Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རྒྱ་ཞི་མོལ་དང་འབྲེལ་བའི་ཆབ་སྲིད་ཚིག་སྦྱོར་འགའ་ལ་དཔྱད་པ།

Posted on 2010-02-112010-02-11 By ཁ་བརྡ་ 6 Comments on བོད་རྒྱ་ཞི་མོལ་དང་འབྲེལ་བའི་ཆབ་སྲིད་ཚིག་སྦྱོར་འགའ་ལ་དཔྱད་པ།

བསྟན་འཛིན་ཉིན་བྱེད།

ལོ་ཤས་རིང་ངས་བོད་རྒྱ་ཞི་མོལ་གྱི་གནད་དོན་ཐོག་དོ་སྣང་དང་དཔྱད་ཞིབ་ཅིག་བྱས་པ་ཡིན་ལ། གནད་དོན་འདི་དང་འབྲེལ་བའི་ཐད་དེ་རིང་སྐད་ཆ་འགའ་གླེང་ན་བསམ་བྱུང་། བོད་རྒྱའི་དཀའ་རྙོག་འདི་ད་བར་ཞི་མོལ་གྱི་ལམ་ནས་སེལ་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གི་ཧམ་པ་དང་དངོས་ཡོད་གནས་ཚུལ་ངོས་ལེན་མ་བྱེད་པ་དེ་རེད། ཚང་མས་མཁྱེན་གསལ་ལྟར་རྒྱ་གཞུང་གིས་བོད་ཀྱི་གནད་དོན་ཞེས་པ་ཞིག་ངོས་ལེན་ནམ་ཡང་མི་བྱེད་ཅིང་། ཁོ་པ་ཚོས་བརྗོད་གསལ་ལྟར་ན་གཞིས་ལུས་བོད་མི་ཚོ་ནི་བདེ་ཐག་ཆོད་དང་སྐྱིད་ཐག་ཆོད་ཡོད། གནད་དོན་གཙོ་བོ་ནི་བཙན་བྱོལ་དུ་གནས་པའི་རྒྱལ་བ་རིན་པོ་ཆེས་གཙོས་བོད་རིགས་རྣམས་ཀྱི་མི་ཚེའི་མདུན་ལམ་དེ་ལ་ཐུག་ཡོད་པ་རེད་ཅེས་བཤད་ཀྱི་ཡོད། འདི་ནི་རྫུན་གཏམ་ཞིག་ཡིན་པར་རྒྱལ་སྤྱིའི་མི་མང་ཙམ་དུ་མ་ཟད། རྒྱ་གུང་བྲན་ཏང་རང་ཉིད་ནས་ཀྱང་ཤེས་ཀྱི་ཡོད་པ་རེད། མདོར་བསྡུས་ནས་བཤད་ན། རྒྱ་ནག་གུང་བྲན་ཏང་ལ་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་བཟང་ཕྱོགས་ཀྱི་སྙིང་ སྟོབས་དང་ཆབ་སྲིད་ཀྱི་མདུན་པ་ཞིག་མེད་ལ། མེ་མདའི་ཁ་རྩེ་ནས་དབང་ཆའི་ལམ་ལུགས་ལ་ངོས་འཛིན་བྱེད་མཁན་གྱི་སྲིད་དབང་སྒེར་འཛིན་ཞིག་གིས་མདོང་ཐུག་སྐད་ཆ་བཤད་དེ་ཆབ་སྲིད་ཀྱི་གནས་བབ་འགྱུར་བ་གཏོང་ རྒྱུའི་ལམ་སྲོལ་དེ་ལ་ཡིད་ཆེས་བྱེད་ཀྱི་མེད། དེ་འདྲའི་ཐབས་སྐྱོ་པོའི་གནས་སྟངས་འདི་ནི་རྒྱ་གུང་བྲན་ཏང་ཙམ་དུ་མ་ཟད། འཛམ་གླིང་སྤྱི་ཡོངས་ཀྱི་ཆབ་སྲིད་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། འདི་ནི་ཧ་ཅང་གི་བློ་ཕམ་པའི་གནས་ཚུལ་ཞིག་རེད། དེར་བརྟེན་རྒྱལ་བ་རིན་པོ་ཆེས་ག་དུས་ཡིན་ཡང་དུས་རབས་ཉི་ཤུ་རྩ་གཅིག་འདི་ཞི་མོལ་གྱི་དུས་རབས་ཤིག་ཏུ་བསྐྲུན་ཐུབ་པ་བྱེད་དགོས་ཅེས་བཀའ་སློབ་ནན་པོ་གནང་གི་ ཡོད།

ང་ཚོས་རྒྱ་གུང་བྲན་ཏང་དང་འཐབ་རྩོད་བྱེད་སྐབས་འཚེ་མེད་ཞི་བའི་ལམ་བེད་སྤྱོད་གཏོང་གི་ཡོད་ལ། བོད་ནང་དུ་དངོས་ཤུགས་བརྒྱུད་གསུམ་གྱིས་རྒྱ་རིགས་བཙན་རྒྱལ་རིང་ལུགས་པ་ཚོར་ཁ་གཏད་གཅག་དང་གཅོག་བཞིན་ཡོད་པ་རེད། ༢༠༠༨ ལོའི་བོད་ཆོལ་གསུམ་ས་ཁུལ་ཁྱོན་ཡོངས་ལ་གཅིག་རྗེས་གཉིས་འཐུས་ཀྱིས་ཞི་བའི་སྐད་ འབོད་བྱས་པ་དེ་དཔེ་མཚོན་གསལ་ཤོས་ཤིག་ཡིན། དེ་བཞིན་བཙན་བྱོལ་ནང་དུའང་ད་བར་ཞི་བའི་སྐད་འབོད་ཀྱིས་མཚོན་པའི་ལས་འགུལ་སྣ་མང་ཞིག་མུ་མཐུད་སྤེལ་ཡོད་པ་ཟད། འབྱུང་འགྱུར་ཡང་མུ་མཐུད་སྤེལ་རྒྱུ་རེད།

ཡིན་ནའང་རྒྱ་གུང་བྲན་ཏང་མཉམ་འཐབ་རྩོད་བྱེད་སྐབས་ང་ཚོས་དོ་སྣང་དམིགས་བསལ་བྱེད་དགོས་པ་ཞིག་ནི་རྒྱའི་གཞུང་འབྲེལ་གསར་འགྱུར་དྲིལ་བསྒྲགས་ཁག་དང་། ལྷག་པར་དུ་བོད་ཀྱི་གནད་དོན་དང་འབྲེལ་བའི་ཐད་ཁོང་ཚོས་ཆབ་སྲིད་ཀྱི་ཚིག་སྦྱོར་ བེད་སྤྱོད་བྱེད་བཞིན་པ་དེ་ཡིན། རྒྱ་གུང་བྲན་ཏང་གིས་བོད་ཀྱི་གནད་དོན་ཐད་བེད་སྤྱོད་གཏོང་བཞིན་པའི་ཆབ་སྲིད་ཀྱི་བརྗོད་ཚིག་ཁག་གི་རྒྱབ་ཁུག་ཏུ་མ་འོངས་བོད་ཀྱི་ལས་དབང་དང་འབྲེལ་བའི་སྲིད་དོན་གྱི་གནད་འགག་མང་པོ་ཞིག་ཡོད་པར་དོགས་མི་དགོས། ཁོང་ཚོས་བརྗོད་ཚིག་བེད་སྤྱོད་གཏོང་བ་དཔེར་ན། བོད་ཆེན་པོ། (Greater Tibet) ཁ་བྲལ་རིང་ལུགས། (Separatism )གྲང་ཉུང་མི་རིགས། (Minority Nationality) མི་རིགས་ས་གནས་རང་སྐྱོངས། (Regional Ethnic Autonomy) མེས་རྒྱལ།( Mainland China) ཧན་རྒྱ་རིགས།( Han Chinese) སོགས་ཀྱི་རྒྱབ་ཁུག་ཏུ་བོད་མི་རིགས་ཀྱི་ཁེ་ཕན་ལ་གནོད་པའི་འཐབ་བྱུས་ངན་པ་ཡོད།

མདོར་བསྡུས་ཏེ་བརྗོད་ན། ཆབ་སྲིད་ཀྱི་ཚིག་སྦྱོར་དེ་རིགས་ཀྱི་རྒྱབ་ཏུ་སྦས་པའི་དངོས་ཡོད་ཀྱི་གནད་དོན་གཙོ་བོ་ནི་བོད་འདི་ལོ་རྒྱུས་རང་བཞིན་གྱི་རྒྱ་ནག་གི་ཆ་ཤས་རེད་ཅེས་པ་དེ་ཡིན། ཆབ་སྲིད་ཀྱི་གནད་འགག་འདི་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་རེད། ཆེས་ཉེན་ཁ་ཅན་གྱི་གནས་ཚུལ་ཞིག་ནི། དེང་སང་བོད་གཞུང་དང་དང་གཞུང་འབྲེལ་མིན་པའི་ཆབ་སྲིད་ཡིག་ཆ་ཁག་གཙོས་པའི་བོད་ རིགས་ཤེས་ཡོན་ཅན་དང་བོད་མི་དཀྱུས་མ་ཚོའི་ཁ་ལ་ཆབ་སྲིད་ཀྱི་ཚིག་སྦྱོར་དེ་ རིགས་སྣང་མེད་བེད་སྤྱོད་གཏོང་བཞིན་འདུག དེ་དག་བེད་སྤྱོད་གཏོང་ཚེ་རྒྱ་གུང་བྲན་ཏང་གིས་བོད་ཀྱི་ལོ་རྒྱུས་ལ་བསྐྱར་ བྲིས་ཀྱིས་བོད་དེ་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་ཡིན་ཞེས་འཁྱོག་བཤད་བྱེད་བཞིན་པ་དེར་ཤུགས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད་པས་དེ་འདྲ་བེད་སྤྱོད་གཏོང་ རྒྱུ་མེད།

འོ་ན་ཆབ་སྲིད་ཀྱི་བརྗོད་ཚིག་དེ་ཚོའི་ཚབ་ཏུ་ང་ཚོའི་ངོས་ནས་ཅི་ཞིག་བེད་ སྤྱོད་གཏོང་དགོས་བརྗོད་ན་འདི་འདྲ་ཞིག་སྟེ། རྒྱ་གུང་བྲན་ཏང་གིས་བོད་ཆེན་པོ་ (Greater Tibet )ཞེས་པའི་ཚབ་ཏུ་བོད། (Tibet )༼བོད་ཆེ་ཆུང་གི་སྐད་ཆ་གང་ཡང་མེད་ལ། བོད་ནི་གཅིག་ལས་མེད། ལོ་རྒྱུས་ཐོག་བོད་ཁ་ཐོར་དུ་སོང་ཡོད་ནའང་། བོད་རིགས་ཆོལ་གསུམ་ཡོངས་ཆོས་རིག་གཞུང་སྐད་ཡིག་གཅིག་མཚུངས་ཀྱི་མི་རིགས་ཤིག་ཡིན། ལོ་རྒྱུས་ནང་མི་རིགས་གཅིག་མཚུངས་ཡིན་པའི་རྒྱལ་ཁབ་ཁ་འཐོར་གྱིས་སླར་ཡང་གཅིག་འགྱུར་བྱུང་བ་མང་པོ་བྱུང་ཡོད། ཡོ་རོབ་ཀྱི་རྒྱལ་ཕལ་མོ་ཆེ་དེ་འདྲ་རེད།༽ གྲང་ཉུང་མི་རིགས་ (Minority Nationality) ཀྱི་ཚབ་ཏུ་བོད་མི། (Tibetan people) ༼གྲང་ཉུང་མི་རིགས་ཅེས་བརྗོད་སྐབས་བོད་མི་རིགས་ལ་ལོ་རྒྱུས་ཐོག་ནས་རྒྱལ་ཁབ་ ཁེར་རྐྱང་རང་བཙན་ཅན་ཞིག་མེད་པའི་རྣམ་པ་བཏོན་གྱི་ཡོད། མ་ཟད་བོད་མིར་གྲང་ཉུང་མི་རིགས་ཅེས་བརྗོད་པ་འདིས་བོད་ཀྱི་གནས་བབ་རྒྱ་ཁ་ཆེ་ གཙོས་པའི་གྲང་ཉུང་མི་རིགས་གཞན་དང་གཅིག་མཚུངས་སུ་འདོད་ཀྱི་ཡོད། འདིར་རྒྱ་ནག་གིས་བཙན་འོག་ཏུ་དཀའ་སྡུག་མྱོང་བཞིན་པའི་མི་རིགས་གཞན་ཚོར་མཐོང་ ཆུང་ཁྱད་གསོད་བྱས་པ་ཞིག་མིན་ལ། དངོས་ཡོད་ལོ་རྒྱུས་གནས་བབ་ཐོག་ནས་བརྗོད་ཀྱི་ཡོད། དེ་ནི་དངོས་འབྲེལ་མིན་པ་རྒྱ་གུང་བྲན་ཏང་རང་ཉིད་ཀྱིས་ཤུགས་ཀྱིས་ཁས་ལེན་བྱས་ཡོད་པ་སྟེ། ༡༩༥༡ ལོར་གུང་བྲན་ཏང་སྲིད་གཞུང་གིས་བོད་གཅིག་པུའི་མཉམ་ཡིག་ཐོག་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་བཞག་པས་མཚོན་ཐུབ། དེ་འདྲའི་གྲོས་མཐུན་ཟེར་བ་ཞིག་གྲངས་ཉུང་མི་རིགས་གཞན་སུ་ཞིག་དང་མཉམ་དུ་བཞག་ མེད། ལྷག་པར་དུ་རྒྱལ་སྤྱིའི་ཁྲིམས་མཐུན་ལྟར་ན་བོད་མི་མང་ལ་མི་རིགས་ཏེ། (People) ཞེས་པའི་ཆ་རྐྱེན་ཡོངས་རྫོགས་ཚང་ཡོད་སྟབས་ཁྲིམས་མཐུན་རང་ཐག་རང་གཅོད་ཀྱི་ཐོབ་ ཐང་ལྡན་ཡོད།༽ཁ་བྲལ་རིང་ལུགས་ (Separatism/Splittism) ཀྱི་ཚབ་ཏུ་རང་བཙན་ (Independence )ཏེ་རྒྱ་གཞུང་གིས་ཁྱེད་ཚོ་བོད་འདི་ཁ་བྲལ་གཏོང་གི་འདུག་ཅེས་བརྗོད་སྐབས་ང་ཚོས་ བོད་ཁ་བྲལ་གཏོང་གི་མེད་ཅེས་མ་བརྗོད་པར་བོད་ལ་རང་བཙན་རྩོད་ཀྱི་མེད་ཅེས་ བརྗོད་དགོས། དེའི་རྒྱུ་མཚན་རྒྱལ་སྤྱིའི་ཁྲིམས་ཀྱི་གནད་འགག་ལ་ཐུག་ཡོད། ཁ་བྲལ་ཞེས་པའི་ཚིག་སྦྱོར་འདིས་བོད་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་ཏེ་ཁ་བྲལ་ གཏོང་ན་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་པའི་རྣམ་པ་བཏོན་གྱི་ཡོད། འོན་ཀྱང་ང་ཚོས་རང་བཙན་རྩོད་ཀྱི་མེད་ཅེས་བརྗོད་ན། བོད་འདི་ལོ་རྒྱུས་ཐོག་རང་བཙན་ཅན་གྱི་རྒྱལ་ཁབ་ཞིག་ཡིན་ཅིང་། ད་ལྟའི་ཆར་རྒྱའི་བཙན་འོག་ཡོད་པ། ཡིན་ནའང་ང་ཚོས་རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་ཐོག་བོད་ལ་རང་བཙན་རྩོད་ རྒྱུའི་ཐོབ་ཐང་དང་བདེན་པ་ཡོད་རུང་རྒྱའི་སེམས་འཁུར་ལ་བསམ་ཤེས་ཟེར་ནའང་འདྲ་ རྒྱའི་ཧམ་བཤད་སྐྱག་རྫུན་ལ་མགོ་བཏགས་གིས་བོད་ལ་རང་བཙན་མ་རྩོད་པར་རང་སྐྱོང་ རྩོད་ཀྱི་ཡོད་པའི་རྣམ་པ་བཏོན་གྱི་ཡོད། མདོར་བསྡུས་ཏེ་བརྗོད་ན། ཁ་བྲལ་རིང་ལུགས་ཞེས་པའི་ཚིག་འདི་ཉིད་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་པ་ དང་། རང་བཙན་ཞེས་པའི་ཚིག་འདི་རྒྱལ་སྤྱིའི་ཁྲིམས་དང་མཐུན་གྱི་ཡོད་པ་དེ་རེད། དེ་བཞིན་མི་རིགས་ས་གནས་རང་སྐྱོང་ (Regional Ethnic Autonomy) གི་ཚབ་ཏུ་རང་སྐྱོང་ (Self-rule )ཞེས་སི་ཏིསི་སྦག་གསུང་བཤད་ནང་འཁོད་པ་བཞིན་བེད་སྤྱོད་གཏོང་དགོས་པ་དང་། རྒྱ་ནག་སྐམ་ས་ཆེན་པོའི་ (Mainland )ཚབ་ཏུ་རྒྱ་ནག (China )༼གུང་བྲན་ཏང་གིས་བོད་བཙན་འཛུལ་མ་བྱས་གོང་གི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་ནང་ བོད་དང་རྒྱ་ནག་ཅེས་ཐ་དད་དུ་བཞག་པ་མ་གཏོགས་རྒྱ་ནག་སྐམ་ས་ཆེན་པོ་ཞེས་པའི་ བརྗོད་ཚིག་ཅིག་ཁྱོན་ནས་མེད། རྒྱ་ནག་སྐམ་ས་ཆེན་པོ་ཞེས་བརྗོད་སྐབས་བོད་དེ་རང་བཞིན་གྱི་རྒྱའི་ཁོངས་སུ་ཡིན་ པར་གཏོགས་ཀྱི་ཡོད།༽ རྒྱ་ཧན་མི་རིགས་ (Han Chinese) ཀྱི་ཚབ་ཏུ་རྒྱ་མི་ (Chinese) ཞེས་བེད་སྤྱོད་གཏོང་དགོས་ཏེ། རྒྱ་ཧན་མི་རིགས་ཀྱིས་ཤུགས་ཀྱིས་རྒྱ་བོད་རིགས་ (Tibetan Chinese) ཏེ་། ཧན་རིགས་དང་བོད་རིགས་གཉིས་པོ་རྒྱའི་ཁོངས་གཏོགས་ཡིན་པར་བཏོན་གྱི་ཡོད།
དེར་ བརྟེན་གནད་འགག་ཅན་གྱི་ཆབ་སྲིད་ཚིག་སྦྱོར་དེ་རིགས་ངོ་འཕྲོད་པའི་ཐོག་ང་ཚོས་ རྒྱ་གུང་བྲན་མཉམ་འཐབ་རྩོད་བྱེད་དགོས། དེ་མིན་རྒྱལ་སྤྱིའི་ཁྲིམས་ལུགས་དང་འབྲེལ་བའི་ཆབ་སྲིད་ཀྱི་ཚིག་སྦྱོར་གནད་ འགག་རིགས་མགོ་ཅི་ཡང་མ་ཚོད་དེ་རྒྱའི་བཤད་པ་བཞིན་ཚིག་སྦྱོར་བེད་སྤྱོད་གཏོང་ན་ རང་ཉིད་ཀྱི་རྐང་པར་རང་ཉིད་ཀྱིས་སྟ་རེས་བཞུས་པའི་དཔེ་དང་འདྲ་བར་རང་ཤི་རྒྱག་ གི་ཡོད།

ཡང་ གནད་ཡོད་ཅན་གྱི་མི་སྣ་འགས་ང་ཚོས་གྲངས་ཉུང་མི་རིགས་དང་། མི་རིགས་ས་གནས་རང་སྐྱོང་ཞེས་པའི་ཚིག་བེད་སྤྱོད་མ་གཏོང་རང་གཏོང་རེད། གང་ལགས་ཤེ་ན། ང་ཚོས་རང་སྲིད་རང་སྐྱོང་སྟེ་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་ནང་བོད་ཀྱི་ གནད་དོན་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་ཀྱི་ཡོད། དེ་ནི་ཆབ་སྲིད་ཀྱི་གནས་ལུགས་གཏིང་ཟབ་གོ་ཚོད་ཀྱི་མེད་པས་ཡིན། ཐད་ཀར་བརྗོད་ན་བྱབ་ཆུང་བའི་སྐད་ཆ་ཞིག་རེད། དོན་དངོས་ལ་ང་ཚོར་རང་སྐྱོང་ཞིག་ཐོབ་པར་རྒྱའི་དྲིལ་བསྒྲགས་ཐོག་སྤེལ་བའི་ཚིག་ སྦྱོར་དེ་རིགས་བེད་སྤྱོད་མ་བྱེད་ན་ནུས་པ་ཆེ་བ་ཐོན་རྒྱུ་ཡིན། དཔེར་ན། སི་ཀོཏླེནཏ (Scotland) ལྟ་བུར་དབྱིན་ཇིའི་ (Britain )འོག་ཚད་མཐོའི་རང་སྐྱོང་གི་གནས་བབ་ཡོད་ལ། འོན་ཀྱང་ཁོང་ཚོས་ག་དུས་ཡིན་ཡང་སི་ཀོཏླེནཏ་ཀྱི་ལོ་རྒྱུས་དབྱིན་ཇི་ལས་ཐ་དད་ ཡིན་པ་དང་། རང་ཉིད་སི་ཀོ་ཏེཤ་མི་རིགས་ (Scottish )ཤིག་ལས་དབྱིན་ཇིའི་གྲངས་ཉུང་མི་རིགས་ (A minority nationality in Britain) ཤིག་ཏུ་ངོས་འཛིན་ནམ་ཡང་བྱེད་ཀྱི་མེད། དེར་བརྟེན་ད་ལྟའི་ཆར་སི་ཀོཏླེནཏ་དབྱིན་ཇིའི་འོག་ཚད་མཐོའི་རང་སྐྱོང་ཡོད་ནའང་ ཉིན་མ་གཅིག་མང་མོས་འོས་བསྡུའི་ (Plebiscite )ལམ་ནས་རང་བཙན་བྱེད་རྒྱུའི་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཀྱང་ཐོབ་ཐང་ཡོད་པ་རེད། མ་གཞི་ནས་རྒྱ་ནག་གི་རྩ་ཁྲིམས་འདི་རྟག་པ་ཞིག་མིན་ལ། འགྱུར་བའི་རང་བཞིན་ཞིག་རེད། ད་བར་འགྱུར་བ་ཚད་མེད་བཏང་ཡོད། དཔེར་ན་ཧོ་ཀོང་ལ་དམིགས་བསལ་རང་སྐྱོང་བསྐྲུན་ཆེད་རྩ་ཁྲིམས་ཀྱི་ཚིག་འབྲུ་ལ་འགྱུར་བ་བཏང་ཡོད། དེ་འདྲ་བོད་ཀྱི་གནད་དོན་ཐོག་ལ་འགྱུར་བ་གཏོང་མི་ཐུབ་པ་ཅི་ཡང་མིན། བོད་ལ་སྤྱིར་ཧོང་ཀོང་ལས་ཀྱང་རང་སྐྱོང་ཆེ་བའི་ཐོབ་ཐབ་ཅིག་ཡོད་པ་རེད།

སྤྱིར་བཏང་ངོས་རང་མའོ་ཚེ་ཐུང་༼ཙེ་ཏུང་༽གི་ལུང་འདྲེན་ཡག་དགའ་པོ་མེད། ཡིན་ནའང་དེ་རིང་འདིར་ལུང་འདྲེན་མ་བྱེད་ཀ་མེད་ཐུག་བྱུང་། མའོ་ཚེ་ཐུང་བོད་བཙན་འཛུལ་དང་བོད་ལ་མནར་གཅོད་གཏོང་མཁན་གྱི་འགོ་གཙོ་ཡིན་སྟབས་ ཁོ་པའི་སྐད་ཆ་དེ་ང་ཚོའི་སེམས་ལ་ཟུག་ཤུགས་ཆེ་བ་མེད་ན་སྙམ། མའོས་དེ་འདྲ་ཞིག་བཤད་ཡོད་དེ། གལ་ཏེ་ང་ཚོས་དྲིལ་བསྒྲགས་ཀྱི་དམག་འཐོབ་ན་རྒྱལ་ཁ་ཕྱེད་ཀ་འཐོབ་ཚར་པ་རེད་ཅེས་བརྗོད་ཡོད། དེར་བརྟེན་ང་ཚོས་རྒྱའི་མཉམ་ཆབ་སྲིད་དྲིལ་བསྒྲགས་ཀྱི་འཐབ་རྩོད་བྱེད་སྐབས་ ངེས་པར་དུ་བོད་ཀྱི་མི་རབས་རྗེས་མའི་ལས་དབང་དང་འབྲེལ་བའི་བོད་རྒྱ་ཞི་མོལ་ གྱི་ལས་རིམ་ནང་བེད་སྤྱད་པའི་ཆབ་སྲིད་ཀྱི་ཚིག་སྦྱོར་རིགས་ཀྱི་རྒྱབ་ལྗོངས་གནད་འགག་རྣམས་རྟོགས་བཞིན་དེ་ལྟར་བེད་སྤྱོད་གནང་དགོས་སོ།

དཔྱད་རྩོམ།

Post navigation

Previous Post: བོད་ཀྱི་སྤྱི་སྐད་སྐོར།
Next Post: ཏིན་ཏིན་བོད་ལ་ཕྱིན་པ་ཞེས་པའི་བརྙན་དེབ་གླེང་བ།

Comments (6) on “བོད་རྒྱ་ཞི་མོལ་དང་འབྲེལ་བའི་ཆབ་སྲིད་ཚིག་སྦྱོར་འགའ་ལ་དཔྱད་པ།”

  1. བོད། ལྷ་ཀླུ་གཉན་གསུམ། says:
    2010-02-11 at 6:03 pm

    སྤུན་ཟླ་ཚོ། དྲ་ཐག་འདི་ལ་གསན་རོགས། བོད་ནང་གི་སྤུན་ཟླ་དག་གིས་སྙིང་སྟོབས་ལ་གཟིགས་རོགས་ཞུ།
    http://www.youtube.com/watch?v=i7r8Du809KE

    http://www.youtube.com/watch?v=j5QeWnwoakA

    http://www.youtube.com/watch?v=8e-H5RBgwY0

    དབུ་མའི་ལམ་ཞེས་པའི་བརྙན་སྡེར་འདི་ཕྱི་ལོག་ལ་ཁྱེར་ཡོང་མཁན་གྱི་རེ་བ་ལྟར་ ཁོང་ཚོས་ཡིའུ་ཌིབ་ནང་བཅུག་པ་འདིར་བརྒྱུད་བཀོད་བྱས་པ་ཡིན་ཞིང་།ལྷག་བསམ་གངས་ ལས་དཀར་བའི་གཞིས་ལུས་སྤུན་ཟླ་ཚོར་གུས་འདུད་དང་བཅས་གཟིགས་མཁན་ཚོས་མཐོང་ལམ་ དུ་ཕུལ་བ་གཤམ་གསལ་ལགས།
    དབུ་མའི་ལམ།
    ཚིག་རྩོམ་མཁན་དང་ལེན་མཁན།མགོ་ལོག་འཛམ་སྐྱབས།

    གཡུ་ཞུན་དྲ་བ་ནས་ཚུར་དྲངས་པ་ཡིན།

  2. Metok Ma says:
    2010-02-11 at 10:44 pm

    ཉིན་བྱེད་ལགས་སུ་བསྟོད་བསྔགས་ཡོད་ལ། སྐད་ཡིག་གི་འགྲོས་འདིས་བོད་དོན་འཐབ་རྩོད་པ་དང་། སྙན་ངག་པ། ཚོགས་གཙོ། དྲུང་ཆེ། རྩོམ་པ་པོ་ཟེར་བའི་ཁྱེད་དང་ལས་དབང་གཅིག་པ་རྣམས་ལ་གཡོལ་དུ་མེད་པའི་དྲི་བ་བཏང་ཡོད། བབས་དོན། ད་ཡོད་རང་སྐྱོང་བསམ་འཆར་དང་ཉེ་འཆར་དོགས་སེལ་དོན་ཚན་བདུན་སོགས་ཞི་མོལ་གྱི་གྲོས་གཞི་ལས་བརྐྱངས་བསྐུམས་ཅི་ཡང་མེད་པ་གསལ་ཐོས་བཞིན། ནམ་ཞིག་གུང་བྲན་སྲིད་གཞུང་གིས་བབ་འཁྲི་ལྟར་དངོས་གཞིའི་ལས་རིམ་འགོ་འཛུགས་གནང་མོད་ཀྱང་། ལས་རིམ་དེའི་གྲུབ་དོན་ལ་བསྐྱར་དུ་བོད་མི་མང་ལ་བློ་འདྲི་བྱེད་རྒྱུ་ནི་༸གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་གཞུང་གི་རྩ་བའི་བཞེངས་ཕྱོགས་དང་། འབྲེལ་མོལ་ལས་རིམ་འདིའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གཉིས་པ་རེད། རང་སྲིད་རང་སྐྱོང་གི་དགོངས་གཞི་འཁོར་བ། ཚིག་ཞལ་ནས་ཐོན་པ་ནས་བཟུང་བོད་ཀྱི་ལོ་རྒྱུས་ནི་རྩོད་མེད་ཀྱི་གནས་སུ་བཞག་ཡོད་པ་ལས། ལས་རིམ་དེའི་ནང་གི་ཚུར་སྨྲས་ཚིག་གི་བརྗོད་པས་རྩ་བའི་དམ་བཅར་རེ་དོགས་ཡོང་དོན་གཏན་ནས་གནང་རིགས་མི་འདུག་ལ། ཐ་ན་ཕྱོགས་གཉིས་ཀྱི་ལས་རིམ་དེ་འབྲེལ་གྱི་ཡིག་ཆ་འབྱུང་འགྱུར་བེད་ལོག་ཏུ་སྤྱོད་པའི་རྣམ་རྟོག་ཕྲ་མོ་ཙམ་མ་འཁོར་བ་ནི་ད་ཡོད་གུང་བྲན་སྲིད་གཞུང་གི་ངོ་གདོང་ལས་གསལ་བོར་མཐོང་ཐུབ་པ་ཞིག་རེད། ལར་ནས་དོགས་གཞི་སྤྱིར་བཏང་བ་དང་། རྒྱུ་ལ་བརྟེན་པའི་དོགས་གཞི། ཚོད་བགམ་གྱི་དོགས་གཞི། འོལ་ཚོད་ཀྱི་དོགས་གཞི་སོགས་དབྱེ་བར་ཕྱེས་ཏེ་ལམ་སྟོན་གནང་རྒྱུ་ནི་སྤྱི་ཚོགས་འདིར་མཁོ་ངེས་ཅན་རེད།

  3. སྒང་ནེ་འཇིགས་མེད་ says:
    2010-02-12 at 12:53 am

    བསྟན་འཛིན་ཉིན་བྱེད་ལགས་ནས་རྩོམ་ཡིག་ཡག་པོ་ཞེ་དྲག་བྱིས་གནང་འདུག་པར་དགའ་བསུ་དང་མུ་མཐུན་ནས་ཆབ་སྲིད་དང་འབྲེལ་བའི་དཔྱད་རྩོམ་གང་མང་སྤེལ་རྒྱུའི་རེ་བ་བཅས།

  4. Metok Ma says:
    2010-02-12 at 10:41 am

    ‚ãP-m-zŤ-±ß¾-»ôP-Mã¼-¼ï-z-Vï

  5. ཀརྨ་རྡོ་རྗེ་ says:
    2010-02-12 at 8:13 pm

    མེ་མདའི་ཁ་ནས་སྡུག་བསྡལ་དང་།

    མྰ་འོ་བློ་འཚབ་གློ་ནད་བཟོ་མཁན་བོད་མི་རེད། །
    ཅྰ་འོ་གཡོ་ཅན་མོ་རུ་བཟོ་མཁན་བོད་མི་རེད། །
    ཏྰིང་ཤོ་དངོས་གཙོ་ཁ་བསྒྲགས་བཟོ་མཁན་བོད་མི་རེད། །
    ཧཱུ་ཅེན་རང་ཤི་བརྒྱབ་ཏུ་མ་བཅུག་བོད་རིགས་ཚོ། །

    བདེན་པའི་མཐའ་ནི་རྒྱལ་ཁ་རེད། །

  6. བསམ་གྲུབ། says:
    2010-03-02 at 3:03 am

    ཉིན་བྱེད་ལགས།
    ཁྱེད་ཀྱི་རྩོམ་ཡིག་འདི་ཡང་རྨོངས་པ་སེལ་བའི་ཉིན་བྱེད་རེད་འདུག ད་དུང་མུ་མཐུད་ནས་རྩོམ་ཡིག་གང་མང་སྤེལ་གནང་ཡོད་པ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme