Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མིས་ཉ་ཟས་སྤྱོད་མིན་གྱི་དཔྱད་བརྗོད།

Posted on 2013-01-272013-01-27 By ཁ་བརྡ་ 15 Comments on བོད་མིས་ཉ་ཟས་སྤྱོད་མིན་གྱི་དཔྱད་བརྗོད།

གཉན་གཡག་ཕྲུག་གིས་བསྡུ་བསྒྲིགས་བྱས།

བོད་མིས་ཉ་ཟས་སྤྱོད་མིན་སྐོར་གྱི་གནད་དོན་ཐད་བཞེད་པ་མི་མཐུན་པ་ཕྱོགས་ཆེ་བ་གཉིས་འདུག་སྟེ། གཅིག་ནི་མདོ་དབུས་མཐོ་སྒང་ནི་བསིལ་བའི་ལྗོངས་ཡིན་པས་ཉ་རིགས་སོགས་འཚོ་རྐྱེན་མེད་ཅིང་དེར་འཚོ་སྡོད་བྱེད་པའི་མི་རྣམས་ལ་ཉ་ཟས་སྤྱོད་པའི་གོམས་སྲོལ་ཡང་མེད་པར་འདོད་པ་དང་། གཉིས་ནི་བོད་གདོད་མའི་ཞང་ཞུང་མི་རྣམས་ཀྱིས་ཉ་ཟས་སྤྱོད་པ་ཡིན་མོད། ཕྱིས་སུ་ནང་བའི་ཆོས་ལུགས་བོད་དུ་དར་བ་ནས་བཟུང་རིམ་བཞིན་ཉ་ཟས་སྤྱོད་པའི་གོམས་སྲོལ་ཡང་ཉམས་སོང་བར་འདོད་པ་དེ་རེད། འོན་ཀྱང་ང་ཚོས་བོད་ཀྱི་ལོ་རྒྱུས་ཡིག་ཚང་ལས་མཐོང་ཐུབ་པ་ནི། དཔེར་ན། 《དེབ་ཐེར་མཁས་བའི་དགའ་སྟོན》ལས“ཀུན་ཀྱང་ཆུ་ཡི་རྒྱ་མཚོ་གྱུར་པའི་ནང་། མཐའ་ཡས་སྲོག་ཆགས་སྡུག་བསྔལ་སྤྱོད་པར་གཟིགས”ཞེས་པ་སོགས་མདོ་དབུས་མཐོ་སྒང་འདི་ཐོག་མར་ཆུ་ཡི་ཀླུང་ཆེན་པོ་ཞིག་ཡིན་པ་དང་། དེ་ནས་ཡ་གླིང་དང་ཧིན་རྡུ་སྐམ་ས་ཆེན་པོ་གཉིས་བཙུར་བསྡུར་བྱས་པའི་དབང་གིས་དམའ་ས་རྣམས་མཐོ་རུ་ཕྱིན་པས་ཇོ་མོ་གླིང་མའི་རི་རྒྱུད་སོགས་བྱུང་ལ། མཐོ་བ་རྣམས་གཞུང་དུ་ལྷུང་བས་ཆུ་རྣམས་རིམ་བཞིན་ཀོང་རོང་དུ་སོང་ཞིང་། ད་གཟོད་འཛམ་གླིང་ཐོག་ཆེས་མཐོ་བའི་མདོ་དབུས་མཐོ་སྒང་འདི་ཆགས་པ་ཡིན་ཞེས་བཤད་པས། གནའ་དུས་སུ་མདོ་དབུས་མཐོ་སྒང་འདིར་ཆུ་གནས་སྲོག་ཆགས་ཅི་རིཊ་ཡོད་པ་ནི་གདོན་མི་ཟ། ལོ་རབས་དགུ་བཅུའི་ནང་ལྷ་སའི་ཉེ་ཞོལ་གྱི་ཆུ་གོང་དུ་རྡོ་ཆས་གསར་མའི་སྐབས་ཀྱི་གནའ་ཤུལ་ཞིག་རྙེད་པ་དང་། དེའི་ནང་འབྲུ་རིགས་དང་སེམས་ཅན་གཞན་གྱི་བེམ་པོ་སྣ་ཚོགས་ཤིག་ཡོད་ལ། ད་རུང་ཉ་དང་ཉའི་རིགས་ཀྱི་རུས་པ་དང་རུས་པ་ལས་བྱས་པའི་དངོས་པོའམ་རྒྱན་ཆ། ཉ་རུས་ཀྱི་ཁབ་ལ་སོགས་པ་མང་པོ་ཞིག་ཐོན་ཡོད་པ་དེ་དག་ད་ལྟའི་བར་ལོ་ངོ་བཞི་སྟོང་ལྷག་གི་ལོ་རྒྱུས་ཡོད་པར་བཤད། ཡང་བོན་གྱི《དུར་ཆོག》ལས། “ཉ་ཕག་ར་ཤ་རྒྱུ་མ་འདི།། ཁྱོད་ཀྱི་དུར་རྒྱགས་རྫོངས་སུ་འདེབས།། འདི་ལ་དུར་གྱི་རྒྱགས་སྐལ་གྱིས།། གསོན་གྱི་ཟས་གཡང་མ་རྐུ་ཞིག།”ཅེས་པར་བརྟག་ན་མདོ་དབུས་མཐོ་སྒང་འདིར་གནའ་དུས་སུ་ཉ་རིགས་སོགས་ཆུ་གནས་སྲོག་ཆཊ་གང་མང་འཚོ་ཡོད་པ་མ་ཟད། བོན་གྱི་ཆོ་ག་ཕྱག་ལེན་དུ་མི་ཤི་བའི་རྗེས་སུ་ཉ་སོགས་བཟུང་ནས་གཤིན་པོའི་རྫོང་སྐལ་ལ་དུར་དུ་འཇུག་སྲོལ་ཡང་བྱུང་ཡོད་པ་རེད།

དེས་རྐྱེན་གྱིས་གནའ་དུས་སུ་མདོ་དབུས་མཐོ་སྒང་འདིར་ཉ་རིགས་སོགས་འཚོ་རྐྱེན་མེད་པའི་བཞེད་པ་དེ་མི་འགྲུབ་ཅིང་དེར་འཚོ་སྡོད་བྱེད་པའི་བོད་མི་རྣམས་ལ་ཉ་ཟས་སྤྱོད་པའི་གོམས་སྲོལ་མེད་པར་ཡང་མ་ངེས། ཅི་ཕྱིར་ཞེ་ན། ཏུན་ཧོང་ཡིག་རྙིང་ལས།“ཟས་ཀྱི་ནི་སྐལ་པོག་པ།། ཉ་དང་ནི་གྲོ(གྲོ་མ)མཆིས་ཏེ།།”ཞེས་པ་དང་། ཡང་། ”ཉ་ལས་ནི་ཁམ་དུ་བཀོང་།། ཁམ་ལས་ནི་རྨེག་ཏུ་བཏའ(བཏང)།།”ཞེས་དགུ་གྲི(ཁྲི)ཟིང་ཕོ(པོ)རྗེའི་ཡར་ཀླུང་སོག་ཁ་ཅི་ལྟར་བགོ་བཤའ་རྒྱབ་པའི་གནས་ཚུལ་དཔེ་རུ་དྲངས་ནས་བརྗོད་ཡོད་པ་དང་། 《དེབ་ཐེར་མཁས་པའི་དགའ་སྟོན》དུ་དྭགས་པོ་སྦལ①ཟ་ཞེས་པ་སོགས་ལས་ཀྱང་བོན་དང་བོད་བཙན་པོའི་སྐབས་སུ་བོད་མིས་ཉ་ཟས་སྤྱོད་ཀྱིན་ཡོད་པ་མ་ཟད། ཉ་ཟས་སྤྱོད་པའི་ཆུ་ཚད་ཀྱང་ངེས་ཅན་ཞིག་ལ་སླེབས་འདུག་སྟེ། རྒྱལ་རྩེའི་དམངས་ཁྲོད་ཀ་རྩོམ་དུ། ཅ་ག་བྱས་པའི་ཁོག་མའི་མེ་ཏོག་གཅིག ཆ་མེད་ཡ་གྱར་ཏིང་ཤག་ཁ་ཆག་གཅིག། ཇ་རོ་ལྡུག་བྱེད་ཨུ་ལུ་རྐུབ་རྡོལ་གཅིག། ཉ་ཤ་གཙབ་བྱེད་ལྟར་ཀའི་ཨན་བརྡར་གཅིག། ཅེས་པར་བལྟས་ན། དེའི་སྐབས་སུ་བོད་མིས་རྒྱུན་དུ་ཉ་ཤ་སྤྱོད་བཞིན་ཡོད་པ་མ་ཟད། ད་རུང་དེར་མཁོ་བའི་ཉ་གཙབ་བྱེད་ཀྱི་སྟར་ཀའི་ཨན་བརྡར་སོགས་ཅ་ལག་ཀྱང་ཁ་ཚང་ཡོད་པར་ངེས།

དེ་བཞིན་དུ་བོད་ལ་ཡང་རྒྱ་མི་རིགས་དང་འདྲ་བར་ཉ་དང་འབྲེལ་ཡོད་ཀྱི་རིག་གནས་གཏམ་རྒྱུད་ཀྱང་མང་དག་ཅིག་མཆིས། ཨ་མདོའི་དམངས་གཞས་སུ། རི་སྨུག་པ་ཅན་ན(ལ)རི་དྭགས་འཁོར།། མཚོ་རླངས་པ་ཅན་ན(ལ)ཉ་སྲམ་འཁོར།། ཞེས་ཉའི་གནས་ཡུལ་གླུ་ཚིག་ཏུ་ལེན་པ་དང་། དངུལ་ཆུ་བླ་མ་ཆོས་བཟང་ངམ་ངྷརྨ་བྷ་དྲས་མཛད་པའི《མངོན་བརྗོད་རྒྱ་མཚོའི་ཆུ་ཐིཊ》ནང་ཉའི་མངོན་བརྗོད་ལ། གསེར་མིག་ཅན་དང་མིག་མི་འཛུམ། ཆུར་ཉལ་རྒྱབ་རིང་ཉ་ཡི་མིང་། ཞེས་ཉ་མོའི་ཁྱད་ཆོས་དང་གཟུགས་དབྱིབས། ནུས་པ་སོགས་ལ་ཞིབ་འཇུག་བྱས་ཏེ་རྒྱུ་མཚན་ཡོད་པའི་སྒོ་ནས་བཏགས་པ་ཡིན་པས། གལ་ཏེ་མདོ་དབུས་མཐོ་སྒང་ན་ཉ་མོ་མེད་པ་ཡིན་ན། རྩོམ་པ་པོ་ཁོང་ལ་ཡང་དེ་ལྟ་བུའི་ངེས་པ་མེད་ཅིང་ཕུན་སུམ་ཚོགས་པའི་མིང་ཡང་མི་རྙེད་དོ།། དཔེར་ན་བོད་དུ་མེད་པའི་ལོན་ཞ(龙虾)དང་ཕིང་ཞར(螃蟹)ལྟ་བུ་མང་པོ་ཞིག《མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས》སུ་མི་སྣང་བ་ལྟ་བུའོ།།

ཡང་ཡར་འབྲོག་གཡུ་མཚོ་དང་ཡར་ཀླུང་གཙང་བོའི་འགྲམ་རྒྱུད་དུ་གནས་པའི་མི་རྣམས(ཤར་པ་དང་ལྷོ་པ་སོགས)ཀྱིས་དུས་རྟག་ཏུ་ཉ་མོ་སོགས་བཟུང་ནས་འཚོ་ཐབས་བྱེད་བཞིན་ཡོད་པ་མ་ཟད། ཀོ་རྩེད་ཅེས་པའི་རྩེད་རིགས་ཤིག་ཆགས་ཡོད་པ་དེ་ཡང་ལུས་ཀྱི་འགུལ་ཉམས་དང་སྟངས་སྟབས་སོགས་ཉ་མོ་ཆུ་ནང་དུ་འཁྱུག་རྩལ་བྱེད་པ་དང་མཚུངས་བར་འདུག་ཅེས་དགེ་རྒན་ཆེན་མོ་ཀྲོའུ་རོན་ཉན(周润年)②གྱིས་གསུང་། བོད་ཡིག་གི་ཡིག་གཟུགས་ཀྱི་ཐད་ནས་བཤད་ནའང་བསྟན་པ་སྔ་དར་གྱི་དུས་སུ་ཐེ་ཡོན་ཏན་གྱིས་མཛད་པའི་ཡིག་གཟུགས་ནི་ཉ་མོ་ཆུ་ནང་ནས་དབྱུང་བ་ལྟ་བུ་ཡིན་ཞེས་བཤད་ཅིང་། བོད་ཡིག་གི་ཕྱི་མོ་འཇང་ཡིག་དང་གཟུགས་དབྱིབས་ཅན་གྱི་ཡི་གེ་ཡིན་པར་འདོད་ཚུལ་ལྟར་ན། “ཉ”ཡིག་འདི་ཐོག་མར་ཉ་མོའི་དབྱིབས“་”དང་འདྲ་བར་ཡི་གེའི་གཟུགས་སུ་བཅོས་པ་དང་རིམ་བཞིན་ཡིག་གཟུགས་སྟབས་བདེ་ཅན་དུ་གྱུར་ནས་ད་ལྟ་ང་ཚོས་འབྲི་བཞིན་པའི“ཉ”ཡིག་འདི་བྱུང་བ་དང་། རིགས་འགྲེས་ང་ཚོས་དུས་རྒྱུན་དུ“ཉ་གང་ཟླ་བ”ཞེས་པའང་ཉ་མོའི་གཟུགས་རིས་དང་འདྲ་བའི་སྒོ་ནས་བརྗོད་པ་ཡིན་པར་འདོད་དེ། ཚེས་སྟོད་ལ་ཟླ་བ་ཡར་ངོ་ཡིན་པ་དང་། ཟླ་བའི་དཀྱིལ་འཁོར་མ་རྫོགས་པར་དབྱིབས་ཀྱང་ཉ་མོ་ཞིག་འཁྱིལ་འདུག་པ“~”དང་མཚུངས་ཤིང་། ཚེས་བཅོ་ལྔ་དང་ལྷག་པར་དུ་བཅུ་དྲུག་ལ། དག་ཡིག་གསར་བསྒྲིགས་ལས། “ཆ་གང་བའི་ཟླ་བའི་དཀྱིལ་འཁོར་ཏེ། ཟླ་བ་ཉ་གང་བའི་དུས།”ཞེས་པ་བཞིན་ཉ་མོའི་དབྱིབས་དང་འདྲ་བའི་ཡར་ངོའི་ཟླ་བ་གང་མེད་པའི་ཆ་དེ་དཀྱིལ་འཁོར་ཡོངས་སུ་རྫོགས་པས་ཟླ་བ་ཉ་གང་བའམ“ཉ་གང་ཟླ་བ”ཞེས་བརྗོད་པར་སྙམ། ཡང་དཔེར་ན་བོད་མི་ཀུན་གྱིས་དུས་རྟག་ཏུ་བཀྲ་ཤིས་པའི་རྟགས་མཚན་དུ་མངོན་པའི་རྟགས་བརྒྱད་དང་རྫས་བརྒྱད། ད་རུང་དཀར་ཡོལ་དང་རྫ་མ་སོགས་ཀྱི་ངོས་སུ་གསེར་ཉ་ཁ་སྤྲོད་ཀྱི་རི་མོ་མང་པོ་མཐོང་རྒྱུ་ཡོད་པ་དེ་དག་ནི་སྨོན་འདུན་དང་རྟེན་འབྲེལ་འགྲིག་པའི་རྟགས་ཤིག་ཏུ་མངོན་ཞིང་། མི་རིགས་ཀྱི་འདུ་ཤེས་འཛིན་སྟངས་དང་དད་གུས་བྱེད་ཡུལ་ཞིག་ཀྱང་རེད།

མདོར་ན་ཞང་ཞུང་བོན་དང་བོད་བཙན་པོ་རྣམས་ཀྱི་སྐུ་དུས་སུ་རྟག་ཏུ་ཉ་ཟས་སྤྱོད་པ་མི་ཉུང་བ་ཞིག་ཡོད་པ་མ་ཟད། ཉ་ཀྱུ་དང་། ཉ་གྲ། ཉ་རྒྱ(ཉ་དོལ)། ཉ་བ། ཉ་ཕྱིས་སོགས་ཉ་དང་འབྲེལ་བའི་མིང་ཚིག་ཀྱང་ཕུན་སུམ་ཚོགས་པ་བྱུང་ཡོད་པ་དང་། ཕྱིས་སུ་རྒྱ་གར་ནས་སངས་རྒྱས་ཆོས་ལུགས་བོད་དུ་དར་བ་དང་། དགེ་འདུན་གྱི་སྡེ་བཙུཊ། དགོན་པ་གྲྭ་ཚང་མང་པོ་བཞེངས་ཤིང་འདུལ་བའི་སྡོམ་པ་མནོས་ནས་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བཅོས། གྲྭ་བའི་ཚོགས་ཀྱང་ཧ་ཅང་ཇེ་མང་དུ་སོང་བ་དང་སྡོམ་པ་ལྔ་ཚུལ་བཞེས་གྱི་དགེ་བསྙེན་པ་དང་མི་སེར་དད་མོས་ཅན་ཡང་ཇེ་མང་ནས་ཇེ་མང་དུ་སོང་བས། ད་གཟོད་ཉ་ཤ་མི་ཟ་བ་དང་ཉ་ཁུ་མི་བཏུང་བའི་སྲོལ་དེ་ཁྱབ་བརྡལ་དུ་སོང་བ་དང་། བོད་དམངས་ཁྲོད་དུ་བོད་མིས་ཉ་ཟས་མི་སྤྱོད་པའི་རྒྱུ་མཚན་ནི། ཉ་ཀླུ་རེད་ཟེར་བ་དང་། བོད་ཀྱིས་མི་འཆི་བའི་རྗེས་སུ་བེམ་པོ་ཆུར་བསྐྱུར་བས་ཉ་ཤ་བཙོག་པར་འདུག་ཅེས་པ་སོགས་བཤད་སྲོལ་མང་དུ་འདུག་པ་གང་ལྟར་ཡང་རིམ་བཞིན་མང་ཚོགས་ཀྱི་འཚོ་བའི་ཁྲོད་དུ་ཉ་ཟས་སྤྱོད་མི་ཉན་པའི་འདུ་ཤེས་བརྟན་པོ་ཞིག་ཆགས་པ་དེ་ཡིན། དེའི་རྐྱེན་པས་ཕྱི་རབས་པ་རྣམས་ལ་བོད་མིས་གནའ་དུས་སུ་ཉ་ཟས་སྤྱོད་མིན་སྐོར་ལ་འཁྲུལ་སྣང་གི་འདུ་ཤེས་གང་མང་ཞིག་སྟེར། ཡིན་ནའང་ད་ལྟའི་དུས་འདིར་མི་མང་གི་འཚོ་བ་ཇེ་སྐྱིད་ཇེ་བཟང་དུ་འགྲོ་བ་དང་བསྟུན་ཉ་དང་ཆུ་གནས་སྲོག་ཆགས་གང་མང་ལས་བྱས་པའི་ཟས་རིགས་སྣ་ཚོགས་སྤྱོད་པའི་བོད་མིའི་མི་གྲངས་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེ་ནི་སྤྱི་ཚོགས་ལོ་རྒྱུས་ཀྱི་འཕེལ་འགྱུར་ཞིག་དང་འཚོ་བའི་འགྱུར་ལྡོག་ཅིག་རེད་ཟེར་ཡང་མི་ཆོག་རྒྱུ་མི་འདུག་པ་བཅས་རང་གི་ཐོག་མའི་འཆར་སྒོ་ཙམ་བརྗོད་པ་ལས་མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ་བས། དེའི་ཕྱོགས་ལ་མོས་མཁན་དག་གིས་ཞིབ་ཏུ་དཔྱད་པར་འཚལ་ལོ།།

དཔྱད་རྩོམ།

Post navigation

Previous Post: ཕ་ཡུལ་དྲན་ཚུལ།
Next Post:      བདག་གི་ཨ་ཕ།  

Comments (15) on “བོད་མིས་ཉ་ཟས་སྤྱོད་མིན་གྱི་དཔྱད་བརྗོད།”

  1. མེ་ཏོག་དཀར་པོ says:
    2013-01-27 at 9:03 pm

    ༼བཙུར་༽ འདིའི་དོན་གང་རེད།

  2. ཐུ་བ་རྒྱ་མཚོ། says:
    2013-01-27 at 9:24 pm

    དཔྱད་བརྗོད་ཡག་པོ་འདུག

    སྤྱིར་བོད་མི་རིགས་འདི་ལ་ཡོངས་ཁྱབ་ཏུ་ཟས་སུ་མི་བཟའ་བའི་ཤ་ཡི་རིགས་བཞི་ཡོད་པར་སྣང་།

    གཅིག ཉ་སོགས་ཆུ་གནས་སེམས་ཅན་གྱི་ཤ་ཟས་སུ་མི་བཟའ་བ།
    གཉིས། བྱ་སོགས་སྡེར་མོ་ཅན་གྱི་ཤ་ཟས་སུ་མི་བཟའ་བ།
    གསུམ། རྟ་སོགས་རྨིག་ཀོར་ཅན་གྱི་ཤ་ཟས་སུ་མི་བཟའ་བ།
    བཞི། དོམ་སོགས་གཅན་གཟན་རིགས་ཀྱི་ཤ་ཟས་སུ་མི་བཟའ་བ།

    གོང་གསལ་སྲོག་ཆགས་རིགས་བཞི་བོའི་ཤ་གང་ཞིག་ཡིན་ཡང་བོད་མི་སྤྱི་བྱིངས་ནས་ཟས་སུ་བཟའ་མི་རུང་བའི་ཤ་ཡི་རིགས་ཤ་སྟག་ཡིན། འོན་ཀྱང་དེང་སྐབས་ཉ་ཤ་དང་བྱ་ཤ་རིགས་བཟའ་མཁན་ཇེ་མང་ནས་ཇེ་མང་འཕེལ་བཞིན་ཡོད་ན་ཡང་དེ་མིན་རིགས་གཞན་དག་གཉིས་ཀྱི་ཤ་བཟའ་མཁན་ཕལ་ཆེར་མེད་ཚོད་རེད།

  3. ཨོ་རྒྱན་རིག་འཛིན། says:
    2013-01-27 at 10:54 pm

    སྔོན་ཞང་ཞུང་སྐབས་ཉ་ཟ་བ་དང་ཕྱིན་སུ་བན་དྷེ་དར་ནས་ཉ་མི་ཟ་བ་ཡིན་མི་གང་ཤེས་ཏེ་ལོ་
    པ་སོགས་བན་དྷེའི་བླ་ཆེན་ཉ་ཟ་བས་མ་ཚད་གསོད་མཁན་ཡང་མང་པོ་འདུག་བ། དེ་འདྲ་ལབ་མི་ཉན་
    བོད་ཡུལ་ལ་མཚོན་ན་ལྷོ་བྱང་གྱི་ཁྱད་པར་ཡོད། ལྷོ་རྒྱུད་བོད་མི་ཕལ་ཆེ་བ་ཉ་མི་ཟ་མཁན་མེད།
    དཔེར་ན་ རྐང་པོ་རྒྱུད་ཚང་མ་ ལྷོ་ཁ་རྒྱད་ཚང་མ་ རྫ་ཡུལ་ ཚ་བ་རོང་ ཙ་རུ་རོང་ རྒྱ་རོང་ སོགས་
    ཨ་མདོ་ཤར་རྒྱུད་ཕལ་ཆེ་བ་ ཉ་ཟ་མཁན་ཡིན་ བྱང་རྒྱུད་ ནང་ཆེན་ཉེར་ལྔ་ ཚོ་པ་སོ་དགུ་ ཨ་མདོ་བྱང་
    རྒྱུད་ སྡེ་དགེ་འབྲུ་ཆུ་རྒྱུད་མ་ཡིན་པ་ སོགས་བོད་བྱང་རྒྱུད་ཕལ་ཆེ་བས་ཉ་ཟ་ཡི་མེད། ལྷོ་རྒྱུད་ཤ་མར་
    དཀོན་པས་ཉ་ཕག་བྱ་སོགས་ཟ་བཞིན་ཡོད། བྱང་རྒྱུད་ཤ་མར་འབེལ་བས་ཉ་བྱ་ཕག་སོགས་མི་ཟ་།
    དེ་ནི་ཟ་འབེལ་མིན་གྱི་ཁྱད་པར་ལས་ཆོས་ལུགས་ཀྱི་ཁྱད་པར་ག་ལ་ཡིན།

  4. མེ་ཏོག་དཀར་པོ says:
    2013-01-27 at 11:18 pm

    ཧིན་དུས་བ་གླང་མི་ལ། །
    ཁ་ཆེས་ཕག་ཤ་མི་ཟ་ཡང་། །
    བྱ་ཕག་ར་གླང་མ་ཧེ་ཉ། །
    ཡོངས་རྫོགས་བོད་ཀྱི་ནང་པས་ཟ། །

  5. མེ་ཏོག་དཀར་པོ says:
    2013-01-27 at 11:19 pm

    དཔེར་ན་ཨོ་རྒྱན་རིག་འཛིན་བཞིན། །ཧ ཧ ཧཧཧ

  6. BONPO says:
    2013-01-28 at 9:06 am

    གཉན་གཡག་ཕྲུག་གིས་བསྡུ་བསྒྲིགས་བྱས་པའི་བོད་མིས་ཉ་ཟས་སྤྱོད་མིན་གྱི་དཔྱད་བརྗོད་ཅེས་པ་འདི་ཡི་དམིགས་འབེན་གཙོ་བོ་དེ་ཞང་ཞུང་དང་བོན་ལུགས་ལ་མཐོང་ཆུང་གཏོང་བྱེད་འདྲ་པོ་འདུག། འོན་ཀྱང་གང་ཞིག་གིས་ཉ་ཤ་བཟས་པ་ཙམ་གྱིས་དེ་ལྟར་ག་ལ་འགྱུར། དཔེར་ན་ཡེ་ཤུའི་ཆོས་ལུགས་པ་རྣམས་ཀྱིས་ཉ་ཤ་ནི་ཁོང་རང་ཚོས་དཀོན་གིས་ཆོག་མཆན་གནང་པའི་ཁ་བཟས་རེད། ཤ་དཀར་པོ་ཡང་ཟེར་གྱི་འདུག་བཟས་པ་ཡིན་ན་གཟུགས་གཞི་ལའང་དེ་ཙམ་མི་གནོད་ོཔ་དང་ཕན་རབས་ཤོད། སྨན་པ་མཁས་པ་རྣམས་ཀྱིས་གླང་ཤ་སོགས་དམར་ཤ་བཟས་པ་ཡིན་ན་གཟུགས་གཞི་ལ་གནོད་སྐྱོན་ཆེན་པོ་གཏོང་གི་ཡོད་པའི་སྐོར་ཀྱང་རྒྱས་པར་བྲིས་འདུག། ད་དུང་དམར་ཤ་རྗེན་པ་བཟས་པ་ཡིན་ན་དེ་བས་ཀྱང་གནོད་ཚབ་ཆེན་པོ་ཡིན་པར་བཤད་ཡོད། ད་གང་ལྟར་གཉན་གཡག་ཕྲུག་གིས་བསྡུ་བསྒྲིགས་བྱས་པའི་དཔྱད་གཏམ་འདིར་རྒྱ་གར་ནས་སངས་རྒྱས་ཆོས་ལུགས་བོད་དུ་དར་བ་ནས་ཉ་ཤ་བཟའ་རྒྱུ་མཚམས་བཞག་རབས་བཤད་པ་འདི་ནི་བདེན་པ་མ་རེད། བོད་ཡུལ་གྱི་ལུང་པ་ཕལ་མོ་ཆེར་སྔ་དུས་ནས་ཉ་ཕག་སྒོང་གསུམ་ལ་བཙོག་གྲིབ་དུ་བལྟས་ནས་མི་བཟའ་བའི་ལམ་ལུགས་རང་བཞིན་གྱིས་ཡོད་པ་རེད། སངས་རྒྱས་ཆོས་ལུགས་དར་བ་རྒྱུ་མཚན་དུ་བྱས་ནས་ཉ་ཤ་མི་བཟའ་བར་འདོད་ན། འོ་ན་ཤཱི་རི་ལང་ཀ་དང་ཐཱ་ཡི་ལེཌ་དང་འབར་མའི་དགེ་སློང་རྣམས་ཀྱིས་ཉ་ཤ་དང་འབྲས་ཁོ་ཚོས་ཁ་བཟས་ཡག་ཤོས་སུ་བརྩིས་ནས་དུས་རྒྱུན་པར་བཟའ་བཞིན་པ་འདི་གང་ཡིན་ནམ། ཤཱི་རི་ལང་ཀ་ནི་ནང་པའི་རྒྱལ་ཁབ་ཅིག་ཡིན་ནའང་ཉ་ཤ་ནི་ཁོ་ཚོའི་སྤྱི་དམངས་ཀྱི་རྒྱུན་ལྡན་ཁ་བཟས་ཡག་ཤོས་དང་མ་ཚད་ཚོང་རྫས་ཀྱང་ཡག་ཤོས་དེ་རེད་འདུག། ཉ་ཤ་མི་བཟའ་བ་ནི་སངས་རྒྱས་ཆོས་ལུགས་དར་བ་རྒྱུ་མཚན་དུ་བྱས་ན་ཐལ་བ་ཆ་ཆེན་པོ་བབ་ཉན་འདུག་གོ། མ་ཟད་ཤར་ཕྱོངས་རྒྱལ་ཁབ་ཁག་གི་ནང་དུ་ཉ་ཤ་བཟའ་མཁན་སྟོབས་ཆེ་ཤོས་དང་མང་ཤོས་དེ་ནི་ནང་པའི་རྒྱལ་ཁབ་དེ་ཚོ་རེད། གཡག་ཤ་དང་ལུག་ཤ་བཟའ་མཁན་སྟོབས་ཆེ་ཤོས་དེ་ནི་བོད་པ་ཚོ་རེད་འདི་ཡང་སངས་རྒྱས་ཆོས་ལུགས་ལ་གུས་མཁན་ཞིག་ཡིན། འདི་ཚོ་ཡང་ཁྱེད་ཀྱིས་ཤེས་དགོས། །

  7. བན་དེ་བ། says:
    2013-01-28 at 9:18 am

    བོད་ས་སྟོད་རྒྱུད་ཀྱི་མི་རྣམས་ཀྱིས་ཉ་ཕག་སྒོང་གསུམ་བཟའ་སྲོལ་མེད་དེང་རྒྱ་ནག་གིས་བོད་ས་དབང་བསྒྱུར་བྱས་རྗེས་སུ་བོད་མི་རྣམས་ནི་ཤ་རིགས་ཐམས་ཅད་བཟའ་མཁན་ཞིག་ཏུ་འགྱུར་ཡོད། གཉན་གཡག་ཕྲུག་གིས་དཔྱད་གཏམ་ནི་ཕྱོགས་ལྷུང་གི་གཏམ་ཞིག་ལ་དཔྱད་པ་བྱས་པའི་གནད་ཅིག་མ་མཐོང། ལྷག་པར་དུ་གཙང་མ་ཞང་ཞུང་ཟེར་བ་དེ་ཡང་ཉ་ཕག་སྒོང་གསུམ་མི་བཟའ་བའི་རྒྱུ་མཚན་ལོ་རྒྱུ་དང་བཅས་པ་ཡོད་འདུག ཞང་ཞུང་མེ་རི་ཡི་དམ་དུ་བསྟེན་ཚེ་ཉ་ཕག་སྒོང་གསུམ་ནི་སྤོངས་དགོས་པའི་སྔགས་ཀྱི་དམ་ཚིག་དུ་བསྟན་འདུག་པས་གཉན་གཡག་ཕྲུག་ལགས་ཤོག་ཐོག་ཏུ་བྲོ་བརྡུང་བའི་ཚུལ་མིན་པར་ཞིབ་འཇུག་ནན་པོ་བྱེད་དགོས་པ་ལས།དེ་མིན་དཔྱད་པ་ཞེས་པའི་ཐ་སྙད་དེ་མི་འདོགས་རོགས། ཆ་ཡོད་རྒྱུས་ཡོད་ཀྱི་མི་ཡིས་ལྟས་ན་ཧཧཧཧཧཧ

  8. བསྟན་འཛིན་རྒྱལ་པོ། says:
    2013-01-28 at 4:47 pm

    “ཡང་བོན་གྱི《དུར་ཆོག》ལས། “ཉ་ཕག་ར་ཤ་རྒྱུ་མ་འདི།། ཁྱོད་ཀྱི་དུར་རྒྱགས་རྫོངས་སུ་འདེབས།། འདི་ལ་དུར་གྱི་རྒྱགས་སྐལ་གྱིས།། གསོན་གྱི་ཟས་གཡང་མ་རྐུ་ཞིག།”ཅེས་པར་བརྟག་ན་མདོ་དབུས་མཐོ་སྒང་འདིར་གནའ་དུས་སུ་ཉ་རིགས་སོགས་ཆུ་གནས་སྲོག་ཆཊ་གང་མང་འཚོ་ཡོད་པ་མ་ཟད། བོན་གྱི་ཆོ་ག་ཕྱག་ལེན་དུ་མི་ཤི་བའི་རྗེས་སུ་ཉ་སོགས་བཟུང་ནས་གཤིན་པོའི་རྫོང་སྐལ་ལ་དུར་དུ་འཇུག་སྲོལ་ཡང་བྱུང་ཡོད་པ་རེད།” བོན་པོ་ཚོས་གོང་གི་དཔེ་ཆ་དེ་བདག་པོ་ཡག་པོ་རྒྱག་རོགས། ཧཧཧཧ།
    གཡག་ཕྲུག་ལགས། མངོན་བརྗོད་རྒྱ་མཚོའི་ཆུ་ཐིག་ལས། གླང་ཆེན་དང་། མ་ཧེ། རྔ་མོང་སོགས་ཀྱི་འགྲེལ་བཤད་ཀྱང་འདུག་གོ། བོད་དུ་སེམས་ཅན་དེ་ཚོ་སྔོན་མ་ཡོད་ནས་ད་འཇིས་ཚར་ཡོད་ས་རེད།

  9. སྤོབས་པ་མཐའ་ཡས། says:
    2013-01-28 at 9:35 pm

    སྤྱིར་ན་བན་དེ་མ་དར་གོང་ལ་ཉ་ཤ་ཟ་མཁན་དང་མི་ཟ་མཁན་གྱི་བོན་པོ་ཟེར་བ་ཞིག་ཡོད་མེད་ཀྱང་མི་ཤེས་མོད། དྲང་པོ་བཤད་ན་གཉན་གཡག་ཕྲུག་གིས་བོན་པོས་ཉ་ཤ་ཟ་བའི་སྒྲུབ་བྱེད་དུ་དྲངས་པའི་ལུང་འདིས་བོན་པོས་ཉ་ཤ་ཟ་བའི་སྒྲུབ་བྱེད་དུ་འགྲོ་བ་ཞིག་རེད་མི་འདུག དེ་ནི་དེ་ལས་ལྡོག་སྟེ་ཉ་ཤ་མི་ཟ་བའི་སྒྲུབ་བྱེད་དུ་འགྲོ་བ་ཞིག་རེད་འདུག དེ་ཡང་ཉ་ཤ་ར་ཤ་རྒྱུ་མ་སོགས་ནི་ཤ་རིགས་ཀྱི་ནང་ནས་ཆེས་མི་གཙང་བ་ཡིན་པས་གླུད་རྫས་སུ་གཏོང་བཞིན་ཡོད་པ་འདྲ། དེ་ཡང་ཡིན་དེ་བོད་ཀྱི་འབྲོག་ཁུལ་དུ་ཕག་ཤ་ཟ་མཁན་དཀོན། ར་ཤ་ཡང་དེ་ཙམ་ཡག་པོ་ཞག་ལ་མི་བརྩི་བས་ཁྱིམ་ཚང་ཕྱུག་པོ་ཚོས་ར་མི་ཉར། རྒྱུ་མ་ནི་གང་ཤེས།

  10. ཨོ་རྒྱན་རིག་འཛིན། says:
    2013-01-28 at 10:48 pm

    མེ་དཀར་ཟེར་བ་་་་ཧཧཧཧ་དེ་འདྲ་མ་བཤད་ངས་བསམ་ན་ཁྱོད་ཀྱི་ཉ་མ་ཟད་སྡིག་སྲིན་སྦལ་པ་སོགས་སྲོག་
    ཆགས་གང་མང་ཞིག་ཟ་བ་མ་ཟད། བོད་མི་ལུགས་སྲོལ་དང་མི་མཐུན་པར་ཕྱི་ལུགས་ལྟར་མོ་མཚན་
    འཇིབ་ལྡག་བྱེད་ཀྱི་ཡོད་ཚོད་རེད་ཧཧཧཧཧཧཧ

  11. མེ་ཏོག་དཀར་པོ says:
    2013-01-28 at 10:51 pm

    མོ་སྟོན་ཕག་མགོའི་མོ་བཞིན་ཨོ་རིག་འདིས་ཏག་ཏག་བཤད་སོང་། ཧ་ཧ་ཧ་བ་་ཧ་བ་

  12. ཨོ་རྒྱན་རིག་འཛིན། says:
    2013-01-28 at 10:58 pm

    བསྟན་འཛིན་རྒྱལ་པོ་ ཏེ་ལོ་པ་སོགས་བན་དྷེ་གང་མང་ཞིག་གི་ཉ་ཟ་བས་མཚད་བསད་
    པའི་ལོ་རྒྱུས་དང་ལྡེབས་བྲིས་དེ་ཚོ་བདག་པོ་ཡག་པོ་བྱེད་རོགས་ངོ་མ་ཡིན་ཧཧཧཧཧཧཧཧཧཧ

  13. ཨོ་རྒྱན་རིག་འཛིན། says:
    2013-01-28 at 11:00 pm

    བསྟན་འཛིན་རྒྱལ་པོ་ ཏེ་ལོ་པ་སོགས་བན་དྷེ་བླ་ཆེན་གང་མང་ཞིག་གི་ཉ་ཟ་བས་མ་ཚད་བསད་
    པའི་ལོ་རྒྱུས་དང་ལྡེབས་བྲིས་དེ་ཚོ་བདག་པོ་ཡག་པོ་བྱེད་རོགས་ངོ་མ་ཡིན་ཧཧཧཧཧཧཧཧཧཧ

  14. ཨོ་རྒྱན་རིག་འཛིན། says:
    2013-01-28 at 11:08 pm

    མ་སྟོན་མོ་སྟོན་ངས་མི་ཤེས་ཡང་ གོང་བཤད་དེ་ཚོ་ཐིག་ཡོད་ཚོད་འདུག། སྟུ་འཇིབ་ལྡགས་བྱས་ན་
    དམིགས་བསལ་བྲོ་བ་འདྲ་འདུག་གམ་དྲི་ངན་འདྲ་འདུག་གཅིག་ཤོད་དང་ མེ་དཀར་་་ཁྱོད་ཀྱི་ཁས་
    བླངས་ཚར་སོང་བ ཧཧཧཧཧཧཧཧཧཧཧཧ

  15. BONPO says:
    2013-01-28 at 11:10 pm

    བོད་ཀྱི་བོན་པོ་དང་གདོད་མའི་ཆོས་ལུགས་ཁག་དབར་གྱི་འབྲེལ་བ། བོད་ཀྱི་བོན་པོ་དང་ཡེ་ཤུ་བའི་དབར་གྱི་འབྲེལ་བ། བོད་ཀྱི་བོན་པོ་དང་ཁ་ཆེ་བའི་དབར་གྱི་འབྲེལ་བ། བོད་ཀྱི་བོན་པོ་དང་ཧིན་རྡུ་བའི་དབར་ཀྱི་འབྲེལ་བ། བོད་ཀྱི་བོན་པོ་དང་བན་དེའི་དབར་གྱི་འབྲེལ་བ། ལྷག་པར་དུ་བོད་ཀྱི་བོན་པོ་དང་བོད་ཀྱི་དམ་པའི་ཆོས་དབར་གྱི་འབྲེལ་བ་བཟང་པོ་གང་ཡོད་པ་རྣམས་ཁྲི་ལོར་བརྟན་པར་ཤོག། ། བོན་པོའི་དཔེ་ཆ་ཞིག་ཡིན་ན་བོན་པོ་ཚོས་ངེས་པར་དུ་བདག་པོ་བརྒྱབ་ངེས་ཡིན། ལྷ་མཆོད་དང་ཀླུ་མཆོད་སོགས་གང་ཡོད་པ་ཡིན་ནའང་ཁྱད་པར་སྤུ་ཙམ་མེད། རྙིང་པ་ཡིན་ན་རྙིང་དྲི་བྲོ་དགོས་པ་དེ་གལ་ཆེན་པོ་རེད། ད་བར་གསང་སྔགས་ཀྱི་སྐོར་ནས་གསལ་བཤད་ཕྲ་ཞིང་ཕྲ་བ་བྱ་རྒྱུ་མ་བྱུང་། དཔེ་ཆའི་ཚིག་ཟིན་ལ་ཡོད་ཚད་ཚང་མ་ངེས་དོན་དུ་འགྲེལ་རྐྱང་བྱེད་འདོད་ན་འཚེ་མེད་ཞི་བ་ཟེར་བ་དང་ཡ་རབ་སྤྱོད་བཟང་ཟེར་བའི་འུར་སྒྲ་ཆེན་པོ་དེ་ཡང་ག་བ་འགྲོ་མི་ཤེས། དེ་བརྩིས་གཞན་ལ་ཚོགས་གཏམ་བསྒྲག་རྒྱུའི་ཞལ་ལྕེ་རིང་བར་བརྐྱང་འདོད་ན་དང་པོ་སོ་སོའི་དཔེ་ཚོགས་ཁག་ལེགས་པར་གཟིགས་ནས་ཕེབས་ཤོག་མ་གཏོགས་སྣང་བ་གང་དྲན་བྱེད་ས་ཡོད་མ་རེད་དོ། རྒྱུས་མེད་མཁན་ཞིག་ལ་མཚན་ཉིད་ཟེར་བ་གང་ཡིན་ནམ་རེད་ཟེར་དྲིས་ན་ལག་པ་བརྡབ་ཡ་རེད་ལབ་ཀྱི་རེད། དོན་ཡང་སྙིང་མཚན་ཉིད་ཟེར་བ་དེ་ལག་པ་བརྡབ་རྒྱུ་གཅིག་པུ་མ་རེད་བ། དེ་བཞིན་འཆམ་ཟེར་བ་གང་ཡིན་ནམ་ཟེར་དྲིས་ན་རྐང་པ་ལག་པ་གཡུག་ཡ་རེད་ལབ་ཀྱི་རེད། ཡིན་ནའང་འཆམ་གྱི་གོ་དོན་དེ་རྐང་ལག་གཡུག་བསྡད་རྒྱུ་གཅིག་པུ་མ་རེད་བ། སྒོམ་ཟེར་བ་གང་ཡིན་ནམ་དྲིས་ན་ཙོག་ཙོག་བྱས་ནས་བསྡད་རྒྱུ་རེད་ཟེར་ལབ་ཀྱི་རེད། ཡང་སྙིང་སྒོམ་གྱི་གོ་དོན་ངོ་མ་དེ་ཙོག་ཙོག་བྱས་ནས་བསྡད་རྒྱུ་གཅིག་པུ་མ་རེད་བ། དེ་བཞིན་ཚིག་སྣ་ཟིན་སྤུ་ཟིན་རེ་ཁྱེར་ཡོང་ནས་བོན་ལུགས་འདི་འདྲ་རེད་ཟེར་བཤད་ན་བགད་མོ་ཤོར་བྱེད་མ་རེད་དམ། མི་ཤེས་ན་མ་ཤེས་བའི་ཚོད་ཀྱིས་བཤད་ན་མ་གཏོགས་་ཞེ་བོ་ཐག་ཆོད་མདོག་ཁ་པོ་བཤད་ན་དངོས་གནས་ཁྱད་མཚར་པོ་འདུག་གོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme