཚེ་བའི་ལས་ནི་འདི་ཕྱི་གཉིས་མེད་སྙིང་རྗེ་སྐྱེ་བའི་ཡུལ་ལས་མ་འདས་པ་དང་། སྲིད་ཕྱོགས་ནས་བལྟས་ན་འཚེ་བའི་ལས་ནི་རང་མེད་རོགས་མེད་རང་གཞན་གཉིས་ཕུང་གི་བྱ་བ་ཐ་ཤལ་ཞིག་ལ་ངོས་འཛིན་དང་བཅས་བོད་རྒྱའི་འབྲེལ་ལམ་གྱི་འཁོར་ཡུག་ལ་ལ་དཔྱད་གཏམ་འདི་བཞིན་རྒྱལ་ཁབ་དང་མི་རིགས་ཀྱིས་ཆབ་སྲིད་ལ་འགན་འཁུར་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་པ་འདིའི་ཀྱང་བོད་རྒྱའི་འབྲེལ་ལམ་གྱི་འཁོར་ཡུག་ལ་བཅུད་ལེན་ཐུབ་པའི་ཆབ་སྲིད་ཀྱི་ལམ་སྟོན་དུ་སྨིན་པའི་བསྔོ་བ་མང་ཙམ་བགྱིས་ཆོག
༑ གཞུང་པ་ལགས་ནས་དགོངས་ཚུལ་ཟབ་པོ་མཉམ་ནན་པོའང་གནང་འདུག་པར་ཡིད་སྨོན་ཡོད། ཡིན་ཀྱང་ང་རང་གིས་གོ་ཤེས་མ་ཐུབ་པའམ་དེ་མིན་རང་དམ་འཛིན་སྐྱོན་ནམ་གང་ལྟར་གནས་དོན་འགའ་རེས་སུ་བསམ་ཚུལ་ཞུ་འདོད་ཅིག་བྱུང་བ་ནས།
༡། ཕྲུག་གུ་ངུ་ས་ཕ་མ་ལྟར་རྒྱལ་ཁབ་ཀྱི་སྡུག་གནད་དེ་ལོ་གསུམ་རིང་མཉམ་སྦྲེལ་ཚོགས་སུ་རང་གཞུང་ནས་འབོད་སྐུ་ཞུས་རེད། དེ་སྐབས་སུའང་རྒྱལ་ཁབ་གཞན་མང་པོས་མོས་མཐུན་ལས་གྲོས་མཆོད་བཞག་པ་ལས་བོད་པའི་ཞུས་པ་ཙམ་ལས་ཕལ་ཆེར་མིན། དེ་ནས་དཀའ་སེལ་མེད་པ་དང་ད་ཆ་བོད་རིག་མང་པོ་ཞིག་སྐྱབས་བཅོལ་གནད་ལས་ཡུལ་དེའི་མི་སེར་ཡང་ཡིན་པའི་གོ་ཕན་ལས་ཆར་པ་ཆུ་གྲོགས་ལྟར་གནས་ཡུལ་རྒྱལ་ཁབ་ཨ་རི་ལྟ་བུའི་མཉམ་སྦྲེལ་རྒྱལ་ཚོགས་ནང་བོད་དོན་དུ་གླེང་གློང་ཡོང་བའི་རང་གཞུང་དང་བོད་མི་སྤྱི། ལྷག་དོན་བོད་མི་ཨ་རི་མི་སེར་ཡིན་པ་ནས་ཁྲིམས་ཀྱི་ཐོབ་ཐང་བེད་སྤྱད་ནས་ཞུས་པ་སོགས་ཡོད། འདི་རྣམས་རྩ་བ་བཞག་ནས་ཡལ་ག་སོགས་སུ་འཆང་བ་མིན་པར་རྩ་བ་སྲ་བརྟན་དུ་ཡལ་ག་སོགས་སུ་བཅོས་བསྒྲིགས་ཞུས་མ་རེད་དམ།
༢། རང་བཙན་མིན་པའི་དེ་མིནགནས་དོན་སྐོར་རྒྱ་ནག་གཞུང་ནས་བསམ་ཚུལ་བྱུང་བ་ལྟར་ལན་དུས་མཚམས་ནང་ཞུས་པ་ལས་འཕར་རྒྱང་གིས་གནོད་ཅིག་བྱུང་བ་ད་བར་ཤེས་མ་སོང་། རྒྱལ་ཁབ་ཅིག་གིས་གནད་དོན་ལ་སོང་ད་རིང་གོ་བ་དང་ཉིན་ཤས་ནང་ལན་ཞིག་རྒྱའི་ཕྱོགས་ནས་ཀྱང་རེ་བསམ་མེད་ཤས་ལ་གལ་སྲིད་གནང་རྒྱུའི་གྲ་སྒྲིག་ཡོད་ནའང་གནང་ན་དགེ་བ་ངས་མི་བསམ། ༧གོང་ས་མཆོག་ནས་གནས་དོན་དེ་འདྲ་ཞིག་ཡོང་ཚུལ་གཟིགས་ནས་གཞུང་གི་གོང་རིན་མི་སྣའི་མཉམ་ནང་མོལ་ཞིག་ལོ་ཤས་སྔོན་གནང་ཟིན་ནས་གྲ་སྒྲིག་ཤིག་གནང་ཡོད་པ་མཁྱེན་རེ། མཐའ་བསྡོམས་ན་རང་བཙན་མིན་པའི་གནས་དོན་གྱི་རྒྱའི་བསམ་ཞིབ་ཏུ་འགོག་རྐྱེན་དེའང་རྒྱ་རང་ལས་གཞན་བོད་པར་མེད་དོ།
༣། ཆོ་ག་ཕྱག་ལེན་གྱི་རྣམ་པ་གསལ་པོ་ཡོད་པའི་འཆར་ཅན་ལྟ་བུའི་ངོ་རྒོལ་ལས་འགུལ་ལ་དུས་ཚོད་གཏོང་གནས་དེ་ཉིད་ཀྱི་གཟིགས་ཚུལ་ཡིན་ནའང་ལས་འགུལ་དེར་འཇུག་པ་པོས་ཆོ་ག་ཕྱག་ལེན་ཞུ་ཡི་མེད། དེ་རྣམས་ཡིད་གདུང་དང་བོད་མི་ང་ཚོར་ཡོད་པའི་ལག་ཆ་གཙོ་བོ་དེ་ཡིན། ལམ་དེ་ལས་སྤྱིར་འཛམ་གླིང་དང་བགོས་སུ་རྒྱ་ནག་གཞུང་ནས་བོད་ཀྱི་གནས་ཚུལ་བསམ་ཞིབ་ལ་དོན་དངོས་ཀྱིས་ཕན་ཐོག་ཆེན་པོ་བྱུང་ཡོད་པ་ག་ནས་ཞུ་དགོས།
མཐར་བསྡོམས་སུ་ལམ་དབུ་མ་དེ་ད་བར་གྱི་བོད་པ་ང་ཚོའམ་དམངས་ཀྱི་ལངས་ཕྱོགས་དེ་རེད། ཡིན་ཀྱང་རྒྱ་ཕྱོགས་ནས་དོན་དངོས་ཀྱི་བསམ་གྲོས་ཤིག་གནང་མེད། སྒུག་རྒྱུའི་ངང་བརྒྱུད་ཤིག་བོད་པར་ཡོད་ནའང་རྒྱ་ནས་གཉིས་ཕན་ནམ་བོད་མིར་ཕན་ལན་ཞིག་དྭང་བས་ཁག་པོ་མིན་ནམ་བསམ། དེར་སོང་ང་ཚོར་ཡོད་པའི་ཐབས་བྱུས་ཁག་དང་མི་དམངས་ཁ་ཡོད་ལག་ཡོད་ཀྱི་བདེན་སྐད་འབོད་རྒྱུ་ལས་གཞན་ཅི་འདུག་གམ་མིན་འདུག་ལགས། ཡིད་སྐྱོ་བ་དང་ཐབས་སྡུག་པ་ཞིག་ལ་རང་བཙན་དང་དབུ་ལམ་པ་མང་པོས་འོད་མེད་གྲིབ་ནག་ཕོག་ནས་སྐད་འབོད་ཞུ་མཁན་ཉུང་ནས་ཉུང་དུ་འགྲོ་བཞིན་འདུག དམངས་ཀྱི་གདུང་འབོད་མེད་ན་རྒྱ་སྐྱིད། རྣ་ཡངས་། དབུ་མ་པ་དང་རང་བཙན་གཉིས་ལ་ཕ་རི་ལྕི་བ་མེད། ཚུ་རི་སླེ་བོ་མེད་པའི་གནས་སུ་གྱར་མི་ཉེ་བསམ། དེ་མིན་གྱི་ལམ་ཞིག་མེད་པ་མ་རེད་ཡོད་དགོས་པ་དང་ད་ལམ་ལས་བཟང་བ་ཞིག་ཡོད་ན་སྟོན་དང་། ངས་ནི་སྒོ་ནང་ནས་རྒྱབ་ཁག་ཕྱི་ལ་གཡོག་མཁན་དུ་མ་མཐོང་གི་འདུག བདེན་པ་ཉིད་རྣམ་པར་རྒྱལ་ཐབས་སུ་དགོངས་སུ་གསོལ།།