Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མི་རིགས་ཀྱི་སོན་རྩ་འཕྲོ་ལྷག་ཏུ་འགྲོ་བཞིན་འདུག

Posted on 2009-09-162009-09-16 By དབང་ཕྱུག་ 8 Comments on བོད་མི་རིགས་ཀྱི་སོན་རྩ་འཕྲོ་ལྷག་ཏུ་འགྲོ་བཞིན་འདུག

་་་་་་་་་་་་་་་་་་་་་་་་་་་་་་་་་་་་འབྲོག་རུ་ཆོས་གྲགས་ཀྱིས་དྷ་ས་ནས།

ཨི།
ཁོར་ཡུག་ཁུ་སུམ་མེར་གནས་ཤིང་སེམས་པ་ལྷོད་ཡང་ངེར་བསྡད་པའི་དུས་ཚོད་ཅིག་ལ་ཁྱེད་ཀྱིས་རང་གི་ལག་པ་བྲང་ཁར་བཞག་ནས་ཕྱིར་འདང་ཞིག་རྒྱབ་ཨེ་མྱོང༌། རང་བསྟོད་དང་ལད་ཟློས་ལ་དགའ་བའི་རི་ཁ་བ་ཅན་ཚང་ཕྱི་ཡུལ་ལ་གྱར་བའི་ལོ་ངོ་ལྔ་བཅུའི་རིང་གི་བཤུལ་ལམ་ལ་ཕྱིར་བལྟས་ཤིག་བལྟས་ཨེ་མྱོང༌། དེ་ནི་ཧ་ཅང་གི་ཀྱག་ཀྱོག་དང་སྨག་རུམ་མཐུག་པའི་འཕྲེང་ལམ་ཞིག་ཡིན། དེ་ནི་ཁ་བ་གངས་ཅན་པ་ཚང་གིས་མེ་སྒྱོགས་དང་མེ་མདའི་འོག་ནས་འཚོལ་ལམ་སྙེག་པའི་གཡང་གཟར་གྱི་འཕྲེང་ལམ་ཞིག་ཡིན། ད་དུང་དེ་ནི་སྒང་བ་བོད་པ་ཚང་ཀ་ཁའི་ང་རོ་ལ་འཇུས་ནས་གངས་རིའི་རང་ལུགས་སྲུང་བའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཞིག་ཀྱང་ཡིན།
ཨུ།
ཡིན་ནའང་དེ་རིང་ང་ཚོས་འདིར་ལྟ་འདོད་དང་བཤད་འདོད་པ་དེ་ནི་བོད་སྐད་ཡིག་གི་ཁོར་ཡུག་ཕྱོགས་ཡིན། བོད་སྐད་གཙང་མ་དང་བོད་ཡིག་དག་མ་འབྲི་སའི་ཁོར་ཡུག་མེད་པའི་སྐོར་ཡིན། བོད་སྡེ་བ་གཞུང་དང་བོད་ཀྱི་བླ་སྤྲུལ་དང་མཁས་མིང་འཛིན་པའི་མི་སྣ་མང་བོ་ཞིག་གིས་དེ་རིང་བར་དུ་བོད་སྐད་ཡིག་ཐོག་ལ་གསུང་གཏམ་རྫིག་པོ་རེ་བཤད་ནས་བཞུགས་པ་རེད། བོད་སྐད་ཡིག་ནི་བོད་མིའི་ཚེ་སྲོག་ཡིན་རབས་ཀྱི་ནང་གཏམ་སྙན་མོ་རེ་བཤད་ནས་བཞུགས་པ་རེད། ཡིན་ནའང་དེ་ལ་ཁོང་ཚོས་ཁ་ནས་བཤད་པ་ནང་བཞིན་ལག་ལེན་གྱི་ཐོག་ནས་ཁོར་ཡུག་ཅིག་བསྐྲུན་ཐུབ་ཡོད་པ་མ་རེད། ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ལྔ་བཅུ་འགོར་ལ་ཉེ་ཡང་ད་དུང་བོད་སྐད་གཙང་མ་བཤད་ས་ལྷག་པར་དུ་བོད་གཞུང་གི་ལས་ཁུངས་ཁག་དང་བོད་དོན་གཉེར་མཁན་ཚོ།དང་བོད་ཡིག་དག་མ་བྲི་ས་ཞིག་གི་ཁོར་ཡུག་ཀྱང་བསྐྲུན་ཐུབ་མེད་པ་འདི་ངོ་མ་སུ་ལན་པ་རེད་དམ། སྐབས་འདི་ལ་ང་ཚོས་ཡང་སྙིང་ང་རང་ྋགོང་ས་མཆོག་ལ་དད་པ་ཡོད་དམ་མེད། ཅེས་ནས་རང་ཉིད་ཀྱིས་རང་ཉིད་ལ་དྲི་བ་ཚ་འདྲི་བྱེད་པའི་དུས་ཚོད་ཅིག་མ་ཡིན་ནམ། ཁོང་གིས་རྟག་པར་ང་ཚོར་འདིའི་སྐོར་གསུང་བསྡད་ཡོད་པ་མ་ཡིན་ནམ། ལྷག་དོན་དུ་གཞིས་ཆགས་ཁག་ལ་སོང་ན་གནད་དོན་འདིའི་ཡང་སྙིང་རུལ་བཞིན་ཡོད་པ་གསལ་རུ་འགྲོ་གི་འདུག བོད་སྐད་ཡིག་ལ་དུངས་ཞེན་དང་བོད་གངས་ཅན་ལ་བརྩེ་སེམས་མེད་པ་མང་རུ་འགྲོ་གི་འདུག སོ་སོའི་བུ་ཕྲུག་དང་བོད་སྐད་ཡིག་གི་བར་ཐག་རིང་དུ་གཏོང་བཞིན་པའི་ཕ་མ་མང་རུ་འགྲོ་གི་འདུག ད་དུང་ཕ་མ་འདིའི་རིགས་ཀྱི་ཁ་ནས་ྋགོང་ས་མཆོག་ཁོང་གི་སྐུ་ཚེ་བརྟན་སོང་ན་ང་ཚོ་ཅིག་ནས་འགྲིག་འགྲོ་གི་རེད། ཁོང་གིས་གསུང་བ་ནང་བཞིན་ང་ཚོས་ཀྱང་རང་རང་གི་བུ་ཕྲུག་ཚོར་བོད་མི་རིགས་ཀྱི་སྐད་ཡིག་དང་བོད་དོན་ཕྱོགས་ལ་ཤུགས་རྒྱག་དགོས་ཚུལ་རྟག་པར་བཤད་བསྡད་ཡོད་ཟེར། དེ་བཞིན་ཁ་ཁོག་གཉིས་ཁ་ཁ་ཡིན་པའི་ཁ་བཤད་པ་དེ་ཚོས་ངའི་རྣ་ནང་ལ་དེ་འདྲ་བའི་སྐད་ཆ་གང་མང་མང་ཞིག་བཞག་སོང༌། ཡིན་ན་འང་ངའི་མིག་ལམ་ན་འཁྱོར་བཞིན་པ་ནི་ྋགོང་ས་མཆོག་ལ་འདི་ལྟར་མགོ་སྐོར་གཏོང་བཞིན་པའི་ཚུལ་འཆོས་པ་དེ་ཚོའི་གོམ་ཁ་རེད། ངའི་སེམས་ནང་ན་འཁྱག་བཞིན་པ་ནི་ཚུལ་འཆོས་པ་དེ་ཚོས་བཤད་པའི་ཁ་སྟོང་ནང་གི་ཚིག་སྟོང་རེད། སྤྱིར་མི་ལཧམི་རིགས་ཀྱི་སྙིང་མེད་སོང་ན་འདི་འདྲ་ཞིག་རེད། སྙིང་དེ་ལ་རིགས་ཞེན་གྱི་དྲོད་ཁོལ་མེད་སོང་ན་འདི་འདྲ་ཞིག་རེད།
ཡིན་ན་འང་ྋགོང་ས་མཆོག་གིས་ལྷག་བསམ་རྣམ་དག་གིས་ཁོ་ཚོར་རེ་བ་ཆེན་པོ་བཅངས་ཡོད་པ་རེད། ྋསྐྱབས་མགོན་མཆོག་གིས་བསམ་པ་རྣམ་དག་གིས་ཁོ་ཚོར་དམིགས་རྒྱང་རིང་བོ་བཅངས་ཡོད་པ་རེད། ཡིན་ནའང་བོད་མི་རིགས་ཀྱི་སོན་རྩར་དམིགས་པའི་གཞོན་སྐྱེས་ཚོ་ཀ་ཁ་ག་ང་དང་ཐག་རིང་དུ་འགྲོ་གི་འདུག གངས་རིའི་དུར་ས་དང་ཐག་ཉེ་རུ་འགྲོ་གི་འདུག རུལ་སུངས་འཐུལ་བའི་སློབ་གསོ་ཞིག་དང་ཆག་གྲུམ་ཤོར་བའི་ལོ་རྒྱུས་ཤིག་ལ་འགྲོག་ནས་འགྲོ་གི་འདུག ར་བཟིའི་གོམ་སྟབས་དང་སྨྱོན་པའི་ལད་ཟློས་ལ་འགྲོག་ནས་འགྲོ་གི་འདུག
ཨེ།
གནད་དོན་ཞིག་དམར་ཧྲང་ལ་བུད་ནས་བཤད་ན་ང་ཚོས་ྋགོང་ས་མཆོག་གི་གསུང་ཏག་ཏག་ཅིག་བརྩི་སྲུང་བྱེད་ཐུབ་གི་མེད་པ་དེ་རེད། འདི་ནི་གཙོ་བོ་མི་རེ་རེ་ངོས་ནས་འགན་འཁུར་དགོས་པ་ཞིག་རེད། ཁྱེད་རང་ྋགོང་ས་མཆོག་ལ་དད་པ་ཡོད་མེད་དེ་ཁྱེད་ཀྱི་ཁོང་གི་གསུང་ཏག་ཏག་ཅིག་བརྩི་སྲུང་བྱེད་ཐུབ་གི་ཡོད་མེད་ལ་ཐུག་ཡོད། དེ་འདྲ་བྱེད་ནས་བལྟས་ན་ང་ཚོའི་ནང་ན་དད་པ་གཙང་མ་ཡོད་མཁན་ཧ་ཅང་གི་ཁག་པོ་རེད། ཁྱེད་ཀྱིས་ྋགོང་ས་མཆོག་མཐོང་དུས་ལག་ཟུང་ཐལ་མོ་སྦྱར་ནས་ལུས་པོ་སྒུར་སྒུར་བྱེད་རྒྱུ་དང་ཁོང་ལ་ཐེངས་མང་བོར་ཞལ་མཇལ་ལེན་རྒྱུ་དེ་གཙོ་བོ་མ་རེད། ཁོང་གིས་གང་གསུང་བ་དེ་བསྒྲུབ་རྒྱུ་གཙོ་བོ་རེད། གལ་སྲིད་དེ་འདྲ་མ་ཐུབ་ཚེ་ཁྱེད་རང་དད་པ་ཡོད་མདོག་གིས་ཚུལ་འཆོས་དེས་རང་ཉིད་མུན་ནག་གི་དོང་ནང་དུ་བརྫངས་པ་དང་གཅིག་པ་རེད་བསམ། གནད་དོན་འདི་འདྲ་ཞིག་གི་སྒང་ནས་བལྟས་ན་ངོ་མ་ཡིད་མུག་པ་ཞིག་རེད། བོད་མི་རིགས་འདིའི་རྣམ་དཔྱོད་ཀྱི་ཁ་དབུགས་ད་དུང་གཉིད་སྟུག་པོ་ཞིག་གིས་བཏུམ་ནས་བསྡད་ཡོད་པ་མཐོང་གི། དད་པ་གཙང་མ་ཞིག་ཡོད་མདོག་མདོག་གིས་རེ་བ་དྭངས་མ་ཞིག་ཆུ་ལ་བསྐུར་བཞིན་འདུག རིགས་ཞེན་ཆེན་པོ་ཞིག་ཡོད་མདོག་མདོག་གིས་མདུན་ལམ་ཡངས་པོ་ཞིག་རླུང་ལ་བསྐུར་བཞིན་འདུག རང་ལྟ་མཆོག་འཛིན་དང་གཏམ་བཤད་རྫིག་པོ་རེ་གི་ཀློང་ན་བསྐུར་བཞིན་འདུག བསམ་བློའི་རུལ་སུངས་དང་གཞན་དོན་ཁ་འཁྱེར་ཞིག་གི་འོག་ན་བསྐུར་བཞིན་འདུག
ཨོ།
ངའི་སེམས་ཀྱི་རྨི་ལམ་དང་སྙིང་གི་འདུན་པ་ཡོད་ཚད་རི་ཁ་བ་ཅན་ལ་ཆགས་པས་ང་འདི་ལྟར་འགྲོ་དགོས་བྱུང༌། ཚིག་གི་རལ་གྲིས་དོན་གྱི་འབྲས་བུ་འཐུ་བཞིན་འགྲོ་དགོས་བྱུང༌། སྨུ་གུའི་རྐང་རྗེས་མི་ཡི་དགོས་ཆེད་གླེང་བཞིན་འགྲོ་དགོས་བྱུང༌། མ་གཞི་ངས་ཤེས་ཡོད། ངས་རྟོག་ཡོད། ལམ་ཀ་འདི་ན་ང་ལ་མིག་ཆུ་མང་བ་ཤེས་ཡོད། འཕྲེང་ལམ་འདི་ན་ང་ལ་དགྲ་གཉེན་ཡོད་པ་རྟོག་ཡོད། ཡིན་ནའང་ང་རང་རིགས་ཞེན་ཞིག་གིས་ལམ་ཀ་འདིར་དེད་སོང༌། ང་རང་འཐབ་རྩོད་ཅིག་གིས་འཕྲེང་ལམ་འདིར་ཁྲིད་སོང༌། མདོར་བསྡུས་ནས་བཤད་ན་མི་རིགས་ཤིག་གི་ཚེ་སྲོག་བརྟན་ཆེད་ཡིན། ཁ་གསལ་ནས་བཤད་ན་མི་རིགས་ཤིག་གི་གཏི་མུག་སངས་ཆེད་ཡིན།

སྣ་ཚོགས།

Post navigation

Previous Post: བསྡུས་གྲྭ་ཟེར་བ་འདི་གད་སྙིགས་ནང་གཡུག་ཞོག
Next Post: གལ་ཆེའི་གསར་འགྱུར། ཨ་རིའི་༢༠༠༩གསང་བའི་ལས་ཀའི་ཐབས་བྱུས་ལས་སྡོམ་བཏོན་འདུ

Comments (8) on “བོད་མི་རིགས་ཀྱི་སོན་རྩ་འཕྲོ་ལྷག་ཏུ་འགྲོ་བཞིན་འདུག”

  1. གསེར་ཆོས། says:
    2009-09-16 at 8:29 am

    དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་ནི་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །
    མྱུ་གུ་སྔོན་མོ་ཇི་བཞིན་ནོ། །ཞེས་བ་འདི་སངས་རྒྱས་ཀྱི་གསུངས་རེད། ཁྱད་པར་གསང་སྔགས་
    ཀྱི་ཆོས་སྒོར་ཞུགས་ན་དད་པ་དེ་དཔེ་གལ་ཆེན་པོ་རེད། རྗེ་ཙོང་ཁ་པས་ཀྱང་ཁོ་བོས་གསང་སྔགས་
    རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་བླ་མ་ལ་སངས་རྒྱས་དངོས་མཐོང་གི་དད་པ་བྱེད་དགོས་པ་དེ་ཡིན་
    པར་ཤེས་ཚུལ་ཞིག་གསུངས་འདུག་ལུང་ཇི་བཞིན་པ་དྲན་མ་སོང་།
    ད་རང་བཙན་རྩོད་པ་ལ་ཡང་དད་པ་གལ་ཆེ་བ་རེད་གལ་ཏེ་ཁྱེད་ལ་ཨོ་རྒྱན་རིན་པོ་ལ་
    དད་པ་རྩེ་གཅིག་པ་ཞིག་ཡོད་ན་གུ་རུའི་བཀའ་བཞིན་སྒྲུབ་པས་བོད་འདི་རྒྱ་དམག་གི་འཇིགས་
    པ་ལས་སྐྱོབ་ཐུབ་པར་ང་ལ་ཡིད་ཆེས་ཡོད་ལ་དེ་ནི་ཡིད་ཆེས་པའི་དད་པ་ཡིན།
    འོན་ཀྱང་མི་ཚང་མ་བསམ་མཐུན་རྒྱུ་ཁག་པོ་རེད།

  2. གསེར་ཆོས། says:
    2009-09-16 at 8:30 am

    ནོར་བཅོས། བསམ་པ་མཐུན་རྒྱུ།

  3. བོད། ལྷ་ཀླུ་གཉན་གསུམ། says:
    2009-09-16 at 6:12 pm

    འབྲོག་རུ་ཆོས་གྲགས་ཀྱི་རྩོམ་ཡིག་གཅིག་ལ་བལྟས་པ།

    ་་་འབྲོག་རུ་ནས། བོད་མི་རིགས་ཀྱི་སོན་རྩ་འཕྲོ་བརླག་དུ་འགྲོ་བཞིན་འདུག

    ཀ
    འབྲོག་རུ་ཆོས་གྲགས་ལགས། སྐུ་ཉིད་ཀྱིས་གསུངས་ཟིན་པའི་བསམ་ཚུལ་འདི་ལ་སེམས་བསམ་པའི་གཏིང་ནས་རྒྱབ་སྐྱོར་ཡོད། མཐོ་ས་ནས་འགྱིང་མཁན་དག་གིས་རང་རང་གི་གཏམ་བཤད་གཅིག་བུའི་དུས་ཡུན་ལས་རང་གི་རིགས་རྒྱུད་བོད་རིགས་ཤིག་ཆགས་མིན་ཐད་དུ་གཏན་ནས་འགན་ལེགས་པོ་ཞིག་ད་ལྟའི་བར་དུ་འཁུར་མ་མྱོང་བ་འདིས། རྗེས་རབས་པ་དག་གིས་མིག་དཔེ་ལྟ་ས་ཡང་རུལ་ཡོད་པས། བྱ་བ་གང་ཞིག་བྱོས་དེ་སོང་ན་ཡང་། ཁ་འཕེན་ས་ནི་༧གོང་ས་མཆོག་ཁོ་ན་ལས་གང་ཡང་བྱེད་ཐུབ་ཀྱི་མེད་པ་རེད་ལགས།
    ཁ
    བདག་གིས་ཀྱང་གྲོགས་པོ་མི་ཉུང་བ་ཞིག་ལ་འདི་ལྟར་བཤད་མྱོང་ཡོད། ༧གོང་ས་མཆོག་གི་སྐུ་དཔར་ཞིག་བརྩིགས་ངོས་སུ་བཀལ་ནས་དད་པ་ཡོད་འདོག་སྟོན་པ་དེ་ནི་ང་རང་གིས་གཏན་ནས་ཡིད་ཆེས་བྱེད་ཐུབ་ཀྱི་མི་འདུག་ཟེར་ནས་བཤད་པ་ཡིན་ལགས། {དེའི་ནང་དུ་རང་ཡང་འདུས་ཡོད་པ་ཡིན། ག་དུས་ཡིན་ཡང་༧གོང་ས་མཆོག་ལ་དད་གུས་ཡོད་རབས་ཀྱི་གཏམ་བཤད་བརྫིག་པོ་རེ་བྱེད་མཁན་ཞིག་རང་ཡང་ཡིན།}འདི་དག་བསམ་ནས་འོང་དུས། ང་རང་ལ་ལྟ་བུའི་བོད་པ་འདི་ཚོ་ད་ལྟའི་འཆར་བོད་མི་ཞིག་དུ་སྐྱེ་བ་ལས་བོད་ཡུལ་གྱི་སེམས་ཅན་ཞིག་དུ་སྐྱེ་ཡོད་ན་ཅི་མ་རུང་སྙམ་དུས་ཀྱང་ཡོང་གི་འདུག བོད་ཡུལ་གྱི་སེམས་ཅན་དེ་ཚོས་མ་མཐའ་རང་གི་ཤ་ཁྲག་མི་ཡུལ་བའི་ཁ་ཟས་སུ་གྱུར་རེག་བར་དུ་བོད་ཡུལ་གྱི་རྩྭ་ཐང་སྟེང་དུ་བག་ཕེབས་ཀྱི་འཚོ་བ་ཞིག་རོལ་ཐུབ་ཀྱི་ཡོད་པ་རེད་ལགས།
    ག
    བོད་རིགས་སུ་གྱུར་བའི་བོད་མི་ཞིག་གིས་རང་གི་སྐད་ཡིག་མ་ཤེས་པ་དེ་ལས་ཞབས་འདྲེན་ཞིག་ཕལ་ཆེར་མི་འདུག་ཟེར་ན་དངོས་ནས་ཐད་དྲགས་མེད་པར་འདོད་ལ། ཡི་གེ་མི་ཤེས་པའི་ཕ་མ་དག་གིས་ཀྱང་རང་སྐད་གཙང་མ་ཞིག་རྒྱག་གི་ཡོད་པ་རེད། དེ་དག་གི་བཀའ་དྲིན་ལ་བརྟེན་ནས་འུ་ཅག་གིས་བོད་སྐད་ཙམ་ཞིག་བཤད་ཤེས་ཀྱི་ཡོད་ཀྱང་། བོད་ཀྱི་ཡི་གེ་ཙམ་ཤེས་པ་དེ་ཡང་བོད་ཀྱི་སྐད་ཡིག་ལ་ཞབས་འདེགས་ཞུ་བྱེད་ཅིག་ཉན་གྱི་མེད་པའི་ང་རང་ལྟ་བུ་མི་ཉུང་བ་ཞིག་མཐོང་དེ་འོང་དུས། དངོས་ནས་སེམས་པ་ལ་ཟུག་གཟེར་རྒྱགས་པའི་གྲངས་ཀ་དེ་ནི་གནམ་མཁའི་སྐར་ཚོགས་ལས་ཀྱང་མོད། རེད་དེ། རང་ཉིད་ཀྱིས་རང་ཉིད་བོད་ཅིག་ཡིན་པ་བརྗེད་ཀྱི་མེད་པའི་ཁུལ་ཡིན་ཡང་། བོད་མ་བརྗེད་པ་གཅིག་བུའི་བོད་ཀྱི་དར་རྒུད་ལ་འགན་ཞིག་ལེན་ཐུབ་ཀྱི་མེད་པ་ཡིན། བོད་ཀྱི་མི་རིགས་འདི་ཡུན་རིང་དུ་གསོན་གནས་ཐུབ་མིན་གྱི་གནད་དོན་དེ་ནི་བོད་ཀྱི་སྐད་ཡིག་འདི་གནས་མིན་ལ་རེག་ལས་པ་ཡོད་ཅེས་མཁས་མིང་ཐོག་མཁན་དང་བླ་ཆེན་དཔོན་ཆེན་དག་གིས་མ་བཤད་དུས་ཤིག་དཀོན་ཡང་། གསུངས་མཁན་རེ་ཟུང་ལ་དངོས་ནས་ལྟ་གསོ་ཡོད་པ་དང་སློབ་སྤྱོང་བྱེད་ས་ཞིག་ཡོད་ཀྱང་། མང་ཤོས་ཤིག་ལ་ལྟ་གསོ་མེད་པ་དང་ཁ་དོན་མི་མཚུངས་པའི་ནག་ཉེས་དེའི་སྟབས་ཀྱི་བོད་ཡིག་ཤེས་མཁན་ཞིག་ཡིན་ན་ནི། མི་སྤྱང་བོ་ཞིག་དུ་མི་ལྟ་བའི་བཙན་བྱོལ་བའི་ཁོར་ཡུག་འདི་ནས་བོད་པ་རང་གིས་བོད་ཡིག་ལས་དབྱིན་ཡིག་ཤེས་མཁན་ལ་མཐོང་ཆེན་བྱེད་པ་དང་བརྩི་བཀུར་དང་ལས་ཀ་སྤྲོད་པ་འདི་དག་གིས་གཞུང་གི་ལས་བྱེད་ནས་སྲང་བར་གྱི་ཚོང་ཙག་ཅག་གཉེར་མཁན་ཚུན་ནས་རང་སྐད་ལས་གཞན་སྐད་ལ་དགའ་བའི་ནད་ཚ་འདི་ནི་ཉིན་རེ་ནས་ཉིན་རེ་ལས་ཆེ་བར་མཐོང་ཐེངས་རེ། རང་ཉིད་རང་གི་མི་རིགས་འདི་ལ་་ངོ་ཚ་ཡི་འདུག རིགས་ཞེན་གྱི་སྲོག་རྩ་ཆད་བཞིན་པའི་ངང་ཚུལ་འདི་དག་ནི་སྐུ་ཉིད་ལྟ་བུའི་བོད་ཀྱི་སྐད་ཡིག་གི་དར་རྒུད་ལ་ཤི་འཐམ་རོ་འཐམ་བྱེད་མཁན་གྱི་བོད་མི་རྣལ་མ་ཞིག་གི་སེམས་པ་གཟེར་བ་དངོས་ནས་ཁག་ག་ལ་ཡོད། ང་རང་ལྟ་བུའི་ཤེས་དམན་བླུན་པོ་རང་གིས་ཀྱང་རང་གི་རང་ལ་ཚུགས་པ་ཟ་བ་དེ་ནི་རྫོགས་མཐའ་ཞིག་མི་འདུག་ལགས།
    ང་།
    དོན་དངོས་དང་དངོས་ཡོད་ཅིག་ལ་གཞི་བཟུང་དེ་སྐད་ཆ་དྲང་མོ་མདའ་ལྟ་བུ་ཞིག་བཤད་པ་ཡིན་ན། བོད་ནས་གསར་དུ་འབྱོར་མ་ཐག་པའི་བོད་པ་ཞིག་ལ་བོད་མི་རྙིང་འབྱོར་ཞིག་གིས་རང་གི་ཁ་བརྡ་སློབ་གསོ་བྱེད་སྟངས་ཀྱི་མགོ་ནས་བཟུང་དེ་ནོར་གྱི་ཡོད་པ་དཔེ་མཚོན་ཞིག་ཞུས་པ་ཡིན་ན་འདི་འདྲ་རེད། སློབ་གྲྭར་སོང་ན་དབྱིན་ཡིག་ཡག་པོ་ཞིག་སྤྱོང་། དབྱིན་ཡིག་ཡག་པོ་ཞིག་ཤེས་པ་ཡིན་ན། རྗེས་ཕྱོགས་ཕྱི་རྒྱལ་གང་རུང་ཞིག་ལ་འགྲོ་ཐུབ་པ་མ་ཟད། དབྱིན་སྐད་ཤེས་པ་ཡིན་ན་ལས་ཀ་རེག་པ་མ་ཟད། གང་དུ་སོང་ཡང་དཀའ་ངལ་འཕྲད་མི་སྲིད། དབྱིན་ཡིག་སྤྱོང་ཟེར་བའི་ཁ་བརྡ་སློབ་གསོ་བྱེད་མཁན་ཞིག་ལས་ད་ནི་ཁྱེད་རང་བཙན་བྱོལ་རང་དབང་གི་ལུང་བ་འབྱོར་ཡོད་པས་བོད་ཡིག་ཡག་པོ་ཞིག་སྤྱོང་དགོས་ཀྱི་ཡོད་པ་རེད། རང་ཉིད་བོད་རེད་མོད། ད་ནས་བཟུང་རང་དབང་གི་སྒོ་ནས་ཅི་ཞིག་བཤད་ཀྱང་བཀོག་འགོག་མེད་སའི་རང་དབང་གི་ཡུལ་ནས་རང་གི་སྐད་ཡིག་ལ་ཤུགས་བརྒྱབ་དེ་རང་གི་མི་རིགས་འདི་ལ་འགན་འཁུར་ཐུབ་པའི་མི་ཞིག་ཨེ་ཉན་ལ་འབད་དགོས་ཀྱི་ཡོད་པ་རེད། སློབ་གྲྭར་སོང་དེ་བོད་ཡིག་སྤྱོང་རྒྱུ་ཡིན་ན་ནི། གྲྭ་སར་མི་འགྲོ་གང་བྱེད་ཟེར་བ་སོགས་ཉན་ན་རྣ་བ་གཟེར་བ། བསམ་ན་སེམས་པ་ན་བྱེད་རྐྱང་རྐྱང་ལས་གྲོགས་པོ་གྲོགས་མོ་ཡིན་ཟེར་མཁན་དག་ལ་གསུངས་རྒྱུ་མེད་པ་དེ་ཡང་བོད་ཡིག་ལ་བོད་པའི་ལྟ་སྟངས་ཡག་པོ་ཞིག་མེད་པར་གཏོང་བྱེད་ཀྱི་སྙམ་མ་བཞག་པའི་ནོར་འཁྲུལ་ཞིག་གི་མགོ་འཛུགས་སྟངས་ཤིག་ཆགས་ཡོད་པ་རེད། དཔེར་ན། བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་ནས་ཉིན་གྲངས་འགའ་ལས་མ་འགོར་བའི་གསར་འབྱོར་བ་དག་ལ་རང་གི་སྐད་ཡིག་ཤེས་མིན་གྱི་གནད་དོན་ཐད་དུ་ཐུགས་འཁུར་གནང་དེ་རང་གི་སྐད་ཡིག་འཁྲིད་མཁན་མེད་པར། དབྱིན་ཡིག་སློབ་ཁྲིད་བྱེད་མཁན་གྱི་མི་སྣ་དང་བླངས་ཀྱིས་ཡོང་གི་ཡོད་པ་ལྟ་བུ་རེད། དངོས་ནས་ཡིན་ན། བཙན་བྱོལ་ལ་ཐོག་མར་འབྱོར་ས་ནི་བལ་ཡུལ་སྣེ་ལེན་ཁང་ཡིན་པས། དེ་ནས་ཐོག་མའི་བསླབ་བྱ་རྒྱག་མཁན་དང་ཁ་བརྡ་སློབ་གསོ་གཏོང་མཁན་ཞིག་ཡིན་ན་ཡང་། ད་ནི་ཁྱེད་ཅག་རྒྱའི་བཙན་གནོན་འོག་ནས་བྲོས་བྱོལ་དུ་བདེ་བར་འབྱོར་ནས་རང་གི་ལུང་བ་རྒྱབ་དུ་བཞག་ནས་འདི་རུ་འབྱོར་ཡོད་པས། ཐོག་མར་༧གོང་ས་མཆོག་གི་བཀའ་གསུངས་ཅི་སྒྲུབ་བྱེད་མཁན་གྱི་མི་ཞིག་མ་ཉན་རུང་། ༧གོང་ས་མཆོག་གི་ཞབས་འདྲེན་བྱེད་མཁན་གྱི་མི་ཞིག་མི་ཆགས་པར་འབད་རོགས་ཞུ་ཟེར་ནས། བོད་ལ་ཤ་ཞེན་ཡོད་མཁན་གྱི་མི་སྣ་ཞིག་བསྐྱེད་སྲུང་བྱེད་རྒྱུའི་ཐད་དུ་བསླབ་བྱ་ཚིག་གཅིག་རྒྱག་མཁན་མེད་ཟེར་ན་བཤད་དཀའ་ཡང་། ཡོད་པས་མིང་ཙམ་ལས་ད་རྒྱ་གར་དུ་སོང་དེ་དབྱིན་ཡིག་ཡག་པོ་སྤྱོང་ཤོག་ཨ་ཟེར་མཁན་ནི་མང་མེད་ན་ཉུང་ཚོད་དུ་གཏན་ནས་མེད་པ་དེ་དག་གིས་བོད་ཀྱི་གཞུང་ཞབས་ཀྱི་ཐོག་མའི་མི་སྣ་དང་ཐུགས་འཕྲད་བྱེད་ས་དེ་ནས་བཟུང་དེ་བོད་ཡིག་ལ་བདག་མེད་དུ་བཏང་ཡོད་ལ། ༧གོང་ས་མཆོག་ནི་ལག་པ་འཕྱི་ས་ཁོ་ན་ལས་སེམས་དང་བསམ་པའི་༧ཁོང་གིས་བཀའ་གསུངས་དང་དུ་ལེན་མཁན་ནི་དག་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་མི་དྲགས་དཔོན་ཆེན་དག་གི་མིག་མང་གི་འབེན་དུ་གྱུར་ནས་ཁོང་ཚོ་རིག་ན་སུན་སྣང་སྐྱེ་བཞིན་པའི་ཚོད་དུ་ཡིན་པ་ནི། སྔོན་ཆད་ཅིག་ལ་དུས་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་རྩོམ་པ་པོ་ཁོང་གིས་དེབ་དེ་དཔར་མ་ཐག ལྟ་ལོག་ཞིག་སླེབས་འདུག་ཟེར་ནས་ཅུང་ཙམ་མིན་ན་རྩོམ་པ་པོ་ཁོ་རང་རྡོ་དང་དབྱུགས་པའི་བྱ་དགའ་རེག་གྲབས་བྱས་པ་རེད་ལ། རྩོམ་པ་པོ་ཧོར་འཇིགས་ལ་ཡང་མོ་ཀྲི་ཞའི་བུ་དང་། རྒྱ་མའི་སོ་ཉུལ་སོགས་ཀྱི་མིང་བཏགས་མྱོང་ཡོད་པ་རེད་ལ། ད་དུང་། ཕྱོགས་ཞེན་གྱི་ཁོག་པ་དུག་གི་བཟུང་དེ་ཡོད་པ་མི་ཉུང་བ་ཞིག་གིས་བོད་ཟེར་བ་འདི་གཅིག་ལས་གཉིས་མེད་པའི་བསྐོར་ལ་བསམ་གཞིགས་བྱེད་མཁན་དག་ནི་ནམ་ཡང་། སྤྱི་ཚོགས་མཐའ་རུ་འདེད་བཞིན་ཡོད་པ་འདི་དག་ནི་བོད་ཡིག་གི་ཚེ་སྲོག་ལ་རྒོལ་བའི་ཇུས་ངན་དག་རེད།

    དེ་རིང་འདི་ཙམ་ལས་འཐུས་པ་བྱེད་ལགས། རྗེས་ཕྱོགས་ཀྱང་བསམ་ཚུལ་གླེང་ངེས་ཡིན། ང་རང་ལྟ་བུའི་བོད་མི་རྫུན་མ་དག་གིས་རང་ཉིད་ནི་བོད་ལ་སྐྱེ་བའི་བོད་མི་ཞིག་ཡིན་པ་ངོས་ཟིན་ཐོབ་ནས་བོད་ཀྱི་སྐད་ཡིག་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཧུར་ཐག་བྱེད་རྒྱུའི་རེ་སྐུལ་དང་བཅས་དེ་འབྲོག་རུ་ཆོས་གྲགས་སྐུ་ཉིད་ལྟ་བུའི་བོད་ཀྱི་སྐད་ཡིག་ལ་རང་གི་ཚེ་སྲོག་ལས་གལ་ཆེན་པོར་འཛིན་གྱི་བོད་རིགས་རྣལ་མ་མི་ཉུང་བ་ཞིག་ཆར་རྗེས་ཀྱི་ཤ་མོག་བརྡོལ་བ་བཞིན་ཡོང་བར་སྨོན།

    ཁ་བརྡའི་རྩོམ་སྒྲིག་པ་ལགས། འདི་དྲ་ཐོག་འདིར་འགོད་རོགས་ཞུ།

  4. ལྷ་རླུང་དཔལ་རྡོར says:
    2009-09-17 at 3:07 am

    འབྲོག་རུ་ལགས་ཀྱིས་གལ་ཆེའི་གླེང་གཞི་འདིར་མངགས་རྗོད་ཞུ་། དེང་སང་རང་རེའི་བཙན་བྱོལ་སྤྱི་ཚོགས་ནང་བོད་པའི་སྐད་ཡིག་གི་གནས་ཚད་ནི་ཇི་ཉམས་སུ་འགྲོ་བཞིན་པ་དེའི་འགན་ རྡ་ས་ཤེས་རིགས་ལྷན་ཁང་ནས་མར་རྩིས་ཏེ་ གཏན་ཉིན་སློབ་གྲ་ཁག་གི་དགེ་ལས་རྣམས་དང་ ས་གནས་ཁག་གི་འགོ་འཛིན་ གཞུང་འབྲེལ་དང་ གཞུང་འབྲེལ་མ་ཡིན་པའི་ས་གནས་ཀྱི་ཚོགས་པ་ཁག་ ཕ་མ་རྣམས་དང་ སྤྱི་ཚོགས་ནང་ཤེས་་ལྡན་ཅན་གྱི་རྒན་རབས་མི་སྣ་ཚོ་ དེ་བཞིན་སློབ་ཕྲུག་རང་ཉིད་བཅས་ཚང་མའི་ངོས་ནས་སྣང་མེད་ངང་འཐུ་ཤོར་ཕྱིན་པ་ཞིག་རེད་བསམ་གི་།

  5. འབྲོག་ཆོས། says:
    2009-09-17 at 5:53 am

    རྣམ་པ་ཚོས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།
    དངོས་གནས་བཤད་ན་ང་ཚོ་ཁ་བཤད་མ་གཏོགས་དོན་དངོས་ལ་འབབ་གི་མི་འདུག
    གང་ཡིན་ཟེར་ན། བོད་ཀྱི་མཐོ་རིམ་མི་སྣ་ཚོས་བོད་སྐད་ཡིག་སྲུང་སྐོར་ལ་གཏམ་བཤད་རྫིག་ཐག་ཆོད་རེ་བཤད་ནས་བཞུགས་པ་མ་གཏོགས། བོད་སྐད་ཡིག་བཀོལ་སྤྱོད་སྐོར་ལ་ཐུགས་བསམ་གང་ཡང་གཏོང་གི་མི་འདུག དཔེར་ན། བཞུགས་སྒར་ཕོ་བྲང་གི་གཡས་གཡོན་དང་དྷ་སའི་སྲང་ལམ་གཡས་གཡོན་ན་ཡོད་པའི་ཚོང་ཁང་དང་ཟ་ཁང་སོགས་ཀྱི་སྒོ་བྱང་ལ་གཟིགས་ནའང་བོད་སྐད་ཡིག་བཀོལ་སྤྱོད་ཀྱི་སྐོར་ལ་བསམ་བློ་གཏོང་གི་ཡོད་མེད་ཀྱི་བསམ་བློའི་རྒྱབ་ལྗོངས་རགས་ཙམ་ཞིག་མཐོང་ཐུབ།
    ང་རང་ངོས་ནས་འདིའི་སྐོར་ལ་ལས་ཀ་ཞིག་བྱ་འདོད་ཡོད་ཀྱང་། ལག་བརྐྱངས་འདོད་ཀྱང་ཕུ་ཐུང་ཐུང་པས་གནས་སྐབས་རིང་འདི་ཙམ་ལས་མ་འཐུས་པར་ལྷག་ཡོད།

  6. མེ་སྒྱོགས་རྒྱ་མཚོ། says:
    2009-09-17 at 5:50 pm

    སྟོང་བསམ་གྱིས་སྐྲུན་པའི་འཇིག་རྟེན་དང་དངོས་ཡོད་དུ་ཡོད་པའི་འཇིག་རྟེན་གཉིས་གཅིག་པ་མ་རེད།
    འདི་གཉིས་ལ་མགོ་འཁྲུག་ཆུག་མཁན་ནི་ཆབ་སྲིད་པ་ཚོ་རེད། ཁོང་ཚོས་བཤད་པ་དེ་ཁོང་ཚོས་མི་བྱེད། ཁོང་ཚོས་བྱེད་པ་དེ་ཁོང་ཚོས་མི་བཤད།

  7. འཆི་བདག་སྐྱབས་། says:
    2009-09-19 at 2:17 am

    འབྲོག་ཆོས་ལགས་ཀྱིས་ཀྱང་རང་གིས་བཤད་པ་བཞིན་དུ་ཤུགས་རེ་རྒྱག་གིན་ཡོད་ན་སྤྲོ་འོས་སུ་མཆིས་མོད།
    དེང་སང་སྨྱུ་གུ་འཛིན་མཁན་ཁྲོད་དུའང་ཁ་ལག་ཐོད་མི་མཐུན་མང་བོ་མཐོང་རྒྱུ་ཡོད་པས། ཁྱེད་ཀྱིས་ཀྱང་
    གཟབ་གཟབ་གནང་རྒྱུ་གལ་ཆེན་རེད་སྙམ། རྩོམ་ཅག་ཁ་ཤས་ཀྱིས་ཕན་ཅུང་ཟད་ཀྱང་ཕན་མི་ཐོགས་པ་ཁྱོད་ཀྱིས་ཀྱང་མི་ཤེས་པ་མ་རེད། སྨྱུག་འཛིན་པ་ཁ་ཤས་ཀྱིས་རང་ཉིད་མི་རིགས་འདི་ལ་ཤ་ཞེན་ཡོད་ཚུལ་གྱི་ཆེ་མཐོང་རེག་ཆེད་དུའང་རྩོམ་ཆག་འབྲི་མཁན་མང་ནི་རེད།
    འབྲོག་ཆོས་ལགས་དེའི་རིགས་དེ་མིན་པར་ཤོག
    ང་ནི་བརྩམས་ཆོས་དང་རྩོམ་པ་པོ་གཅིག་ཏུ་མི་འཁྲུལ་མཁན་ཞིག་ཡིན་པས། གོང་གི་ཁྱོད་ཀྱི་རྩོམ་ཆག་དེས་ཀྱང་ཁྱོད་ཀྱི་སེམས་གཤིས་མཚོན་ཐུབ་མིན་ཁག་པོ་རེད།
    ཁས་བཤད་ནས་མ་སྒྲོགས། ལག་གིས་བསྒྲུགས་ནས་སྟོན་རོགས།
    ཁྱོད་ཀྱིས་སྐད་ཡིག་ཚགས་པར་དེས་ཅིག་ཕན་ཐོགས་ཀི་ཡོད་ཟེར་ན། ངས་ནི་དེས་ཕན་ཐོགས་ཀི་ཡོད་དམ་གནོད་ཀིན་ཡོད་མེད་བལྟ་རྒྱུ་རེད་ཟེ་ཁྱོད་ལ་གསལ་བཤད་བྱེད་ཀྱིན་ཡོད་དོ།།

  8. dadag says:
    2009-09-19 at 2:53 pm

    i think you guys are doing great things. sharing thoughts is the only way to modernize tibet.

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (74)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme