Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རྒྱ་འབྲེལ་མོལ་གྱིས་སྒུག་པའི་བཀའ་ཤག

Posted on 2013-08-06 By ཁ་བརྡ་ 10 Comments on བོད་རྒྱ་འབྲེལ་མོལ་གྱིས་སྒུག་པའི་བཀའ་ཤག

འབྲོང་རུ་དམར།

དཔལ་ལྡན་བཀའ་ཤག་སྐབས་བཅུ་བཞི་པས་འབྲེལ་མོལ་རྒྱུན་མཐུད་ཡོང་ཐབས་ལ་འབད་བརྩོན་བྱེད་བཞིན་པའི་རྣམ་འགྱུར་ཐེངས་དུ་མར་བསྟན་པ་ལྟར། དུས་ནམ་ཞིག་ཡུལ་གང་དུ་འབྲེལ་མོལ་ཞུ་དགོས་བྱུང་ཡང་གྲ་སྒྲིག་ཨང་གསར་ཡོད་པ་ཡོངས་བསྒྲགས་གསུངས་ཟིན་པ་རེད། འོན་ཀྱང་། འབྲེལ་མོལ་དངོས་གནས་གནང་འདོད་ཡོད་མེད་ད་ལྟ་ད་དུང་གསལ་ཁ་མེད་པའི་གནས་སྟངས་འོག་ལྷག་ཡོད་པ་དང་། བཀའ་ཤག་སྐབས་སྔོན་མས་ལོ་རྒྱུས་ལྡན་པའི་རྒྱ་བོད་འབྲེལ་བ་ཁམས་དྭངས་༼ ལོ་རྒྱུས་ནང་གི་རྒྱ་བོད་འབྲེལ་ལམ་མཐའ་དག་དང་བསྡུར་ནས་བཤད། རྩོམ་པ་པོའི་མཆན། ༽ ཤིག་ ༢༠༠༢ ནས་ ༢༠༡༠ བར་བསྐྱར་གསོ་བྱས་པའི་ལེའུ་གསར་པ་དེའི་མཇུག་ཏུའང་། རྒྱ་ནག་གཞུང་ཕྱོགས་ནས་འབྲེལ་མོལ་གནང་འདོད་མེད་པ་དང་གནད་དོན་གང་རུང་ལ་བརྟེན་ནས་འབྲེལ་མོལ་རྩ་ཆད་ཟིན་པའི་ངོས་འཛིན་གང་ཡང་བྱས་མེད་ཁར། དེ་ལས་ལྡོག་སྟེ་བོད་རྒྱ་འབྲེལ་མོལ་གྱི་སྒོ་ཆེན་ནམ་ཡང་ཕྱེ་ཡོད་པ་རྒྱུན་འཁྱོངས་གནང་ཡོད། རང་སྲེག་གི་བོད་ཀྱི་ལོ་ངོ་འདི་དག་གི་རིང་ལ་ཕྱོགས་གཉིས་ནས་དེ་བསྟུན་གྱི་སྲིད་བྱུས་དང་རྣམ་འགྱུར། གསལ་བསྒྲགས་སྣ་ཚོགས་སྤེལ་ཡང་། བོད་རྒྱ་འབྲེལ་མོལ་གནང་འདོད་ཡོད་པ་ནི་རེ་བ་ཐམས་ཅད་ཀྱི་རྩེ་གྲས་ལྟ་བུར་གླེང་བ་རེད།

འོན་ཀྱང་དཔལ་ལྡན་བཀའ་ཤག་སྐབས་བཅུ་བཞི་པས་བོད་རྒྱ་འབྲེལ་མོལ་གནང་འདོད་ཡོད་པའི་རྣམ་འགྱུར་བསྟན་པ་ཙམ་ལས། བོད་རྒྱ་འབྲེལ་མོལ་ཅི་ཞིག་ཡིན་པ་དང་ཅི་ལྟར་བྱེད་དགོས། བོད་རྒྱ་འབྲེལ་མོལ་མིན་པའི་ལམ་ཁ་གཞན་མེད་པའི་གལ་གནད་རང་བཞིན། དེ་བཞིན་བོད་རྒྱ་འབྲེལ་མོལ་ཡོང་བ་ལ་རང་ཕྱོགས་ཀྱི་སུས་ཀྱང་བསྒྱུར་ཏུ་མི་བཏུབ་པའི་གནས་སྟངས་མཐའ་དག་མི་མང་ནང་སྔོག་འདོན་གསལ་བཟོ་བྱེད་རྒྱུ་གལ་ཆེར་བཟུང་མེད་ལ། བཙན་བྱོལ་སྒྲིག་འཛུགས་སམ་ཡང་ན་དེའི་སྣེ་མོའི་མཉམ་གནམ་འོག་འདིར་འབྲེལ་མོལ་ཡོང་གཞི་གཏན་ནས་མེད་པ་ཀུན་གསལ་ཡིན་པ་ཤེས་བཞིན་དུ། འབྲེལ་མོལ་ཐབས་འཚོལ་གྱི་རྒྱུད་ལམ་དང་དེའི་མཇུག་འབྲས། འབྲེལ་མོལ་གནང་མཁན་གྱི་སྐུ་ཚབ་བསྐོ་བཞག འབྲེལ་མོལ་གནང་གཞི་རྩ་དོན་ཐད་ནན་བརྗོད་དང་ཕྱོགས་སྟོན། ཡང་ན་ཁ་གསལ་གང་ཡང་བྱས་མེད་པས། བོད་རྒྱ་འབྲེལ་མོལ་ལ་ཕྱོགས་གཉིས་ཀྱི་ཤེས་ཡོན་ཅན་དང་། མི་མང་ནང་རེ་བ་ཇེ་ཆུང་དང་འཐོམ་གཞིའི་གནས་ཚུལ་ཞིག་ཆགས་འགྲོ་ཉེན་ཡོད།
སྐབས་བཅོ་ལྔའི་སྤྱི་ལྷན་ཚོགས་དུས་རེ་འགར་གོང་གི་གནད་དོན་ཐད་སྐར་རྟགས་ཅན་གྱི་དྲི་བ་རིམ་བསྟུད་དུ་ཞུས་ཡོད་ཀྱང་། དྲི་བའི་ནང་དོན་མ་མཁྱེན་པའི་ཚུལ་གྱིས་དྲིས་ལན་དྲི་བ་དང་འགལ་ཟླར་ཕྱིན་པ་སྣ་ཚོགས་ཐོན་པ་མ་ཟད། ངོས་གཞན་ནས་དེ་དག་གོ་སྐབས་ལྟ་བུར་ངོས་འཛིན་གྱིས་སྤྱི་འཐུས་ཀརྨ་ཆོས་འཕེལ་སོགས་རང་བཙན་ཞལ་ནས་གསུང་མཁན་ཚོས་སྒེར་དང་སྒྲིག་འཛུགས་ཀྱི་རྣམ་པ་ཅི་རིགས་ནས། སྲིད་སྐྱོང་གསར་པར་བསྟོད་བསྔགས་དང་། དབུ་མའི་ལམ་དང་དེའི་འདྲེན་པ་ཚོར་གཞི་མེད་སྐད་ཆ་བཀྲམ་མགོ་བརྩམས་པས། རྒྱ་བོད་ཕྱོགས་གཉིས་ནས་དཔལ་ལྡན་བཀའ་ཤག་གི་”གོ་སྐབས་ནམ་བྱུང་ལ་དབུ་མའི་ལམ་ལ་འགྱུར་བ་མེད་པ་ནན་བརྗོད་”ཅེས་པའི་ཚིག་དེ་དོགས་སློང་བྱས་ཤིང་། མདུན་དུ་ལྷག་པའི་རྙོག་ལས་དེ་རིགས་ལ་གསལ་བཤད་ནུས་པ་ལྡན་པ་ཞིག་ཀྱང་མ་གནང་བ་ནི་དབུ་མའི་ལམ་དང་འབྲེལ་མོལ་གཉིས་ཀར་གཞི་རྩའི་ཆ་ནས་བར་ཆད་ཆེན་པོ་ཞིག་ཏུ་གྱུར་ཡོད།

བཙན་བྱོལ་མི་མང་གི་ཆབ་སྲིད་གོ་རྟོགས་ནི་ཉིན་བཞིན་ཡར་རྒྱས་ཕྱིན་པ་དང་། དབུ་མའི་ལམ་གྱིས་བསྐྲུན་ངེས་པའི་འཕྲལ་ཕུགས་ཀྱི་གནས་བབ་ལ་མོས་པ་ཇེ་བརྟན་དུ་སོང་བ་དང་མཉམ། མི་མང་རང་བཞིན་གྱི་ཚ་རླབས་གསར་པ་ཞིག་དང་རྣམ་འགྱུར་གསར་པ་ཞིག་ཐོན་ཏེ། གཞིས་ཆགས་ཆེ་ཁག་ལྔ་གཙོས་སེར་སྐྱ། རྒན་གཞོན། ཕོ་མོ་དབྱེར་མེད་ཀྱི་བཙན་བྱོལ་བོད་མིའི་ཁྲོད་དམངས་གཙོ་ལམ་ནས་མི་མང་གི་ཡིན་ལུགས་ཚུལ་མཐུན་གྱིས་འགན་འཁྱེར་བའི་རྣམ་པ་ཤུགས་ཆེར་ཞིག་བསླེབས་ཏེ། སྐད་གྲགས་ལྡན་པའི་གཞོན་ནུའི་སྒྲིག་འཛུགས་ཀྱང་ཅུང་ཙམ་མིན་ན་དབུས་རྒྱུན་རེ་ཟུང་གི་བྱས་ཉེས་འོག་སྒོ་རྒྱག་དགོས་འཁེལ། མ་སྐུལ་དང་བས་ཀུན་ནས་བསླངས་ཏེ་ཐམས་ཅད་པོས་དབུ་མའི་ལམ་གྱི་ཤེས་རྟོགས་བསྟན་པ་དང་། ཡིད་ཆེས་ཀྱི་ཟབ་ཚད་བསྟན་པ། ཁ་རྒྱགས་འདྲ་ཆགས་ཙམ་གྱིས་དངོས་ཡོད་གནས་སྟངས་མི་མཚོན་པའི་མི་ཚེའི་ཚེ་ལམ་ཡག་ཤོས་དབུ་མའི་ལམ་གྱི་དར་ཆ་དགུང་དུ་འཕྱར་བ་ན། འདི་འདྲའི་མི་མང་རང་བཞིན་གྱི་འགན་བླངས་པའི་སྐབས་དེར། ང་ཚོ་ཏག་ཏག་ཡུ་གུར་བ་ཚོ་ལྟར་མགོ་མེད་པར་གྱུར་བ་ཚང་མར་ངོས་འཛིན་གཅིག་གྱུར་བྱུང་བ་དེ་ལྟར་རེད།

༢༠༠༨ ལོར་གནམ་ས་བླ་འོག་བརྗེ་བའི་སྐབས་ཀྱི་རྒྱ་བོད་ནང་མོལ་དེ་དང་དེའི་ཁོར་ཡུག་ལ་བསྡུར་ན། རང་སྲེག་གིས་འཇིག་རྟེན་གཞོམ་དུ་བསྲེགས་པའི་ཟས་བརྗེད་གཉིད་བྲལ་གྱི་ཆབ་སྲིད་གནས་བབ་རྦ་ཀློང་འཁྲིག་པ་དེ་དང་། མི་མང་རང་ངོས་ནས་ཀྱང་སྔར་ལྷག་དབུ་མའི་ལམ་གྱི་འབྲེལ་མོལ་ལ་ཡིད་ཆེས་རྩེ་གཅིག་ཡིན་པ་གསལ་སྟོན་གནང་བ་ལ་དཔག་ན། དཔལ་ལྡན་བཀའ་ཤག་སྐབས་བཅུ་བཞི་པས་ཆབ་སྲིད་ཀྱི་གོ་སྐབས་དེ་དག་གཅིག་ཀྱང་ལེན་མ་ཐུབ་པར། ལས་དོན་ཙག་ཙིག་རེ་འགའི་སྟེང་འཁོར་ཏེ། དོན་དམ་དབུ་མའི་ལམ་དང་དེའི་འབྲེལ་མོལ་ལ་ཤུགས་ག་ཚོད་བསྐྱོན་མིན་ཚང་མས་ཤེས་གསལ་དེ་ལེགས།
ཡོངས་གྲགས་ཡིན་པའི་རྒྱུ་མཚན་ཙམ་པོ་བ་འདི་དག་གི་ངོས་ཐད་གཅིག་པུ་ནས་གླེང་ནའང་འདྲ། རྒྱུ་མཚན་གནས་ལུགས་ཀྱི་ཁ་ཟས་འཇུ་ས་མེད་པའི་བཀའ་ཤག་བཅུ་བཞི་པའི་རང་གཤིས་ནས་བཤད་ནའང་འདྲ། གཞུང་ལུགས་དང་དངོས་བྱུང་གཉིས་ཀ་སྦྲགས་ནས་མིག་ཡོད་ཚད་ཀྱི་སྤྱོད་བྱ་མིན་པའི་འཁྲབ་སྟོན་རྣམས་བསྟར་ཆགས་སུ་སྤྲོས་ནས་དཔྱད་ནའང་འདྲ། དེ་དག་ཐམས་ཅད་”སོ་ན་བའི་ཐོག་ལ་མངར་མོ་”ཆགས་འགྲོ་སྟབས། ངས་གདུལ་བྱའི་བློ་དང་བསྟུན་ནས་བཀའ་ཤག་ལ་དབུ་མའི་ལམ་དང་དེའི་འབྲེལ་མོལ་ཐད་ཤུགས་ནུས་རྩལ་དུ་འདོན་དགོས་པའི་འབོད་སྐུལ་འགའ་ཞུ་རྒྱུ་ཡིན།།

༡ དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་རྒྱས་བཤད་མཐའ་མ་༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽སྟེང་སྔར་བྱས་གོང་དུ་སྤེལ་རྒྱུར་ལྷག་བསམ་རྣམ་དག་དང་ནུས་པ་ཡོད་དགུ་རྩལ་དཀྲུགས་གནང་རོགས།

༢ དབུ་མའི་ལམ་གྱི་བོད་རྒྱ་འབྲེལ་མོལ་དངོས་གནས་གནང་འདོད་ཡོད་ན་༸གོང་ས་མཆོག་ལ་གསོལ་འདེབས་ཞུས་ཏེ་སྐུ་ཚབ་བསྐོ་བཞག་དང་། སྐུ་ཚབ་ལ་འབྲེལ་བ་མཐུད་ཐབས་ཀྱི་འགན་ཆ་ཚང་གནང་རོགས།

༣ རང་སྲེག་དང་འབྲེལ་བའི་འཁྱོག་བཤད་འགའ་ལས། གཞི་རྩའི་དཔལ་ལྡན་བཀའ་ཤག་གི་གནང་སྒོ་ཁག་ལ་རྒྱ་གཞུང་ནས་དོ་སྣང་མེད་ཁུལ་ལྟ་བུར་གཡུག་བཞག་པའི་སྣང་ཚུལ་ཞིག་སྔོན་དང་བསྡུར་ན་ཡོང་གི་འདུག་པས། འགྱུར་བ་མེད་པའི་སྲིད་བྱུས་བརྒྱུད་བོད་དོན་ལ་དོ་སྣང་བྱེད་དགོས་པའི་རྣམ་པ་མངོན་ཐབས་ལ་འབད་རོགས།

༤ བོད་རྒྱ་ཞི་མོལ་གྱི་ཚོགས་ཆུང་ཐེངས་རེ་འགའ་སྐོང་འཚོགས་གནང་བ་ལྟ་བུས་མི་མང་གི་ཡིད་ཚིམས་མི་ཐུབ་ལ། མིང་ལས་དོན་གལ་ཆེན་ཡིན་ན་ངེས་པར་དུ་བོད་རྒྱ་ཞི་མོལ་རང་ལ་མཁས་པའི་ཚོགས་མི་མང་དུ་གཏོང་རྒྱུ་དོན་འཁེལ་གནང་རོགས།

༥ ད་བར་གྱི་བོད་རྒྱ་འབྲེལ་མོལ་མང་ཆེ་བ་གཙོ་བོ་སྐུ་ཚབ་ཀྱིས་འབྲེལ་མཐུད་ཐབས་ཤེས་རྩལ་དཀྲུགས་དང་། ༸གོང་ས་མཆོག་དང་བཀའ་ཤག་གི་ལམ་སྟོན་ལས་བྱུང་བ་ཡིན་སྟབས། འབྲེལ་མཐུད་མི་སྣའི་སྐོར་རང་དང་མི་མཐུན་པའི་གང་ཟག་ལ་གཟིགས་ཕྱོགས་འཛིན་པ་ཡོངས་སུ་ནོར་འཁྲུལ་ཞིག་རེད་འདུག་པས། སྤྱི་དོན་གཙོ་བོར་འཛིན་པའི་འདུ་ཤེས་མཚན་མོའི་རྨི་ལམ་དུའང་མ་བརྗེད་རོགས།

༦ སྲིད་སྐྱོང་མཆོག་དེ་སྔ་པེ་ཅིན་དུ་ཕྱི་སྡོད་རྒྱ་མིའི་རྣམ་པར་ཕེབས་ཟིན་པ་དང་། རྒྱ་རིགས་མཁས་དབང་གྲོགས་པོ་མང་སྟབས། དེ་དག་ལའང་ཡོངས་བསྒྲགས་ཀྱིས་འབྲེལ་མོལ་ཐད་རོགས་འདེགས་ཡོང་བའི་འབོད་སྐུལ་ཚ་ནན་ཞིག་གནང་རོགས།

༧ ཤེས་ཡོན་སྲིད་བྱུས་དང་དེའི་སློབ་སྟོན་པ་བསྐོ་བཞག་སྐོར་ཕྱག་ལས་གནང་བ་ལྟར་མིན་པར། མི་མང་གི་མངོན་འདོད་ལ་གསན་པ་དང་། བོད་ཀྱི་རྩ་དོན་ལ་མཁས་པ། ཕྱོགས་ལྷུང་རྩ་བྲལ་ཐོག་བདེན་པ་ཚེ་ནོམ་དུ་འཛིན་མཁན་ཞིག་སྐུ་ཚབ་རང་བཞིན་གྱིས་ཆགས་ཡོད་སྟབས། འོས་མི་འདོན་སྟངས་མ་ནོར་བ་ཞིག་གནང་རོགས།

༨ བོད་རྒྱ་འབྲེལ་མོལ་ཐད་དཔལ་ལྡན་བཀའ་ཤག་བཀའ་བློན་མི་རེ་ངོ་རེ་ལའང་དམངས་གཙོའི་འགྲོ་ལུགས་ལྟར་བསམ་ཚུལ་གསུངས་ཆོག་པའི་གོ་སྐབས་བསྐྲུན་ཏེ། ལྷན་རྒྱས་ནས་མཉམ་རུབ་ཐོག་འབྲེལ་མོལ་བསྐྱར་མཐུད་གནང་ཐབས་མ་འཕྱི་མ་ནོར་བ་ཞིག་གནང་རོགས།

༩ ཞོར་དུ་དབུ་མའི་ལམ་དང་དེའི་ཉམས་ལེན་ཐད་རང་ཉིད་བློས་གཏོང་གནང་མཁན་གྱི་ལས་འགུལ་བ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལྟ་བུར་བདག་པོ་བརྒྱབ་སྟེ་སྲིད་བྱུས་དེ་ཁ་ཞེ་གཉིས་མེད་འཛིན་གྱི་ཡོད་པ་ཆེ་ཆུང་གང་དུའང་འཐུས་མ་ཤོར་བ་ཞིག་གནང་རོགས།

༡༠ ༸གོང་ས་མཆོག་གི་སྐུ་ཚབ་མཉམ་མ་གཏོགས་གཞན་བོད་རྒྱ་འབྲེལ་མོལ་གནམ་འོག་འདིར་ཡོང་གཞི་མེད་པའི་དངོས་ཡོད་གནས་ཚུལ་ཁས་ལེན་གཙང་མ་གནང་སྟེ་ཉིན་གཅིག་ཀྱང་འཕྲོ་བརླག་ལ་མི་གཏོང་རོགས་ཞུ།།

༡༡ སྲིད་སྐྱོང་མཆོག་ཕྱོགས་ཕེབས་ལ་མཉེས་པོ་ཡོད་ནའང་། ཕྱོགས་ཕེབས་སྐབས་དང་ལྷག་པར་གཞིས་ཆགས་མི་མང་ནང་བོད་རྒྱ་འབྲེལ་མོལ་དང་དབུ་མའི་ལམ་གྱི་སྐོར་གོ་རྟོགས་སྤེལ་རྒྱུའི་གཏམ་བཤད་ཚད་ལྡན་གནང་ཐབས་ལ་ཅི་ནས་འབད་རོགས་ཞེས།།

༢༠༡༣། ༨། ༥། ཉིན་སྲིད་སྐྱོང་གི་ཕྱོགས་ཕེབས་ལོ་གཉིས་ལ་འཚམས་ཞུའི་ཚབ་ཏུ།།

དཔྱད་རྩོམ།

Post navigation

Previous Post: པར་རིས་སྙན་ངག
Next Post: བལ་ཡུལ་དུ་རང་ལུས་མེར་བསྲེཊ།

Comments (10) on “བོད་རྒྱ་འབྲེལ་མོལ་གྱིས་སྒུག་པའི་བཀའ་ཤག”

  1. རྒྱང་མིག says:
    2013-08-06 at 1:41 am

    སྲིད་སྐྱོང་གི་དུས་སྐབས་སམ་བཀའ་ཤག་སྐབས་བཅུ་བཞི་པའི་དུས་སྐབས་ནི་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་རེ་བ་ཆེ་ཤོས་བརྒྱབ་པའི་དུས་སྐབས་ཡིན། དགྱ་དམར་གཞུང་གི་གདུབ་རྩུབ་ལ་མ་ལྟོས་པར་”དཔོན་པོ་བཟང་པོ་་་་་་་དཔོན་པོ་བཟང་པོ་་་ཞེས་པའི་སྙན་བསྐུལ་ཡང་ཡང་ཕུལ་ཡོད།
    དེ་བས་ཧ་ཅང་ཚབས་ཆེ་ས་ནས་བོད་མི་གཞོན་སྐྱེས་དེ་འདྲ་མང་པོ་ཞིག་གིས་དུས་ཐུང་འདིའི་ནང་སོ་སོའི་རྩ་ཆེའི་གཅེས་སྲོག་བོད་ཀྱི་ཆེད་མེར་མཆོད་གནང་ཡོད།

    སྲིད་སྐྱོང་གི་ལོ་འཁོར་གཉིས་པར་ཉིན་གཉིས་ཀྱིས་ཏག་ཏག་མ་ཟིན་གོང་མཚམས་ཀྱི་དེ་རིང་ཡང་དགྱ་གཞུང་གི་སྤྱང་ཕྲུག་བལ་ཡུལ་དུ་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་གནང་འདུག སྐུ་ཕུང་ནི་བལ་དམག་ཇག་ཚོགས་ཚོས་བཙན་འཁྱེར་བྱས་འདུག
    ཁྱེད་ཚང་དངོས་གནས་ཁྲིམས་ལུགས་མཁས་དབང་ཞིག་ཡིན་ན་སྟོང་སྐད་བསྒྲགས་ནས་འདུག་ཚོད་མ་རེད། ཕྱོགས་སྐྱོད་གནང་ནས་འདུག་ཚོད་མ་རེད། ངང་སྒུག་བྱས་ནས་འདུག་ཚོད་མ་རེད། མཆོད་སྨོན་གནང་ནས་འདུག་ཚོད་མ་རེད།

    གང་ལྟར་འབྲོང་རུ་དམར་གྱིས་བྲིས་པའི་བརྗོད་དོན་སྟེང་ན་བདེན་པའི་ཆ་མང་པོ་འདུག སྲིད་སྐྱོང་གི་མིང་དོན་དང་མཐུན་པའི་ཕྱག་ལས་གནང་རོགས། ཆོས་ཕྱོགས་ཐད་ནས་ང་ཚོར་རི་རབ་འདྲ་བོ་མང་ཐག་ཆོད་ཡོད།

  2. མཚོ་མོ། says:
    2013-08-06 at 2:11 am

    ང་བླ་མ། ང་མཁས་པ་འདིའང་སུ་ཡིན་ན། རང་སྣང་མཐོ་བ་ལ། དུས་རྒྱུན་ནས་བཀའ་ཤག་སྐབས་བཞི་བ་ལམ་སྟོན་གནང་གི་ཡོད་མདོག་དང་ཡོད་ཀྱང་གསན་མཁན་མེད་པའི་སྡུག་སྐད་ཤོར་ཡང་། ད་དུང་ཨུ་ཚུགས་ཞུ་ནན་གྱི་ཡི་ག་མ་ཆད་པར་སླེབས་འདུག

  3. ཀརྡོ་གཉེར་ཕྱག་པ་ says:
    2013-08-06 at 2:25 am

    ་་་་་དབུ་མའི་ལམ་དང་དེའི་ཉམས་ལེན་ཐད་རང་ཉིད་བློས་གཏོང་གནང་མཁན་གྱི་ལས་འགུལ་བ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལྟ་བུར་བདག་པོ་བརྒྱབ་སྟེ་སྲིད་བྱུས་དེ་ཁ་ཞེ་གཉིས་མེད་འཛིན་གྱི་ཡོད་པ་ཆེ་ཆུང་གང་དུའང་འཐུས་མ་ཤོར་བ་ཞིག་གནང་རོགས། ་་་་་་ཟེར།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-08-06 at 2:28 am

    དགོངས་དག་ནོར་འདུག བསུབ་རོགས་གནོངས།

  5. རུས་པ་རྐང་གཅིག says:
    2013-08-06 at 11:51 am

    ཁྱི་ལ་སེངྒེའི་མིང་བཏགས་པའི་མཇུག་འབྲས་རེད། ད་དུང་ལྟས་མོ་རྗེས་ལ་མཐོང་ཡོང་།

  6. ཁྱི་རྒན། says:
    2013-08-06 at 12:08 pm

    ད་ཁ་སྔོན་ཨ་རིའི་གསུངས་པ་བཞིན་ད་བོད་མི་མང་རྒྱ་གཞུང་གཉིས་གྲོས་མོལ་བྱེད་དགོས་པ་ལས། གོང་ས་མཆོག་གི་སྐུ་ཚབ་དང་འབྲེལ་བ་མེད།

  7. ཤར་ཕྱོགས་ཀྱི་ཉི་མ། says:
    2013-08-06 at 12:09 pm

    བོད་པ་ཚང་ལ་མི་ཡག་པོ་ཞིག་བྱུང་ན་དངོས་རྒྱུད་གང་ཡང་རུང་བ་ཞིག་ནས་སྨ་འབེབས་བྱེད་པ་དེ་ནི་དངོས་གནས་སེམས་སྐྱོ་དགོས་ཡ་རང་རེད། དེ་འདྲ་ཤེས་འགྱོན་ཡོད་མཁན་གི་མི་ཡོད་ན་གཞུང་ཞབས་གི་ལས་དོན་སྒྲུབ་དང་དུས་ཚོད་ལ་སླེབས་ཡོད། མི་སུ་འདྲ་ཞིག་ཡིན་ན་ཡང་བསམ་ཚོད་འགྲུབ་ཟེར་ན་དཀའ་མོ་རེད། རྩོམ་ཡིག་ཕྲན་བུ་ཞིག་བྲི་ཤེས་རྩམ་གྱིས་བོད་ཀྱི་བདེན་དོན་སྒྲུབ་ཁག་པོ་རེད། ཡིན་ན་ཡང་རང་ལ་སློབ་སྦྱོང་ཡོད་པ་དེ་སྤྱི་ཚོགས་ལ་ཕན་པའི་ལས་དོན་ཞིག་བྱེད་རོགས། སྲིད་སྐྱོངས་་ལ་སྨ་འབེབས་བྱེད་འོས་མིན་གོངས་ས་༧ཡིད་བཞིན་ནོར་བུ་རྒྱལ་ཕྱི་ནང་ཕེབས་སྐབས་ཀྱི་བཀའ་སློབ་ལ་གཟིགས་རོགས།

  8. འདྲེ་རྐང་ཐོ། says:
    2013-08-06 at 1:09 pm

    སྲིད་སྐྱོང་བློ་སེང་གིས་༧གོང་ས་མཆོག་བོད་ལ་བདེན་འདྲེན་ཞུ་གི་ཡི་་་་རིག་གཅིག་རྐང་འཛིན་ཅན་ཁྲི་གཅིག་གསོ་སྐྱོང་གནང་གི་ཡིན་ལབ་མྱོང་བ་རེད་་་སྐད་ཆ་འདི་དག་གིས་མི་སེམས་བསྒུལ་མྱོང་བས་་་་བཀའ་ཁྲིའི་འོས་གཞི་ལས་བཀའ་བློན་གཙོ་བོར་བསྡམས་པོ་རེད། དེ་འདྲའི་བོད་མི་མང་གི་མདུན་ནས་ཁ་ཕོག་རོ་འདྲ་བ་ཞིག་འཐེན་ཞིང་འཇོན་མདོག་དང་མཁས་མདོག མི་གཤིས་ཡག་མདོག་དང་བརྗིད་ཉམས་ཧ་ལས་པ་ཞིག་བསྟན་མྱོང་བས་མིང་གྲགས་བོད་ཕྱི་ནང་གཉིས་ཀར་ཅུང་ཁྱབ་སོང་བ་རེད། ཁས་བླངས་པའི་ལས་དོན་ཁག་ད་སྐབས་གང་ལ་གཡུག་སོང་་་བརྗེད་སོང་བ་མིན་ནམ་་་ཡང་ན་བཀའ་ཤག་གི་གཞུང་ལས་ཁང་དུ་གསང་བ་བསམ་གྱིས་མི་ཁྱབ་པའི་གཏེར་དུ་བཅུགས་ཡོད་པ་འདྲ། མདོར་ན་བློ་སེང་གིས་ཁས་བླངས་པའི་སྐད་ཆ་ལ་ཁྱོད་ཚོས་ད་དུང་དུ་ཡང་ཡིད་ཆེས་དང་རེ་བ་འཛིན་གྱིན་ཡོད་དམ།

  9. འོད། says:
    2013-08-06 at 2:44 pm

    ད་དངོས་གནས་བློ་བཟང་སེང་གེར་རེ་བ་མེད་ལ། ཡིད་ཆེས་ཀྱང་བྱེད་གཞི་གཏན་བྲལ་ཆགས་འགྲོ་གི་འདུག

  10. ཨ says:
    2013-08-07 at 2:20 pm

    རྩོམ་པ་པོས་རྩོམ་འདིའི་མཇུག་གི་རེ་སྐུལ་ཁག་དང་། དཀྱིལ་གྱི་དབུ་མའི་ཆབ་སྲིད་གཙོའི་གལ་དོན་འགའ་རེའི་ཐད་ནས་སྲིད་སྐྱོང་མཆོག་ལ་ཆེད་དུ་བསམ་ཚུལ་དམར་འདོན་བྱས་པར་ཡི་རང་ཡོད། དེ་ནི་ང་རང་ཚོའི་ཁོར་ཡུག་འདི་ཆུང་རུང་། ཚད་ལྡན་རྒྱལ་ཁབ་ཚོར་ཡོད་པའི་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་གང་མང་ཞིག་ཚང་འཛོམས་པའི་འབྲས་བུ་རེད། མཆན་འདེབས་པ་འགའ་རེའི་སྲིད་སྐྱོང་མཆོག་ལ་རེ་ཐག་ཆད་ཡོད་རབས་ཀྱི་སྐད་ཆ་དེ་ཚོ་ཅུང་སྔ་དྲགས་པ་མིན་ནམ་སྙམ་པའི་དོགས་པ་བྱུང་། སྲིད་སྐྱོང་མཆོག་གིས་ཆེས་ཐོག་མ་དང་བར་སྐབས་མང་པོར་རྒྱལ་དབང་ཡིད་བཞིན་ནོར་བུ་རང་ས་རང་ཡུལ་ལ་ཕེབས་འཇུག་རྒྱུའི་དམ་འབུལ་མི་མང་ལ་གསུངས་ཡོད་ཕྱིར། ང་དེར་ཡིད་ཆེས་ཡོད། ཡིན་ནའང་། ཁྱེད་ཚོས་ངར་དེས་ན། ཁྱོད་ཀྱིས་སྲིད་སྐྱོང་མཆོག་གིས་དེའི་སྐོར་གྱི་གལ་ཆེའི་ལས་དོན་གནང་བ་དག་གཅིག་གཅིག་གཉིས་གཉིས་བྱས་ནས་དྲོངས་ཟེར་ན། ངར་ངོ་མ་དམིགས་བསལ་ཅང་བཤད་རྒྱུ་མེད། དེའི་ལན་དུ་ངས་ཁྱེད་ཚོར་དགོངས་དག་ཞུ་རྒྱུ་དང་ཆབས་ཅིག ཡིད་ཆེས་ནི་ཡིད་ཆེས་ལས་དེས་དངོས་དོན་མི་མཚོན་ཞུ་རྒྱུ་ལས་གཞན་ཅི་ཞིག་ཡོད་དེ་མེད། རེད། གོང་གི་དེ་འདྲའི་དོན་ཆེན་དེ་འགྲུབ་པ་ལ་སྔོན་འགྲོ་ཡོད་ན་མེད་ན་དེ། བོད་དགྱ་འབྲེལ་མོལ་ཟེར་ན་འདྲ་གྲོས་མོལ་དེ་ཡིན་ཙང་ངོ་མ་གལ་ཆེན་རེད། དེའི་ཐད་ནས་སྲིད་སྐྱོང་མཆོག་གིས་ཀྱང་དོན་དག་དེ་གལ་ཆེན་ཡིན་པ་ཐེངས་མང་གསུངས་པ་གོ་མྱོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme