Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མིའི་སྤྱི་ཚོགས་དང་དཀྲོག་གཏམ་གྱི་ནུས་པ།

Posted on 2012-12-172012-12-17 By ཁ་བརྡ་ 15 Comments on བོད་མིའི་སྤྱི་ཚོགས་དང་དཀྲོག་གཏམ་གྱི་ནུས་པ།

ཁྲི་རལ་པ།

སྤྱི་ཚོགས་གང་དུ་མིའི་ཤེས་ཡོན་གནས་ཚད་སྐྱོ་བོ་དང་ཁྲིམས་ལུགས་ཀྱི་དབང་བསྒྱུར་ཞན་པོ་ཡོད་ས་དེར་དཀྲོག་གཏམ་དང་རྫུན་གྱིས་ནུས་པ་ཆེན་པོ་འཐོན་བཞིན་པ་ཧ་ལམ་ཆོས་ཉིད་ལྟ་བུ་རེད། ནུབ་ཕྱོགས་རྒྱལ་ཁབ་ཁག་མང་པོ་དགྲར་འཛིན་གྱིས་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་མཁན་ཚོ་ལས་ཀྱང་ཁ་ཆེའི་རྒྱལ་ཁབ་དཔལ་འབྱོར་དང་ཤེས་ཡོན་གྱི་གནས་ཚད་ཧ་ཅང་སྐྱོ་བོ་ཡིན་པ་ཁག་གི་ནང་། འཇིགས་སྐུལ་འགོ་ཁྲིད་ཚོས་དམ་པའི་དམག་འཁྲུག་ཁྲོད་སོ་སོའི་ལུས་ལ་འབམ་རྫས་བཏགས་ཏེ་དགྲ་ཕྱོགས་མང་པོ་ཅིག་དང་ལྷན་ཤི་བ་ཡིན་ན་གསོད་བྱ་དང་གསོད་མཁན་གཉིས་ཀ་དག་ཞིང་དུ་སྐྱེ་ཚུལ་སོགས་ཀྱི་དཀྲོག་གཏམ་གྱིས་ནུས་པ་ཆེན་པོ་འཐོན་ཏེ་རང་སྲོག་བློས་གཏོང་མཁན་མང་པོ་ཡོང་གི་ཡོད་ཅིང་། ནུབ་ཕྱོགས་སྤྱི་ཚོགས་ཀྱང་ཤེས་ཡོན་གནས་ཚད་སོགས་གང་ཅི་ཡར་རྒྱས་དེ་ཙམ་མ་སོང་གོང་ཡེ་ཤུས་ཆོས་ལ་མི་དད་པ་ཚོ་ཀླ་ཀློ་དང་ཚན་རིག་པ་ཚོ་ཆོས་ལུགས་ཀྱི་དགྲ་བོར་བརྩིས་ཏེ།ཆབ་སྲིད་པ་ཚོས་ཆོས་ལུགས་ལག་ཆ་བྱས་འོག་དཀྲོག་གཏམ་སྣ་ཚོགས་ཀྱིས་ཚན་རིག་པ་དམར་གསོད་བྱེད་པ་དང་ཁ་ཆེའི་ཡུལ་ལུང་མང་པོར་དམག་འཁྲུག་གང་བྱུང་དུ་བརྒྱབས་པའི་གནས་ཚུལ་བྱུང་མྱོང་ཡོད་པ་རེད།
རང་ཅག་བོད་མི་རྣམས་ནི་གནའ་སྔ་མོ་ནས་མི་གྲངས་ཉུང་བ་དང་གྲྭ་ས་ཁག་མ་གཏོགས་མང་ཚོགས་ནང་ཡི་གེ་ཤེས་མཁན་ཧ་ཅང་ཉུང་བ། ཡུལ་ལུང་རྒྱ་ཆེ་བས་མིའི་སྤྱི་ཚོགས་དེ་ཙམ་འཁྲུག་པོ་མེད་པ། སྐད་ཆ་གང་བྱུང་བཤད་པར་འགན་ཁུར་དང་ཁྲིམས་ཀྱིས་ནག་འདེད་གཏོང་མཁན་དཀོན་པ་སོགས་ཀྱིས། མི་ཕན་ཚུན་གཏམ་ཡག་སྡུག་གང་འདྲ་བཤད་པར་ཡིད་ཆེས་རྐྱང་འདྲ་བོ་ཅིག་ཡོད་པར་དམིགས་ཏེ། རིམ་གྱིས་སྲིད་དོན་པ་དང་མི་མགོ་བདེ་ཚོས་སོ་སོ་མི་དགའ་སའི་ཁ་གཏད་དེ་ནག་པོ་བཟོ་དགོས་དུས་མང་ཚོགས་ནང་མི་དེར་ཁུངས་ལུང་མེད་པའི་གཞི་མེད་ཀྱི་དཀྲོག་གཏམ་སྣ་ཚོགས་སྤེལ་ན། མངོན་ཐོག་ཏུ་འཐོན་ནས་བདེན་པ་བརྡར་བ་ལས་དཀྲོག་གཏམ་གྱིས་མི་དེ་བདེ་བླག་ངང་ནག་པོ་བཟོ་ཐུབ་ཀྱི་ཡོད། རྒྱུ་མཚན་དཀྲོག་གཏམ་དེ་ལ་གསལ་བཤད་བྱེད་ས་དང་ཁ་གཏད་གཅོག་ས་རྩོད་པ་བརྒྱབ་ས་བཅས་མེད་པར། མི་མངོན་པའི་ཟོལ་གྱིས་མིའི་སེམས་ཁམས་ལ་བག་ཆགས་གཏིང་ཟབ་འཇོག་ཐུབ་པས་རེད། ལྷག་པར་ཚགས་པར་སོགས་གསར་ལམ་ཁག་ཏུ་བཀོད་པ་ལས་ཀྱང་དཀྲོག་གཏམ་དེ་བོད་མིའི་སྤྱི་ཚོགས་སུ་ཧ་ཅང་འཚམ་པོ་དང་ནུས་པ་ཆེན་པོ་འཐོན་པར་རྐྱེན་བྱས་ཏེ། དེང་རབས་ཀྱི་རྒྱལ་སྤྱིའི་ངེས་གཏན་མེད་ལ་གཡོ་འཁྱོམ་ཆེ་བའི་སྲིད་དོན་འཐབ་རྩོད་ཁྲོད་རྒྱལ་ཁབ་རེ་ཟུང་གིས་བོད་དོན་ལག་ཆ་ལ་མཁོ་སྐབས་མངོན་གསལ་གྱིས་བོད་ལ་རོགས་སྐྱོར་བྱེད་པ་དང་། ཡང་བོད་མིའི་འཐབ་རྩོད་ཀྱི་ཡར་རྒྱས་དང་ཆིག་སྒྲིལ་གྱི་ནུས་པ་དེ་སོ་སོའི་ཁེ་ཕན་ལ་ཉེན་ཁ་མཐོང་སྐབས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་མི་སོ་བ་བརྒྱ་ཕྲག་འགའ་བཙུགས་ཏེ་ཆེད་དུ་སྤྱི་ཚོགས་ནང་ཆིག་སྒྲིལ་ཉམས་ཞན་དང་འགོ་ཁྲིད་ནུས་པ་ཅན་ཁག་ཅིག་ནག་པོ་བཟོ་ཐབས་སུ། མི་མང་ནང་འཛུལ་ཏེ་དཀྲོག་གཏམ་སྣ་ཚོགས་སྤེལ་མྱོང་བ་སོགས་ད་ཆ་ཉམས་ཞིབ་ཡིག་ཆ་ཁ་ཤས་ནང་འཐོན་བཞིན་པ་རེད།
བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་རང་གི་ཆབ་སྲིད་ཀྱི་རྒྱལ་ཕམ་ཁྲོད་དུའང་མི་ལྷག་བསམ་དྲང་བདེན་ཅན་དང་བྱས་རྗེས་ཡོད་པ་མང་པོ་ཅིག ། ཆབ་སྲིད་པ་མགོ་བདེ་ཚོས་ཁུངས་མེད་དང་གཟུགས་མེད་གྲིབ་བཟོའི་དཀྲོག་གཏམ་གྱི་གཡོ་འཕྲུལ་ལ་བརྟེན་ནས་མི་མང་གི་སེམས་ནང་རྒྱལ་འཚོང་ནང་དཀྲུག་གི་ཇག་རྐུན་ཁོ་ནར་མཐོང་བསྡད་ཡོད་པ་མང་པོ་ཡོད་པ་རེད་མོད། ཕར་གསལ་བཤད་རྩོད་གླེང་བྱེད་སའི་ཡུལ་མེད་པ་དང་གང་བྱུང་གསལ་བཤད་བྱས་ན་རང་གི་ཆེ་བ་བརྗོད་པ་དང་རང་གནོང་ངོས་ལེན་ལྟ་བུར་ཡང་འགྱུར་ཉེན་ཡོད་པ་སོགས་ཀྱིས། མི་ཁ་ཤས་མི་ཚེ་གང་བོ་ཙམ་མ་ཟད་ལོ་རྒྱུས་ཀྱི་སྟེང་དུའང་དཀྲོག་གཏམ་གྱིས་ནག་པོ་བཟོ་སྲིད་པར་སྙམ།
བོད་ནང་དུ་མི་མང་ལ་བཙན་བྱོལ་དང་བསྡུར་ན་བོད་དོན་གྱི་སྤྱི་བྱེའི་གནས་ཚུལ་ལ་དོ་སྣང་ཆེན་པོ་ཡོད་ནའང་། རྒྱ་དམར་གྱིས་གསར་ལམ་ཁག་ལ་ཆེད་གཉེར་གྱིས་དོ་དམ་བཀག་འགོག་ཆེན་པོ་ཡོད་པ་དང་མཁྱེན་རྒྱ་ཡངས་པོའི་མི་ཚོས་ཆབ་སྲིད་སྐོར་གླེང་སློང་རང་དབང་མེད་པ་བཅས་ལ་བརྟེན། ད་ཆ་བོད་ནང་གི་མི་ཚོ་མ་རུངས་ཁོག་བཅངས་བ་རེ་ཟུང་གི་དཀྲོག་གཏམ་གྱིས་ཕོངས་ཉེན་ཆེན་པོ་འདུག་པར་བསམ། ཉེ་ལམ་ནས་བརྒྱུད་ལམ་སྣ་ཚོགས་སྟེང་སོ་སོའི་ངོས་ནས་བོད་ནང་གི་གྲོགས་ཉེ་འབྲེལ་མང་པོ་ཅིག་ལ་གླེང་མོལ་བྱུང་སྐབས། ཧང་སངས་དགོས་ལ་ཡིད་ཆེས་དཀའ་བའི་དཀྲོག་གཏམ་མང་པོ་ཅིག་བོད་ནང་ཤོག་བུ་སྣུམ་གྱིས་བཟོས་པ་ལྟར་ཁྱབ་ཀྱི་ཡོད་འདུག་པ་ཚོར་རུང་། ང་ཚོ་ལྟ་བུའི་མི་ཆུང་ཚོས་དེ་ལ་དངོས་ཡོད་རྒྱུ་མཚན་འགྲེལ་བཤད་བྱས་པར་ཡིད་ཆེས་ཀྱང་གནང་གི་མི་འདུག
དེ་ནི་༡ ་བོད་ནང་བོད་མི་བརྒྱ་ནས་རང་ལུས་མེར་བསྲེགས་བྱས་ན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐག་གཅོད་བྱེད་རྒྱུ་ཡིན་པ་དང་།
༢ བོད་ནང་གནས་བབ་ཛ་དྲག་ཇེ་ཆེར་བཏང་ན་ཨ་མི་རི་ཁ་ནས་རྒྱ་ནག་ལ་དམག་འཁྲུག་བརྒྱབ་རྒྱུ་ཡིན་པ།
༣ བོད་མི་སུམ་བརྒྱ་ནས་རང་ལུས་མེར་བསྲེགས་བྱས་ན་༧གོང་ས་སྐྱབས་མགོན་ཆེན་པོ་བོད་ནང་ཕེབས་ཐུབ་ལུགས་དང་།
༤ རང་ལུས་མེར་བསྲེགས་དེ་༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་པ་ཡིན་པ་ལྟ་བུ།
༥ ཡང་ས་ཡོམ་དང་ཆུ་ལོག་སོགས་ཀྱི་འཇིག་པ་ཟླ་དུས་ཚེས་གྲངས་འདི་འདྲ་ལ་ཡོང་རྒྱུ་སོགས་དཀྲོག་གཏམ་གྱི་རིགས་སྣ་ཚོགས་ཁྱབ་སྟེ་མི་མང་མགོ་འཐོམ་གྱིན་ཡོད་པ་མ་ཟད། བར་ལམ་ནས་ལྷ་བླ་མའི་ལུང་བསྟན་གྱི་ཚུལ་དུ་དེ་འདྲའི་རིགས་ཀྱི་གནམ་ཡིག་ཀྱང་གང་མང་ཅིག་བབས་ཡོད་པ་སོགས་ཀྱིས། མེར་བསྲེགས་རྦ་རླབས་འཕྱུར་བཞིན་པའི་སྐབས་འདིར་ཉམ་ཆུང་བོད་མི་མང་པོ་ཅིག་གི་ཚེ་སྲོག་དཀྲོག་རྐྱེན་གྱིས་ཆུད་ཟོས་སུ་འགྲོ་མི་སྲིད་པའང་མིན་པས། བཙན་བྱོལ་གྱི་གཞུང་དང་དབུ་ཁྲིད་སུ་ཡིན་ན་རྒྱལ་སྐྱོབས་འབངས་སྐྱོབ་ཀྱི་ཆེད་གནད་འགག་གི་སྐབས་འདིར། བརྒྱུད་ལམ་སྣ་ཚོགས་བེད་སྤྱོད་ཀྱིས་བོད་ནང་གི་མི་མང་ལ་སོ་སོའི་ལངས་ཕྱོགས་གསལ་སྟོན་དང་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད། ལྷག་པར་མི་སྲོག་རྩེད་ཆས་ཀྱི་བསམ་བློ་ལས་མེད་པའི་དཀྲོག་གཏམ་དེ་རིགས་མི་སྒེར་སུས་སྤེལ་བ་དང་ཚོགས་པ་སུས་སྤེལ་བ། ཆོས་ལུགས་པ་སུས་སྤེལ་བ། གཞུང་དང་སྒྲིག་འཛུགས།གསང་བའི་ལས་ཁུངས་སུས་སྤེལ་བར་བཙལ་གཅོད་ཞིབ་མོ་བྱས་ཏེ་གལ་སྲིད་གསལ་རྟོགས་བྱུང་བ་དང་གླགས་ཁེལ་བ་ཅིག་ཡིན་ན། ངེས་པར་ཁྲིམས་ལ་སྦྱོར་བ་དང་རྒྱལ་སྤྱིའི་སྟེང་གསལ་བཤད་བཅས་ནུས་པ་འཐོན་པ་ཅིག་གནང་དགོས་པ་རེད་མ་གཏོགས། དེ་སྔ་ཧོང་ཁྲིན་ཟེར་བའི་ལས་འགུལ་སྐབས་སུ་མགོ་ལོག་རྐང་ལོ་ཟེར་བའི་རྒད་པོ་ཅིག་གིས་ཁོ་རྒྱལ་ལོ་དོན་འགྲུབ་ཀྱི་ཆེད་མངགས་ཕོ་ཉ་ཡིན་པ་དང་། ཨ་རིའི་དམག་རོགས་དང་མཚོན་ཆ་གང་མཁོ་རིགས་མགྱོགས་པོར་གནམ་གྲུ་ནས་ཆར་ལྟར་འབེབ་རྒྱུ་སོགས་ཀྱི་དཀྲོག་གཏམ་སྣ་ཚོགས་ཤིག་མདོ་སྨད་དུ་བསྒྲགས་རྐྱེན། རྔ་བའི་བླ་མ་འཇིགས་མེད་བསམ་གཏན་ནས་སྣེ་ཁྲིད་ཀྱིས་རྔ་བ་དང་རྒྱལ་རོང་། མཛོད་དགེ་དང་མགོ་ལོག རྨ་ཆུ་དང་ཐེ་བོ་སོགས་ནས་མཚོན་ཆ་དང་གྲ་སྒྲིག་མེད་པའི་མི་མང་ཡར་ལངས་བྱས་འབྲས་སུ། རྒྱ་གཞུང་གིས་བོད་མི་ཁྲི་ཚོ་ཁ་ཤས་དམར་གསོད་དང་ཁྲི་ཚོ་ཁ་ཤས་བཙོན་དུ་མནར་གཅོད་འདས་དཀྲོངས། ཁྲི་ཚོ་ཁ་ཤས་མི་ཚེ་བཙོན་དོང་ནང་བསྐྱལ་དགོས་བྱུང་བ་ལྟ་བུའི་གནས་ཚུལ་ཅིག་བསྐྱར་དུ་འབྱུང་མི་སྲིད་པ་མ་རེད་འདོད།།

སྣ་ཚོགས།

Post navigation

Previous Post: རྒན་ལྷ་བཟང་གི་སྙན་ངག་དང་ངའི་ལྟར་སྣང་གི་བར་སྟོང་།
Next Post: འཇམ་དབྱངས་ནོར་བུ་ལགས་ཀྱི་དྲ་རྒྱའི་ཐོག་ནས་བཏུས་པའི་RFA གི་དོན་རྐྱེན་དང་འབྲེལ་བའི་མཆན་ཞིག

Comments (15) on “བོད་མིའི་སྤྱི་ཚོགས་དང་དཀྲོག་གཏམ་གྱི་ནུས་པ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2012-12-17 at 11:17 am

    ་་་་་ དེ་ནི་༡ ་བོད་ནང་བོད་མི་བརྒྱ་ནས་རང་ལུས་མེར་བསྲེགས་བྱས་ན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐག་གཅོད་བྱེད་རྒྱུ་ཡིན་པ་དང་།
    ༢ བོད་ནང་གནས་བབ་ཛ་དྲག་ཇེ་ཆེར་བཏང་ན་ཨ་མི་རི་ཁ་ནས་རྒྱ་ནག་ལ་དམག་འཁྲུག་བརྒྱབ་རྒྱུ་ཡིན་པ།
    ༣ བོད་མི་སུམ་བརྒྱ་ནས་རང་ལུས་མེར་བསྲེགས་བྱས་ན་༧གོང་ས་སྐྱབས་མགོན་ཆེན་པོ་བོད་ནང་ཕེབས་ཐུབ་ལུགས་དང་།
    ༤ རང་ལུས་མེར་བསྲེགས་དེ་༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་པ་ཡིན་པ་ལྟ་བུ།
    ༥ ཡང་ས་ཡོམ་དང་ཆུ་ལོག་སོགས་ཀྱི་འཇིག་པ་ཟླ་དུས་ཚེས་གྲངས་འདི་འདྲ་ལ་ཡོང་རྒྱུ་སོགས་དཀྲོག་གཏམ་གྱི་རིགས་སྣ་ཚོགས་ཁྱབ་སྟེ་མི་མང་མགོ་འཐོམ་གྱིན་ཡོད་པ་མ་ཟད། བར་ལམ་ནས་ལྷ་བླ་མའི་ལུང་བསྟན་གྱི་ཚུལ་དུ་དེ་འདྲའི་རིགས་ཀྱི་གནམ་ཡིག་ཀྱང་གང་མང་ཅིག་བབས་ཡོད་པ་སོགས་་་་་ཟེར།

  2. གསེར་འབྲུག་སྡེར་ལྔ་ says:
    2012-12-17 at 3:18 pm

    ཁུངས་ལུང་མེད་པའི་དཀྲོག་གཏམ་དེ་འདྲ་སྤེལ་ཡོད་ན་རྫབ་ཆེན་རེད། འོན་ཀྱང་རང་ལུས་མེར་སྲེག་གི་བྱུང་རྐྱེན་དེ་དཀྲོག་གཏམ་གྱིས་བྱུང་འབྲས་ཞིག་ལ་ངོས་འཛིན་ནམ་ཡང་ཞུ་ཐུབ་ས་མ་རེད། རྒྱུ་མཚན་ཏང་ཀྲུང་དབྱང་སྲིད་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་འོག་གདུག་རྩུབ་རང་བཞིན་ཅན་གྱི་འཆར་གཞི་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱས་དང་བྱེད་བཞིན་པ་དེས་བོད་མི་རྣམས་འ་ཆད་འུ་འཐུག་གི་འཐབ་ལམ་རིམ་པ་གཉིས་པ་དེ་ལག་བསྟར་བྱས་པ་ཞིག་རེད་འདོད། དེ་ལྟ་བས་ན་ཁྲི་རལ་པ་འདིས་བོད་དང་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་ཀྱི་ཆེད་མེར་ནང་དུ་བཞུད་ཟིན་པའི་དཔའ་བོ་དང་དཔའ་མོ་རྣམས་རང་རང་གི་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་མི་ལྡན་པར་གཞན་གྱི་ཟེར་ཚད་ཀྱི་དཀྲོག་གཏམ་ལ་ཉན་ནས་མིག་བཙུམས་ཏེས་མེར་ནང་དུ་མཆོངས་པ་འདྲ་ཞིག་བཤད་འདུག་ཀྱང་། དེ་འདྲའི་དཔའ་བོ་དང་དཔའ་མོ་རྣམས་སྙིིང་སྟོབས་ཆེན་པོ་དང་རྣམ་དཔྱོད་ཚད་མཐོ་པོ་སླེབས་པའི་གང་ཟག་ཞིག་མིན་ན་བློས་གཏོང་ཆེན་པོ་དེ་འདྲ་ཞིག་གླེན་པ་ཞིག་གིས་ཡོང་ཐབས་མེད་པ་རེད།
    སྤྱིར་ན་ཁོང་རྣམས་ཀྱི་བློས་གཏོང་ཆེན་པོ་དེ་ཡིད་སྐྱོ་བ་ལ་ཚད་མེད་ཞིག་དང་ཡ་ང་བ་འཕངས་སེམས་དང་བཅས་གསོན་པོར་བཞུགས་དགོས་པའི་རེ་སྨོན་ཞུ་དགོས་པ་རེད་ལ་བཞུད་ཟིན་པའི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་མངོན་འདོད་བསྒྲུབ་རྒྱུ་དེ་ང་ཚོ་གསོན་པོར་གནས་པའི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་འཇོག་ཐབས་མེད་པའི་འགན་ཁྲི་ཆེན་པོ་ཞིག་རེད།

  3. གནམ says:
    2012-12-17 at 4:17 pm

    རང་སོ་སོས་གནས་བབ་ཀྱི་གོ་རྟོག་ཞིག་ལ་གཞི་བཅོལ་ནས་བྱས་བའི་བྱས་རྗེས་ནི་དེ་འདྲའི་མིག་མེད་གཡམ་རྒྱུག་དུ་འདོད་པ་ནི་ཁ་ཚོད་ཡོད་ནང་གི་ཚིག་ཚོད་མེད་ཞིག་མིན་འགྲོ་བསམ།

  4. བླ་སྨྱོན་ says:
    2012-12-17 at 7:36 pm

    གོང་དུ་ཁྲི་རལ་པས་བཤད་པ་བདེན་པ་རེད། བོད་དུ་རང་ལུས་མེར་སྲེག་གཏོང་མཁན་རྣམས་མགོ་བསྐུར་དང་གནད་དོན་དེ་འདྲ་ཞིག་གི་འོག་ནས་རང་ལུས་མེར་སྲེག་བཞིན་ཡོད་པ་ཤེས་གསལ་རེད། འོན་ཀྱང་སྤྱི་ཚོགས་སུ་འགྲེལ་བཤད་གཞན་ཞིག་རྒྱག་བཞིན་ཡོད་པ་ནི་མཐོང་ཐོས་མྱོང་འཚོར་རེད། རང་ལུས་མེར་ཇི་ཙམ་སྲེག་ཀྱང་ཕན་འབྲས་གང་ཡང་མི་དམིགས་པར་མ་ཟད། ནམ་ཞིག་རང་ལས་མེར་བསྲེགས་པ་རྣམས་ཀྱིས་རེ་འབོད་དེ་ཆུད་ཟོས་མི་ཕྱིན་པའི་ངེས་པ་མེད། གང་ཡིན་ཟེར་ན་བཙན་བྱོལ་ནང་གི་བོད་མི་རྣམས་ཁ་སྟབས་དེ་ལས་གཞན་སྔོྔོན་ནས་ད་བར་འཇོན་པའི་བྱས་རྗེས་ཅི་ཡང་མེད། ལས་འགུལ་གང་སྤེལ་རྐང་རྗེས་ལག་སུབ་རྐྱང་རེད། ངེེད་ཀྱི་རེ་བ་ལ་འབྲེལ་ཡོད་སོ་སོ་ནས་བོད་དུ་གསལ་བཤད་གནང་གལ་ཆེ་བ་ནི་སྤུན་ཟླ་རྣམས་ཀྱི་ཚེ་སྲོག་ལ་ཐུག་པ་ཞིག་གོ།

  5. ཟུར་གནས། says:
    2012-12-17 at 8:44 pm

    དཀྲོག་གཏམ་དང་གཅ་ིག། དེ་བཞིན་རང་སྲེག་པ་ཚོའི་མཐའ་སྐོར་ནས། མིག་ཧུར་རེར་བལྟས་ནས། མི་སྲོག་མི་སྐྱོབ་པ་དང་གཉིས། དེ་བཞིན་ཆབ་སྲིད་ཀྱི་སྐད་ཆ་མཁས་པོ་ཞིག་བཤད་ནས་དོན་དངོས་མི་སྲོག་སྐྱོབ་པར་གཡོལ་མཁན་གྱི་སྲིད་དོན་པ་དང་གསུམ། ད་དུང་། མེ་སྲེག་པ་བེད་སྤྱད་ནས་རང་གི་དཔལ་འབྱོར་དང་མིང་གྲགས་བཟོ་མཁན་དང་བཞི། དེ་བཞིན་གོང་ས་མཆོག་གི་མཚན་ལོག་པར་བེད་སྤྱད་ནས། དངོས་ཡོད་བོད་མིར་རང་སྲོག་མེར་སྲེག་པར་བཀག་འགོག་མི་བྱེད་པ་བཅས་ནི་ང་ཚོའི་སྤྱི་ཚོགས་འདིའི་ཆེས་ཐབས་སྐྱོ་བའི་རྣམ་པ་ཞིག་རེད།

  6. མང་ཐོས། says:
    2012-12-17 at 9:46 pm

    ང་ཆུང་ཆུང་སྐབས་ཨ་ཕས་ང་ལ་ཧོང་ཁྲན་ལོར་སྡུག་མྱོང་རབས་མང་པོ་ཞིག་བཤད་མྱོང་། ཡིན་ན་ཡང་དེ་རིང་བར་དུ་དེའི་སྐོར་གྱི་རྩོམ་ཡིག་ཅིག་མཐོང་བ་ཐེངས་དང་པོ་ཡིན། རྩོམ་པ་བོ་ཁྲི་རལ་ལགས་དང་། གཞན་ཧོང་ཁྲན་སྐོར་ཤེས་མཁན་སུ་ཡོད་རྣམས་ལ་འབོད་སྐུལ་ཅིག་ལ། ཧོང་ཁྲན་ཟེར་བ་འདི་ལོ་ནམ་ཞིག་ལ་བྱུང་བ་དང་། བོད་ཀྱི་ས་ཁུལ་གང་དང་གང་ལ་ཁྱབ་ཡོད་འདུག་ འདིའི་སྐོར་ཉེ་བའི་བོད་ཀྱི་ལོ་རྒྱུས་ཁག་གི་ནང་འཁོད་ཡོད་མེད་སོགས་གསུངས་རོགས་ཞུ།

  7. ཁྲི་རལ་པ། says:
    2012-12-18 at 1:10 am

    མང་ཐོས་ལགས།སྤྱིར་ཧོང་ཁྲིན་ཟེར་བ་དམར་སྲུང་དམག་གི་སི་ཁྲན་ཁྲིན་ཏུའུ་དམག་དཔུང་ཟེར་བའི་བསྡུས་ཚིག་ཡིན་འདུག་ཅིང་།དེའི་སྐོར་ཞིབ་གསལ་ཤེས་འདོད་ན་རྔ་བ་རང་སྐྱོང་ཁུལ་གྱི་ས་གནས་ལོ་རྒྱུས་མི་རིགས་དཔེ་བསྐྲུན་ཁང་ནས་དཔར་བ་དེ་དང་།འགུ་ལོག་ལོ་རྒྱུས་གཉན་པོའི་གཡུ་རྩེའི་བསང་དུད་སྨད་ཆ།དེ་བཞིན་མཛོད་དགེ་དང་རྔ་བ།རྨ་ཆུ་སོགས་ཀྱི་ས་གནས་ལོ་རྒྱུས་ཆུང་ཁག་མང་པོའི་ནང་གསལ་བོ་འདུག དེ་ནི་མགོ་ལོག་རྐང་ལོ་ཟེར་བས་ཁོང་རྒྱལ་ལོ་དོན་འགྲུབ་ཀྱི་ཕོ་ཉ་དང་ཆུ་སྒང་དང་ཨ་རིའི་གསང་བའི་སྒྲིག་འཛུགས་ལ་འབྲེལ་བ་གཏིང་ཟབ་ཡོད་པས།བོད་མིས་ཡར་ལངས་ཤུགས་ཆེ་གནང་ཐུབ་ན་མགྱོགས་མྱུར་ཆུ་སྒང་དང་ཨ་རིའི་དམག་རོགས་གོ་མཚོན་གནམ་ཐོག་ནས་གཡུག་རྒྱུ་ཡིན་པ་སོགས་བཤད་དེ།བླ་མ་འཇིགས་མེད་བསམ་གཏན་དང་དགའ་ལྡན་རྐང་ལོ།ཟམ་ཚ་བཀྲ་ཤིས་དང་གདོང་ཁུ་བླ་མ་སོགས་ཀྱིས་སྣེ་ཁྲིད་དེ་ཕྱི་ལོ་༡༩༦༨ལོའི་ཟླ་༡༠ཚེས་༡༧ཉིན་རྔ་བ་དང་རྒྱལ་རོང་།མཛོད་དགེ་དང་རྐ་ཁོག་རྫོང་།ཟུང་ཆུ་དང་རྨ་ཆུ།མགོ་ལོག་བཅས་ཀྱི་མི་མང་གཅིག་འབུམ་ཙམ་གྱིས་རྒྱ་དམར་གྱི་བཅིངས་གྲོལ་དམག་དང་དམངས་དམག་ལ་དྲག་རྒོལ་བྱས་ཡོད་ནའང་།བོད་མི་ལ་མཚོན་ཆ་ཉུང་བ་དང་བཀོད་འདོམས་སྐྱོ་བ།ཨ་རི་དང་ཆུ་སྒང་གི་དམག་རོགས་སོགས་སྤྲོས་བྲལ་དུ་གྱུར་པར་བརྟེན།རྒྱ་དམར་གྱིས་དེ་ལོག་སྤྱོད་རྩ་འཛུགས་དུ་ངོས་འཛིན་གྱིས་ཕྱི་ལོ་༡༩༦༩ལོར་ཡོངས་སུ་ཕམ་ཉེས་བཏང་སྟེ་འཛིན་བཟུང་གི་བོད་མི་མང་པོ་དམར་གསོད་དང་བཙོན་འཇུག ངལ་རྩོལ་བསྒྱུར་བཀོད་བཅས་བཏང་ཡོད་པ་རེད།

  8. མང་ཐོས། says:
    2012-12-18 at 3:42 am

    རྩོམ་པ་བོ་ཁྲི་རལ་པ་ལ་དཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ངའི་ཨ་ཕ་དྲག་རྒོལ་འདིའི་ནང་ཞུགས་མྱོང་བའི་རྐྱེན་གྱིས་ངའི་ཨ་ཕས་ཡང་ཡང་དྲག་རྒོལ་འདིའི་སྐོར་བཤད་མྱོང་ན་ཡང་། དོན་སྣང་བྱས་ནས་ཉན་མ་མྱོང་། སྐབས་དེ་དུས་ངའི་ཨ་ཕས་བཤད་ན། གཤའ་རུ་བ། ར་རུ་བ། དམེ་རུ་མ། ཨ་མཆོག་མཐའ་བ་མ། ཨ་མཆོག་ར་མདོ་མ། སྒར་སར་མ་བཅས་རུ་སྡེ་དྲུག་པོས་གསེར་རྡེའུ་ཟེར་བའི་ས་གནས་ནས་དམག་འཐབ་རྒྱབ་པ་ཡིན་ཟེར། སྐབས་དེ་དུས་དཔའ་བོ་ཚོས་དཔའ་རྟགས་བཞག་རབས། ཤི་རྨས་ཐེབ་ཚུལ། དེའི་རྗེས་མང་པོ་ཞིག་བཙོན་ལ་འཁྱེར་རབས། སྣེ་ཁྲིད་རྣམས་ཀྱི་མགོ་གཏོར་རབས་སོགས་ང་ལ་ཨ་ཕས་མང་པོ་ཞིག་བཤད་མྱོང་ཡང་ཁ་ཟིན་སྣེ་ཟིན་རེ་མ་གཏོགས་བརྗེད་ཚར་འདུག སླར་ཡང་རྩོམ་པ་བོ་ཁྲི་རལ་ལ་ཡར་ལངས་འདིའི་བསྐོར་དྲན་གསོ་བྱས་པར་དཀའ་དྲིན་ཆེ་ཞུ།

  9. རྡོ་རྗེ་རྒྱལ་མཚན། says:
    2012-12-18 at 4:06 am

    མང་ཐོས་ལགས་ནས་འཇོན་ན་ད་ལྟའང་སོ་སོའི་ཕ་ལ་སྐད་ཆ་དྲིས་ཏེ་དེ་དུས་ཀྱི་དཔའ་བོ་མང་པོ་ཅིག་གི་མིང་དང་སྐྱེས་ཡུལ།དམག་འཐབ་ས་གནས་དང་ཐ་མ་དམར་གསོད་གཏོང་ས་སོགས་ལོ་རྒྱུས་བསྡུ་སྒྲིག་བྱེད་ཐུབ་ན་དགེ་མཚན་ཆེན་པོ་ཡོད་རྒྱུ་རེད་སྙམ།།

  10. མང་ཐོས། says:
    2012-12-18 at 8:54 am

    ད་སྐབས་ངའི་ཨ་ཕ་ཡོད་ན་སྐད་ཆ་དྲིས་ཆོག་ཀྱང་། ཨ་ཕ་ཤི་ནས་ལོ་བཅུ་གཉིས་འགོར་ཟིན། དེང་སྐབས་ངས་ཧོང་ཁྲིན་ཟེར་བ་འདིའི་བསྐོར་ཧ་ཅང་ཤེས་འདོད་ཡོད་པ་མ་ཟད། ད་རུང་རྒྱ་དམར་གྱི་དམག་དཔུང་ལ་ལོ་འགར་དམག་འཁྲུག་བརྒྱབས་མྱོང་བའི་ཁྲོ་ཆུའི་དམག་དཔུང་དང་། དེའི་དམག་དཔོན་ཁྲོ་ཆུའི་རྡོ་རྗེ་དཔལ་བཟང་དང་། རྒྱ་དམག་ཁྲི་སྟོང་མང་པོ་དམར་བོ་ཁྲག་ལ་བསྒྲེས་མཁན་གྱི་མདོ་སྨད་ཟངས་དཀར་གྱི་དཔའ་བོ་བཀྲ་ཁྱོམ་སྟག་འབུམ་དང། ཁོང་གི་ཕྱག་རོགས་དཔའ་བོ་རྣམས་ཀྱི་ལོ་རྒྱུས་སོགས་ཤེས་འདོད་འདུག་་་ཤེས་མཁན་རེ་ཡོད་ན་གསུངས་རོགས་ཞུ།

  11. ཀླུ་ཚང་། ཨ་འཕྲིན། says:
    2012-12-18 at 9:19 pm

    སྐད་ཆ་འདི་ཉེ་སྔོན་བལ་ཡུལ་ནས་ཀླུ་འབུམ་བཀྲ་ཤིས་ཀྱིས་ཆེད་སྒྲིག་ལེ་ཚན་ཞིག་ལས་ཐོག་མར་གླེང་བྱུང་ལ། འདིར་གོ་ཐོས་བྱུང་བར་གཞིགས་ན་བཤད་ཡམས་ཤིག་གང་སར་འཁྱར་བཞིན་པར་སྣང་ཡང་། དེ་ནི་བོད་དུ་སྐུ་ལུས་མེར་སྲེག་གཏོང་མཁན་དག་གི་མཛད་སྤྱོད་དང་ཐད་གར་ཤུགས་རྐྱེན་གྱི་འབྲེལ་བ་ཡོད་མེད་ཁུངས་སྐྱེལ་གང་ཡང་མེད། ལྷག་པར་གླེང་སློང་འདི་རྒྱ་ནག་གིས་ཆེད་དུ་བཟོས་པ་ཞིག་མིན་པའི་ངེས་པ་ཡང་གཏན་མེད་ལ། ལྷག་པར་ཉིས་སྟོང་བརྒྱད་ལོར་ལྷ་སར་བྱུང་བའི་དོན་རྐྱེན་དེར་རྒྱ་ནག་གིས་རྒོལ་རྡུང་བཅོམ་སྲེག་གི་ལས་གཞི་ཆེད་དུ་བསླངས་པས་ཀྱང་དོག་ཟོན་དགོས་པའི་གནད་ཞིག་འདུག བཤད་ཡམས་འདིས་སྐུ་གཤེགས་དཔའ་བོ་དཔའ་མོ་རྣམས་ཀྱི་ལྷག་བསམ་རྨ་མེད་པའི་མཛད་རྗེས་ལ་རྨོངས་དད་ལྟ་བུ་བྱས་ཉེས་ཤིག་གིས་ནག་བསུབ་གཏོང་བའི་ངན་བྱུས་མེད་མི་སྲིད་པས། གླེང་སློང་བ་ཁྱེད་ལ་དེ་ལྟའི་ཀུན་སློང་ཡོད་མེད་གང་ལྟར་ཡང་། སྐད་ཆ་འདི་སྤྱི་ཚོགས་སུ་མ་གླེང་སྔོན་ལ་དགེ་ཕན་གྱི་གནད་དང་། གླེང་སློང་སྟངས་ཀྱི་ངོ་བོ་དངོས་དེ་ངེས་ཟིན་པའི་ཐོག་ནས་གླེང་ན་ཕན་ཐོག་ཅི་དགེ་བཤད་ཐུབ་པ་ཞིག་ལས། གང་བྱུང་མི་གླེང་རྒྱུ་རེ་བ་ཡིན། ད་དུང་གསལ་བྱེད་ཅིག་ལ་ང་ཚོ་ཕྱི་སྡོད་བོད་རིགས་སྨྱུག་ཐོག་པ་ལ་འདི་ལྟའི་གླེང་སློང་བའི་འོས་བབ་ཞིག་ངས་གཏན་ནས་མཐོང་གི་མི་འདུག

  12. ཀླུ་ཚང་། ཨ་འཕྲིན། says:
    2012-12-18 at 9:20 pm

    སྐད་ཆ་འདི་ཉེ་སྔོན་བལ་ཡུལ་ནས་ཀླུ་འབུམ་བཀྲ་ཤིས་ཀྱིས་ཆེད་སྒྲིག་ལེ་ཚན་ཞིག་ལས་ཐོག་མར་གླེང་བྱུང་ལ། འདིར་གོ་ཐོས་བྱུང་བར་གཞིགས་ན་བཤད་ཡམས་ཤིག་གང་སར་འཁྱར་བཞིན་པར་སྣང་ཡང་། དེ་ནི་བོད་དུ་སྐུ་ལུས་མེར་སྲེག་གཏོང་མཁན་དག་གི་མཛད་སྤྱོད་དང་ཐད་གར་ཤུགས་རྐྱེན་གྱི་འབྲེལ་བ་ཡོད་མེད་ཁུངས་སྐྱེལ་གང་ཡང་མེད། ལྷག་པར་གླེང་སློང་འདི་རྒྱ་ནག་གིས་ཆེད་དུ་བཟོས་པ་ཞིག་མིན་པའི་ངེས་པ་ཡང་གཏན་མེད་ལ། ལྷག་པར་ཉིས་སྟོང་བརྒྱད་ལོར་ལྷ་སར་བྱུང་བའི་དོན་རྐྱེན་དེར་རྒྱ་ནག་གིས་རྒོལ་རྡུང་བཅོམ་སྲེག་གི་ལས་གཞི་ཆེད་དུ་བསླངས་པས་ཀྱང་དོག་ཟོན་དགོས་པའི་གནད་ཞིག་འདུག བཤད་ཡམས་འདིས་སྐུ་གཤེགས་དཔའ་བོ་དཔའ་མོ་རྣམས་ཀྱི་ལྷག་བསམ་རྨ་མེད་པའི་མཛད་རྗེས་ལ་རྨོངས་དད་ལྟ་བུ་བྱས་ཉེས་ཤིག་གིས་ནག་བསུབ་གཏོང་བའི་ངན་བྱུས་མེད་མི་སྲིད་པས། གླེང་སློང་བ་ཁྱེད་ལ་དེ་ལྟའི་ཀུན་སློང་ཡོད་མེད་གང་ལྟར་ཡང་། སྐད་ཆ་འདི་སྤྱི་ཚོགས་སུ་མ་གླེང་སྔོན་ལ་དགེ་ཕན་གྱི་གནད་དང་། གླེང་སློང་སྟངས་ཀྱི་ངོ་བོ་དངོས་དེ་ངེས་ཟིན་པའི་ཐོག་ནས་གླེང་ན་ཕན་ཐོག་ཅི་དགེ་བཤད་ཐུབ་པ་ཞིག་ལས། གང་བྱུང་མི་གླེང་རྒྱུ་རེ་བ་ཡིན། ད་དུང་གསལ་བྱེད་ཅིག་ལ་ང་ཚོ་ཕྱི་སྡོད་བོད་རིགས་སྨྱུག་ཐོག་པ་ལ་འདི་ལྟའི་གླེང་སློང་བའི་འོས་བབ་ཞིག་ངས་གཏན་ནས་མཐོང་གི་མི་འདུག

  13. ཀླུ་ཚང་། ཨ་འཕྲིན། says:
    2012-12-19 at 4:33 am

    ཁོང་ལ་བོད་ནང་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་ལ་ལྟ་སྟངས་གང་འདྲ་ཡོད་མེད་དང་། བོད་ནང་བོད་མི་ ༡༠༠ ཡིས་རང་ལུས་མེར་བསྲེཊ་གནང་ཚེ་བོད་དོན་བདེན་མཐའ་སེལ་ཐུབ་པའི་སྐད་ཆ་འགྲོ་བཞིན་པ་དངོས་ཡོད་ཡིན་མིན་སོགས་ཀྱི་ཐད་སྐད་ཆ་དྲིས་པར་ཁོང་གིས། “ང་རང་ཉིད་ལ་མཚོན་ན་མེ་སྟག་ལུས་སྟེང་དུ་འཐོར་བར་བཟོད་ཐུབ་ཀྱི་མེད་པའི་མི་ཞིག་ཡིན་སྟབས། རང་སྲོག་བློས་གཏོང་གིས་རང་ལུས་མེར་བསྲེཊ་གནང་བ་དེ་ནི་བློ་ཡུལ་དུ་ཤོངས་དཀའ་བ་ཞིག་རེད། བོད་ནང་རང་ལུས་མེར་བསྲེཊ་གནང་དོན་གཙོ་བོ། བོད་ནང་རྒྱ་གཞུང་གིས་དྲག་གནོན་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། གང་བྱུང་དམར་གསོད་དང་འཛིན་བཟུང་བཙོན་འཇུག ཆོས་ལུགས་དད་མོས་རང་དབང་དང་སྨྲ་བརྗོད་རང་དབང་། ༸རྒྱལ་བ་རིན་པོ་ཆེ་མཆོག་བོད་ནང་ཕེབས་ཐུབ་ཀྱི་མེད་པའི་གནས་སྟངས་སོགས་དཀའ་ངལ་མང་པོ་དང་། འདུག་ཐབས་མེད་པའི་གནས་སུ་བསྐྱལ་མཐར་རང་ལུས་མེར་བསྲེཊ་ཀྱི་ཐབས་ལམ་འདི་བརྒྱུད་དེ་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་རེད། བོད་ ༡༠༠ ལྷག་གིས་རང་ལུས་མེར་བསྲེཊ་གནང་བ་ཡིན་ན། བོད་དོན་བདེ་མཐའ་མྱུར་ཏུ་སེལ་ཐུབ་པའི་སྐད་ཆ་དེ་བོད་ནང་དུ་ཡོད་དུས་གོ་མ་སོང་། ལྡི་ལི་སྣེ་ལེན་ཁང་དུ་ཡོང་སྐབས་གསར་འགོད་པ་ཞིག་གིས་ང་ལ་སྐད་ཆ་དྲིས་བྱུང་། ང་རང་གི་ངོས་ནས་དེ་དཀྲོགས་གཏམ་ཞིག་རེད་བསམ་གྱི་ཡོད། ” ཅེས་བརྗོད་བྱུང་བ་མ་ཟད། ཁོང་གིས་བོད་ནང་ ཕྱི་སྡོད་བོད་མི་རྣམས་ཀྱིས་ཁོང་ཚོའི་ཚབ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་ཚོགས་སྡེ་ཁག་ལ་དཀའ་སྡུག་ཞུ་གཏུག་གི་རེ་བ་བཟུང་ཡོད་སྟབས། འཛམ་གླིང་ཡུལ་གྲུ་གང་སར་གནས་སྡོད་བོད་མི་ཚོས་ཚེ་སྲོག་བློས་གཏོང་བྱས་པའི་དཔའ་བོ་རྣམས་ཀྱི་རེ་འདོད་དང་ད་ལྟའི་བོད་ནང་གི་དཀའ་སྡུག་སེམས་ལ་བཟུང་སྟེ། རེ་བ་མི་བརླག་པར་བྱ་རྒྱ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་བརྗོད་བྱུང་།

  14. ལུང་རྟོགས། says:
    2012-12-19 at 11:33 am

    ཁྲི་རལ་གྱི་སྐད་ཆ་འདི་ནི་དཔའ་བོ་དཔའ་མོ་ཚོའི་རླབས་ཆེ་བའི་ལས་འགུལ་འདི་ནག་གསུབ་གཏོང་བའི་སྐད་ཆ་ཞིག་རེད། རྒྱ་གཞུང་གིས་རིག་འཚོ་མ་ཟིན་པར་མེར་སྲེག་བཏང་བར་བཤད་པ་དང་མི་འདིས་དཀྲོག་གཏམ་ལ་ཉན་ནས་མེར་སྲེག་བཏང་བར་བཤད་པ་གཉིས་ལ་རྣམ་པ་ཙམ་ལས་ངོ་བོའི་ཆ་ནས་ཁྱད་པར་གང་ཡང་མ་མཐོང་། ལྷག་ཏུ་བོད་ནང་ལ་དཀྲོག་གཏམ་ཁྱབ་པའི་སྐད་ཆ་དེ་བདེན་པ་མིན་པ་གོང་དུ་ཀླུ་ཚང་ཨ་འཕྲིན་ལགས་ནས་དྲང་པའི་ཉེ་ཆར་བོད་ནས་གསར་དུ་ཕེབས་པའི་གྲྭ་པ་དེའི་སྐད་ཆས་གསལ་བཤད་བྱས་ཡོད། དེས་ན་ང་ཚོས་གཟབ་དགོས་ས་ནི་དཀྲོག་གཏམ་སྤེལ་མཁན་དག་མ་ཡིན་པར་རྩོམ་ཡིག་འདི་ལྟ་བུ་འབྲི་མཁན་དག་ཡིན།

  15. ཁྲི་རལ་པ། says:
    2012-12-19 at 6:01 pm

    ལྷག་བསམ་གྱི་སྐད་ཆ་ཅུང་ཙམ་ཡང་བཤད་དབང་མེད་པར་ལམ་སེང་བོད་མི་རིགས་དང་དཔའ་བོ་དཔའ་མོ་སོགས་བེད་སྤྱོད་ཀྱིས་ནག་པོ་བཟོ་ཐབས་དང་གསང་མྱུལ་བའི་མིང་འདོགས་བྱས་པར་ངོས་ལེན་གཏན་ནས་མེད།
    དེ་རིགས་རྒྱ་དམར་གྱི་གཡོ་འཕྲུལ་དང་གཅིག་པ་གཅིག་རྐྱང་རེད་མོད།རྒྱ་དམར་གྱི་ཀླད་པ་ཅན་ཚོས་ཤེས་རྒྱུ་ཅིག་ལ་འདི་གར་སྨྲ་བརྗོད་རང་དབང་ཡོད་པ་རེད།རྒྱ་ནག་མ་རེད།
    དཔའ་བོ་དཔའ་མོ་ཚོར་གུས་བརྩི་དང་ཁོང་ཚོའི་བློས་གཏོང་བྱས་པར་སེམས་ཁུར་དང་ཤ་ཞེན་ཁྱེད་ཚོ་ལས་ལྷག་མིན་ན་སྐྱོ་མིན་པ་རང་སེམས་རང་ལ་ལྐོག་གྱུར་མིན་པས་གནོང་འགྱོད་གང་མེད།འོན་ཀྱང་།དཀྲོག་གཏམ་འདི་འདྲ་ཅིག་བོད་ནང་གི་མི་མང་པོས་བཤད་ཀྱིན་པ་མ་ཟད།ཕྱི་རྒྱལ་གྱི་གསར་ལམ་ཁག་ཅིག་ཏུའང་བཀོད་འདུག
    ལྷག་པར་བོད་མི་འདི་འདྲ་མང་པོས་རང་སྲོག་བཏང་རུང་གྲུབ་འབྲས་མངོན་གསལ་ཅན་འཐོན་རྒྱུ་མེད་པ་ཤེས་བཞིན་དུ།བཙན་བྱོལ་དུ་དེ་བཀག་འགོག་བྱེད་མི་ཆོག་མདོག་མདོག་དང་མུ་མཐུད་དུ་ཁ་མ་གྲགས་པར་བསྡད་པ་ཉེན་ཁ་ཆེན་པོ་རེད།
    གསར་ལམ་ཆེ་ཁག་དང་བོད་སྐད་མ་གཏོགས་མི་ཤེས་ན་ཨེ་ཤ་ཡ་རླུང་འཕྲིན་སོགས་ལ་ཉོན་དང་།ཉེ་ལམ་རང་དབྱིན་ཇིའི་གཞུང་གིས་རྒྱ་དམར་དྲག་པོའི་གཞུང་གིས་བོད་ནང་གདུག་རྩུབ་དྲག་གནོན་གྱི་སྲིད་ཇུས་མཚམས་འཇོག་བྱེད་དགོས་པ་མ་ཟད།བོད་མིའི་འགོ་ཁྲིད་དང་ཆོས་ལུགས་དབུ་ཁྲིད་ཁག་ནས་ཀྱང་རང་ལུས་མེར་བསྲེགས་མཚམས་འཇོག་གི་འབོད་སྐུལ་ནུས་འདོན་དགོས་པ་མ་གཏོགས།བོད་མི་མང་པོའི་ཚེ་སྲོག་ཤོར་རྒྱུ་ཡིན་པར་བློ་འཚབ་ཡོད་ཅེས་བཤད་འདུག་པས།བོད་ནང་གི་མིའི་ཚེ་སྲོག་ལ་ཕྱི་རྒྱལ་མི་ཚོའང་ཕངས་སེམས་སྐྱེས་བཞིན་པའི་གནས་བབ་ཚབ་ཆེན་འདི་འདྲར་ཡང་།བཙན་བྱོལ་ནང་ནུས་མེད་ཆབ་སྲིད་ཀྱི་གཡོ་ལས་རེ་བཤམས་ཏེ་མགོ་བདེ་བོས་བོད་ནང་གི་མི་ཚོའི་ཚེ་སྲོག་ལ་བརྩིས་མཐོང་དང་ཤ་ཚ་མེད་པར་བསྡད་པ་འདིས།བོད་ཕྱི་ནང་བར་རིམ་པས་ལྟ་སྟངས་ངན་པ་སླེབས་མི་སྲིད་པ་མ་རེད་ལ།རྒྱལ་སྤྱིའི་མི་མང་པོས་ཀྱང་ལྟ་སྟངས་མི་ལེགས་པ་དང་མི་དགའ་གཏམ་མང་པོ་ཡོང་གི་འདུག་ད།
    བྱས་ཙང་།དེ་ཚོར་གནད་ཡོད་ཚོས་ཏན་ཏན་དགོངས་བཞེས་ཀྱི་དགོས་འདུག་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (29)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (14)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme