Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མི་རིགས་ཀྱི་རིག་གཞུང་དང་གོམས་སྲོལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི།

Posted on 2009-03-08 By དགེ་རབ་ 1 Comment on བོད་མི་རིགས་ཀྱི་རིག་གཞུང་དང་གོམས་སྲོལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི།

འགར་ཚེ་རྒྱལ།
———-
ད་ལྟའི་དུས་སྐབས་འདིར་བོད་མི་རིགས་ལ་ཁའི་ན་བུན་དང་རྩྭ་རྩེའི་ཟིལ་བའི་ཚུལ་དུ་གནས་ཡོད་པ་ནི། ང་ཚོ་ལ་སྤྱི་ཕན་གྱི་བསམ་བློ་དང་ཆིག་སྒྲིལ་གྱི་ལངས་ཕྱོགས་མེད་པར། རང་ཉིད་དང་རང་ཉིད་ཀྱི་ཉེ་འཁོར་ལ་མིག་ཅེར་ཁ་གདེང་ནས་འདུག་པ་ལས་བོད་མི་རིགས་སྤྱི་ཡོངས་ཀྱི་ངོས་ནས་བསམ་མ་ཐུབ་པ་དང་། བལྟ་མ་ཐུབ་པར་ང་ཚོའི་མིག་མཐོང་དུ་ཡོད་པའི་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་གོ་མེད་ཚོར་མེད་ངང་སྣང་མེད་དུ་བཞག་པའི་དབང་གིས་རེད། དེས་ན་ང་ཚོའི་མི་རིགས་འདི་ཆག་འཇིག་ལས་སྐྱོབ་དགོས་ན་མི་རིགས་ཀྱི་རིག་གཞུང་དང་གོམས་སྲོལ་རྒྱུན་འཛིན་སྲུང་སྐྱོབ་བྱ་དགོས་ལ། ཇི་ལྟར་སྲུང་སྐྱོབ་བྱེད་སྟངས་ནི་ཕུགས་དེད་ན་བྱེ་བྲག་མི་སྒེར་སོ་སོའི་བསམ་བློ་དང་ཀུན་སྤྱོད་འཁྱེར་སྟངས་ལ་རག་ལས་བ་ཞིག་སྟེ། ད་ལྟའི་སྐབས་ཤེས་ཡོན་པ་ཡིན་མ་ཡིན་གང་ལྟར་ཕྱོགས་གཅིག་ནས་གདོད་མའི་བསམ་བློ་རྙིང་པ་དང་ལྟ་བ་རྙིང་པ་མཁྲེགས་བཟུང་གིས། ཡོད་ཚད་ལྷ་ལ་བཅོལ་ཞིང་ལྷ་ལ་རེ་ནས་འདུག་པ་དང༌། ཕྱོགས་གཞན་ཞིག་ནས་རྒྱུན་སྲོལ་རྙིང་པ་དང་ལྟ་བ་རྙིང་པ་ཐམས་ཅད་གཏོར་བཅོམ་མཚམས་འཇོགས་བྱེད་དགོས་པའི་ལྟ་ཚུལ་འཛིན་པ་གཉིས་ཀྱི་ངོས་ནས་བལྟས་ན། རྙིང་པ་དང་གསར་པ་གང་ཡིན་ཡང་བོད་མི་རིགས་འཚོ་གནས་ཀྱི་གཞི་རྩར་རག་ལས་པ་ཞིག་ཡིན་ཕྱིན་རང་སྟེང་ནས་འགན་འཁྱེར་གྱིས་སྲུང་ལེན་བྱ་དགོས་པ་དང༌། མི་རིགས་ཡར་ཐོན་གྱི་བཀག་འགོག་ཏུ་གྱུར་པ་ཞིག་ཡིན་ཕྱིན་ཕུགས་རྒྱང་རིང་པོས་འདོར་སྤང་བྱ་དགོས། མདོར་དོན་བོད་ཀྱི་རིག་གཞུང་དང་གོམས་སྲོལ་བཟང་པོའི་ཕྱོགས་ལ་ལྟ་བ་གསར་རྙིང་འཛིན་མཁན་གང་ཡིན་ཡང་ཕྱོགས་གཉིས་ཀྱི་འབབ་ས་གཅིག་ཏུ་བབས་ཏེ་གཙོ་བོ་བོད་ཀྱི་རིག་གཞུང་དང་གོམས་སྲོལ་བཟང་པོ་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་པ་ལས། ཕན་ཚུན་རང་ལྟ་མཁྲེགས་བཟུང་གིས་ངན་པའི་ཕྱོགས་ཡིན་པ་ཤེས་བཞིན་དུ་ཨུ་ཚུགས་བསྐྱེད་དེ་གནས་ལུགས་ཡང་དག་ཅིག་ཡོད་མདོག་མདོག་གིས་འུད་ཤོབ་རེ་བརྗོད་ནས་འདུག་པ་ནི་སྤྱི་ཕན་གྱི་བསམ་བློ་དང་ཀུན་སློང་དམན་དྲགས་པའི་དབང་གིས་ཡིན་པར་སེམས།
གཙོ་བོ་བོད་རིགས་མི་སྒེར་སོ་སོ་ནས་འཛམ་གླིང་ཁྱོན་ཡོངས་ཀྱི་སྤྱི་ཚོགས་ཧྲིལ་པོའི་ཁ་ཕྱོགས་དང་འཕེལ་རྒྱས་མིག་རྒྱང་རིང་པོས་ངེས་ཤེས་ཀྱིས།
ང་ཚོའི་མི་རིགས་འདི་འཚོ་གནས་ཀྱི་གཞི་རྩར་གྱུར་བའི་རིག་གཞུང་གི་མ་ལག་མང་པོ་སྲུང་འཛིན་བྱེད་པའི་འདུ་ཤེས་མི་ལྷོད་པར། འཛམ་གླིང་ས་མཐོར་གནས་པའི་བོད་སྤྱི་ཚོགས་འདི་ཤ་རུས་གཅིག་པའི་མིའི་རིགས་ཤིག་འདུས་སྡོད་ཀྱིས་གྲུབ་པ་ཞིག་ཡིན་སྟབས་ཐམས་ཅད་གཅིག་གྱུར་གྱིས་འཚོ་གསོན་ཐུབ་པ་དང༌། ཐམས་ཅད་ལ་ཆ་སྙོམས་ཀྱི་བདེ་སྐྱིད་དགོས་པའི་ཀུན་སློང་དང་ཕུགས་བསམ་ཡོད་པའི་ཐོག བོད་སྤྱི་ཚོགས་དང་མཐུན་པའི་འཐུས་ཚང་གི་སློབ་གསོ་ལ་ངེས་ཆ་དང་སྤྱི་གཅུན་གྱི་སྒྲིག་འཛུགས་རང་འཁུར་རང་སྲུང་བྱ་དགོས། དེ་ལྟའི་སྔོན་འགྲོའི་འདུ་ཤེས་འཛིན་སྟངས་ཀྱི་ཐོག་ནས་གཙོ་བོ་རང་ཉིད་དང་རང་ཉིད་ཀྱི་ཉེ་འཁོར་ལ་གཟས་པའི་ཚད་བརྒལ་གྱི་བདག་འཛིན་སྒེར་སེམས་དེ་ཚད་ཉུང་ངུར་གཏོང་བ་དང༌། རྗེས་ལུས་རྨོངས་རྟུལ་གྱི་བསམ་བློ་ཡོད་ཚད་སྤང་དོར་བྱས་ན་ད་བཟོད་བསམ་བློ་སྔོན་ཐོན་ཅན་དུ་གྱུར་ཏེ། བོད་མི་རིགས་དང༌། རིག་གཞུང༌། གོམས་སྲོལ་སོགས་ཀྱི་རིན་ཐང་རྒྱུས་ལོན་དང༌། མི་སྒེར་སོ་སོའི་བསམ་བློའི་ཁ་ཕྱོགས་སྤྱི་གཙོ་སྤྱི་མཐུན་ཅན་དུ་གྱུར་ཏེ། ད་ཡོད་བོད་ཀྱི་རིག་གཞུང་གོམས་སྲོལ་རྒྱུན་འཛིན་སྲུང་སྐྱོབ་དང་ཉམས་པ་སླར་གསོ་བྱེད་པར་ཕན་ནུས་གང་ལེགས་བསྐྲུན་ཐུབ་པར་སྙམ།
དེ་ལྟར་མི་སྒེར་གྱི་སེམས་གཤིས་ལ་འགྱུར་བ་གཏོང་བའི་གཞི་རྩའི་ཐབས་ལམ་དེ་འབྲེལ་ཤེས་ལྡན་མི་སྣའི་དཔུང་ཁག་གི་ངོས་ནས་གླེང་ན། བོད་ཀྱི་རིག་གཞུང་དང་གོམས་སྲོལ་ལ་བདག་སྐྱོང་བྱ་རྒྱུ་དེ་ཕྱོགས་གང་ནས་བལྟས་ན་ཧ་ཅང་གི་འགན་འཁྲི་ཡོད་པ་ཞིག་དང༌། འགན་འཁྲི་ཡོད་པའི་ཐོག་ནས་སྟོབས་ནུས་ཀྱང་མི་དམན་པ་ཞིག་མངོན་གསལ་དུ་ཡོད་ཅེས་བཤད་ཆོག། འཛམ་གླིང་ཁྱོན་ཡོངས་ཀྱི་སྤྱི་ཚོགས་མང་པོའི་ནང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱས་དང་བྱེད་བཞིན་པ་དེ་ཡང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྟོང་ཆ་ཁ་སྐོང་དང༌། མི་རིགས་ཡར་ཐོན་གྱི་ལམ་ལ་ཁྲིད་སྟོན་བྱེད་པར་དམིགས་ནས་ཤེས་ཡོན་སྦྱོང་གཉེར་གྱི་སློབ་གྲྭ་སོགས་འཛུགས་བསྐྲུན་བྱས་པ་ཞིག་ཡིན་སྟབས། རང་རེའི་ཤེས་ལྡན་པའི་ངོས་ནས་ཀྱང་ཤེས་ཡོན་སྦྱངས་གཉེར་བྱས་པ་དེ་སོ་སོ་གཅིག་པུའི་ཁེ་ཕན་གྱི་ཆེད་དུ་མི་སེམས་པར། ལངས་ཕྱོགས་དང་ལམ་ཁ་དེ་གཞི་རྩར་བཟུང་ནས་བོད་མི་རིགས་ཀྱི་རིག་གཞུང་གོམས་སྲོལ་སོགས་ལ་བདག་གཅེས་བྱེད་པའི་འོས་འགན་འཁུར་དུ་བླངས་ཏེ། སྙུགས་དོར་བཅུད་ལེན་གྱིས་རང་མི་རིགས་ཀྱི་རིག་གཞུང་གི་དགེ་མཚན་དང༌། དེ་འབྲེལ་འཐུས་ཚང་གི་སློབ་གསོ་སོགས་བློ་རྒྱ་དམན་པའི་བོད་རིགས་མང་ཚོགས་ཀྱི་བསམ་ངོར་བརྒྱུད་སྤྲོད་བྱ་ཐུབ་པ་དགོས།
འོ་ན་ད་ལྟའི་མགོ་ཐོག་གི་དུས་རབས་འདིར་རང་རེའི་ཤེས་ལྡན་མི་སྣའི་དཔུང་ཁག་གིས་བོད་མི་རིགས་ཀྱི་རིག་གཞུང་དང་གོམས་སྲོལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་དེ་སྒྲུབ་ཐུབ་ཀྱི་ཡོད་དམ་མེད་ཅེས་དོགས་པ་སྔོན་སོང་གི་ཚུལ་དུ་བརྗོད་ན། འདས་སོང་གི་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུ་ཚོའི་ངོས་ནས་ལུས་སྲོག་ལོངས་སྤྱོད་ལ་གང་ལའང་མ་འཛེམ་པར། བོད་རང་གི་རིག་གཞུང་དང་གོམས་སྲོལ་སོགས་སྲུང་སྐྱོབ་རྒྱུན་འཛིན་དང་དར་སྤེལ་གྱི་ཕྱག་རྗེས་རླབས་ཆེན་བཞག་ཡོད། དེར་བརྟེན་ང་ཚོ་ཕྱི་རབས་པ་རྣམས་ལ་ཁོང་ཚོ་བཤུལ་ལམ་ན་མགོ་དགྱེ་ས་ཞིག་དང་ལག་འགུལ་ས་ཞིག་རེག་ཡོད་པ་ནི། དམ་པ་དེ་ཚོས་ཤེས་ཡོན་པའི་འགན་འཁྲི་དེ་གཙང་སྒྲུབ་བྱས་པའི་དན་རྟགས་ཡིན་པ་སུ་ལའང་བསྙོན་དུ་མེད། ཡིན་ནའང་ད་ལྟའི་དུས་རབས་ཉེར་གཅིག་པ་འདི་ལ་ཆ་བཞག་ནས་བཤད་ན་ཤེས་ལྡན་པ་རྒན་གྲས་རྣམས་རིམ་པས་སྐུ་ཚེ་རྫོགས་ནས་སྟོང་པ་ཉེ་བའི་སྐབས་མཚམས་ཤིག་ལ་འཁེལ་ཏེ། ཉེ་རབས་ཤེས་ལྡན་པ་ཡིན་ཟེར་མཁན་ཚོ ས་ནི་སྒྲུབ་དགོས་པའི་འོས་འགན་དེ་དམིགས་གནད་དུ་འཛིན་མ་ཐུབ་པར། ཁག་ཅིག་དཔལ་འབྱོར་མཁོ་སྒྲུབ་ཀྱི་ལས་ལ་མགོ་འཁོར་བ་དང༌། ཁག་ཅིག་མི་རིགས་ལ་ཤ་ཞེན་ཆེ་བ་ཡིན་མིན་གང་ལྟར་གནའ་སྲོལ་རྙིང་རྒོལ་དང་དེང་སྲོལ་དར་སྤྱོད་ཀྱི་བསམ་བློ་དང༌། ལྟ་ཚུལ་དེའི་ཐོག་འཕག་འཚག་བརྒྱབ་ནས་འདུག་པ་ལས་མི་རིགས་ཀྱི་རིག་གཞུང་དང་གོམས་སྲོལ་བཟང་པོ་རྒྱུན་འཛིན་སྲུང་སྐྱོབ་བྱེད་པའི་ངོས་ནས་བལྟ་ཐུབ་ཀྱི་མེད་པ་དང༌། ཁག་ཅིག་གླེང་གཞིའི་མི་རིགས་ཀྱི་ཆག་འཇིག་དང་ཉམས་ཉེས་མི་གླེང་པར། དགྲ་གཉེན་ཕྱོགས་འཛིན་གྱིས་གཞན་གྱི་སྐྱོན་འཚང་སྔོགས་འབྲི་སོགས་ཀྱི་གཡུལ་ལ་ཞུགས་ནས་འདུག་པ་བཅས་ནི་ད་ལྟའི་ཤེས་ཡོན་པའི་དཔུང་ཁག་གི་སྨྱུག་རྩེ་སྒུལ་སྟངས་ཀྱི་ལངས་ཕྱོགས་ཡིན་ཞེས་བཤད་ཆོག་ལ། ལངས་ཕྱོགས་འདི་འདྲའི་འོག་ང་ཚོའི་ཤེས་ཡོན་པས་མི་རིགས་དང་རིག་གཞུང་གི་འགན་འཁྲི་སྒྲུབ་ཐུབ་ཀྱི་ཡོད་མེད་སྨྲ་མི་དགོས་པ་ཞིག་རེད།
དེའི་ཕྱིར་ཤེས་ལྡན་པ་ཚོས་སྤྱི་ཚོགས་ཀྱི་བྱ་གཞག་སྣ་ཚོགས་ནང་དང་པོ་ནས་སོ་སོས་བདམས་པའི་ལམ་ཁ་དེའི་དམིགས་ཡུལ་དང་ཁ་ཕྱོགས་འཚོལ་སྒྲུབ་བྱེད་སྟངས་མ་ནོར་བར། རང་ཉིད་ཀྱི་བསམ་བློ་དང་གཤིས་སྤྱོད་ཤེས་ཡོན་ལ་བརྟེན་ནས་འདུལ་སྦྱོང་དང༌། རང་ཉིད་སྤྱི་ཚོགས་ཀྱི་སྣེ་ཁྲིད་པ་དང་མི་མང་གི་སློབ་གསོའི་མ་ལག་བསྐྲུན་མཁན་གྱི་འགན་འཁྲི་བ་ཡིན་པ་མྱོང་ཚོར་བྱས་ཏེ། ཤེས་དམན་གྱི་ངལ་རྩོལ་མང་ཚོགས་ཀྱི་བསམ་སྤྱོད་དང་ཀུན་གཤིས་གྱོང་པོ་འདུལ་གཅུན་གྱི་བྱེད་ཐབས་ཁོ་ན་དམིགས་འབེན་དུ་བཟུང་ནས། རང་མི་རིགས་ཀྱི་ཆོས་རིག་ལ་ཐེབས་པའི་ཤུགས་ངན་པ་དང༌། བསམ་བློ་ངན་པ། གོམས་གཤིས་ངན་པ། ལྟ་སྤྱོད་ངན་པ་སོགས་སྤང་དོར་བྱེད་པར་ཤེས་ཡོན་གྱི་རིན་ཐང་དང་འཐུས་ཚང་གི་སློབ་གསོའི་སྟོབས་ནུས་སྤྱད་དེ། ཆོད་སེམས་བརྟན་པོས་རང་མི་རིགས་དང་རིག་གཞུང་གོམས་སྲོལ་བཅས་སྲུང་སྐྱོབ་བྱེད་པར་ཁ་སེམས་གཉིས་མེད་ཀྱིས་ཤུགས་སྣོན་རྒྱག་རྒྱུ་དེ་ཤེས་ལྡན་མི་སྣའི་དཔུང་ཁག་གི་ལངས་ཕྱོགས་ཡང་དག་པའི་འགན་འཁྲི་ཆགས་ཡོད་ལ། འགན་འཁྲི་དེ་བཞིན་དངོས་དོན་སྤུས་གཙང་གིས་སྒྲུབ་ཐུབ་ན་སྐབས་དོན་བོད་མི་རིགས་ཀྱི་རིག་གཞུང་དང་གོམས་གཤིས་སྲུང་སྐྱོབ་བྱ་རྒྱུ་ལེགས་འགྲུབ་ཡོང་ཐུབ་སྙམ།
དེ་མིན་ཤེས་ཡོན་པའི་སྡེ་ཁག་དང་ཤེས་ཡོན་པ་སྐྱེད་སྲིང་བྱེད་པའི་ཚོགས་སྡེ། མི་སྒེར་བཅས་སུ་དང་གང་ཡིན་ནའང་སྒེར་སེམས་ཀྱིས་དཔལ་འབྱོར་མཁོ་སྒྲུབ་ཁོ་ན་ལ་མགོ་འཁོར་འདོད་རྔམ་དང་། ཡང་ན་རང་ཉིད་ཀྱི་སྙན་གྲགས་ཀྱི་ཆེད་དུ་བོད་ཀྱི་རིག་གཞུང་དང་གོམས་སྲོལ་སྲུང་སྐྱོབ་ཀྱི་སྲི་ཞུ་ཡིན་ཞེས་མིང་སྟོང་ཞིག་ཁ་ལ་འཁྱེར་ནས། ལག་ལེན་དུ་རང་གི་ཁེ་ཕན་དང་བདེ་འཇགས་ཁོ་ནར་སྲུང་སྐྱོབ་བྱས་ནས་བསྡད་ན་ཤེས་ཡོན་པ་དང་ཤེས་ཡོན་པའི་ཚོགས་སྡེའི་རྣམ་གྲངས་ཅི་འདྲ་མང་ཡང༌། བྱེད་ཕྱོགས་དེས་བོད་རང་གི་རིག་གཞུང་དང་གོམས་གཤིས་ལ་གཏོར་བཤིག་བྱེད་པའི་ནག་ཉེས་ཅན་གྱི་གཤེ་གཏེ་ཆགས་ཡོད་པ་ལས་རིག་གཞུང་སོགས་ཀྱི་སྲི་ཞུ་རུ་མི་འགྱུར་བ་བཅས་ཕྲན་གྱི་ལྟ་ཚུལ་ཙམ་མོ། །

རྩོམ་རིག

Post navigation

Previous Post: དེ་རིང་གི་བོད་ཀྱི་གནམ་སའི་བར་ན།
Next Post: ང་དང་བོད་ཀྱི་འཐབ་རྩོད་ཀྱི་འགྱུར་བ།

Comment (1) on “བོད་མི་རིགས་ཀྱི་རིག་གཞུང་དང་གོམས་སྲོལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི།”

  1. དཔལ་དགྱེས་པ་རྡོ་རྗེ says:
    2009-03-13 at 5:51 am

    གྲོགས་པོ་བཀྲ་ཤིས་བདེ་ལེགས། །
    མཆོག་གི་ཁ་བརྡ་ཟིན་བྲིས་མཇལ་བས་དགའ་བསུ་ཞུ་བ་དང་ཆབ་ཅིག་ང་ཡི་བསམ་ཚུལ་ནི་སི་ཏུ་ཀརྨ་པས་ཨ་རི་ནས་དམག་ཞྭ་ཅིག་གྱོན་ནས་དཔར་ཞིག་བོད་ནང་ཁུལ་མཐོང་ནས་བགྲོ་གླེང་དང་ངན་སྨོད་དང་ཆགས་སྡང་བྱེད་བཞིན་འདུག་པས། རང་ལ་ཡོན་ཏན་དང་སྙན་རྩོམ་སོགས་ལ་གོམས་འདྲིས་ཆེར་མེད་ཀྱང་བསམ་ཆ་འགའ་ཞིག་ལྷག་བསམ་དག་པས་ཞུས་བསམ་བྱུང་། གྲོགས་ཁྱེད་དེས་ཕྱོགས་ཚོར་བ་ཅི་ཡོད་གསུངས་པར་ཞུ་ཞུ་ཞུ། ། གལ་ཆེན་པོ་རེད་བསམ་ཁུ་འདུག་གོ །

    ༄༅། །ཏྰ་ཡི་སི་ཏུའི་ཀརྨ་པ་ལ་གདམས་པ་ཞྭ་རྩོད་གཅོད་པའི་
    གནམ་ལྕགས་རལ་གྲི་བཞུགས་སོ། །

    ན་མོ་གུ་རུ་ཀརྨ་དུ་ཁཿཡེ། །

    ཆོས་འཇིག་རྟེན་ཡ་རབ་དྲིན་བཟོ་ཞིག །
    དེ་མེད་ན་དམ་ཆོས་རྩ་བ་རུལ། །
    གཞི་སྡོང་པོ་མེད་པའི་ཡལ་ག་བཞིན། །
    འབྱུང་མི་སྲིད་དཔེ་དོན་ཨེ་ཤེས་སམ། །

    ཕྱི་དཀའ་སྤྱད་མེད་པའི་ཆོས་པ་གཅིག །
    ནང་ཆགས་སྡང་མ་ཞིག་ལོག་རྟོག་གཉིས། །
    དོན་རང་དོན་སེམས་པའི་གང་ཟག་གསུམ། །
    སུས་སྒྲུབ་ཀྱང་དམ་ཆོས་མ་ཡིན་ལགས། །

    གཞི་སོ་ཐར་ངེས་འབྱུང་རྣམ་དག་གཅིག །
    ལམ་བྱང་སེམས་སྙིང་རྗེ་ཆེན་པོ་གཉིས། །
    དོན་གསང་སྔགས་དག་མཉམ་བདེན་པ་གསུམ། །
    སུས་སྒྲུབ་ཀྱང་དམ་ཆོས་དེ་ཉིད་ཡིན། །

    ཡ་གྲོགས་པོ་མིང་མེད་གཤིན་པོ་ཁྱེད།
    བློ་མ་བདེ་ཟིན་བྲིས་ཞིག་ལ་སྡང་། །
    ངས་ཡང་གསང་སྙིང་གཏམ་བསྔོ་སྨོན་བྱས། །
    དོན་མ་གོ་བསྟན་དགྲ་དམ་ཉམས་ཟེར། །

    ཟེར་ཆེ་ནས་ང་ཡིས་བདེན་པར་བརྡར། །
    གྲོགས་སྙིང་དམར་ཨ་ཁྱིག་ཀརྨ་པ །
    གྲོགས་ཞབས་འདྲེན་དེ་ཚོ་ཁྱེད་ཀྱིས་ཕུད། །
    ད་སྙིང་པོ་ལོན་སོང་སྙིང་གཏམ་གྲོགས། །

    ངའི་བརྒྱུད་གསུམ་བླ་མ་རིན་པོ་ཆེས། །
    ལས་དེ་འདྲའི་བྱ་བ་མི་བྱེད་ཁི། །
    དོན་དེ་འདྲ་སྙིང་པོ་མི་འཛིན་ཁི། །
    གོ་ཨེ་བྱུང་སྙིང་མེད་བླ་བཙོངས་ཁྱེད། །

    ཁྱོད་ད་དུང་བཤད་འདོད་འཕག་འདོད་ན། །
    དེང་བླ་རྫུན་ཁྲེལ་མེད་ང་རྒྱལ་ཅན། །
    ཁྱེད་སྤྲུལ་རྫུན་ཚང་མའི་རྫུན་རྐུབ་དེ། །
    དུས་གཅིག་ལ་གཞི་མེད་བཟོ་རྒྱུ་ཡིན། །

    འགྲོ་བག་མེད་རང་སྣང་གང་ཤར་དང་། །
    འདུག་ཟངས་གསེར་མལ་ཁྲི་སྟེང་ནས་འགྱིངས། །
    ཟས་ཤ་ཁྲག་ལོངས་སྤྱོད་ངོམས་མེད་སྤྱོད། །
    གཉིད་གཏི་མུག་རོ་ཉལ་རྒྱགས་ཆེ་ཚོ། །

    ཕྱི་རྒྱ་སྤྲུལ་ཟེར་བའི་ཤ་རྒྱགས་གཅིག །
    ནང་བླ་ཆེན་ཟེར་བའི་ཀླད་རུལ་གཉིས། །
    དོན་བྱམས་བརྩེ་བྲལ་པའི་ཁྲེལ་མེད་གསུམ། །
    སྤྱིར་སངས་རྒྱས་བསྟན་པའི་དགྲ་བོ་ལགས། །

    དཔེར་སི་ཏུའི་བླ་སྤྲུལ་ངོས་འཛིན་དེ། །
    ཆོས་མ་ཤེས་འཇིག་རྟེན་སྒྲུབ་ཟས་རེད། །
    ཆོས་ཆོས་བཞིན་སྙིང་པོ་མ་ལོན་ན། །
    ཆོས་ངན་སོང་འགྲོ་བའི་རྒྱུ་ཡིན་གསུངས། །

    ཞྭ་སྙིང་པོ་བསམ་ནས་ཞྭ་རྩོད་འཛིན། །
    རྒྱུ་སྙིང་པོ་བསམ་ནས་རྒྱུ་རྩོད་སྐྱོང་། །
    ནོར་སྙིང་པོ་བསམ་ནས་ནོར་རྩོད་སྤེལ། །
    སྡོད་མ་ཚུགས་ས་གཞི་དམ་ཉམས་བསྐང་། །

    དྲིན་མ་ཤེས་དྲིན་ལན་ལོག་མཇལ་བྱས། །
    དཔེར་རི་བོ་ཆེ་ཡི་བུ་ཆུང་འདི། །
    གཅེས་ཆེ་ནས་རང་ཆོས་རང་གི་ཕུང་། །
    དོན་སྙིང་པོ་འདུག་གམ་གཤིན་པོ་ལགས། །

    མི་འདི་ཡི་ལོ་རྒྱུས་ས་ང་ཡིས་ཤེས། །
    གྲགས་ཆེ་བ་ས་གཞི་འགེངས་སོ་ཟེར། །
    དོན་མེད་པར་ཕྱག་ཆེན་གྱི་ན་བོར། །
    དྲིན་ཆེ་བ་སྙིང་ནས་མི་བསམ་ཁི། །

    གྲོགས་བླ་རྒན་སངས་རྒྱས་བསྟན་འཛིན་དེ། །
    ཆོས་སྙིང་པོ་བསྟན་པའི་སྲོག་འཛིན་ཀྱང་། །
    བུ་ཀརྨས་སྨོན་ལམ་འཛུགས་དགོས་ལབ། །
    མཐར་དོན་མེད་རང་སྲོག་གྱི་ནར་བོར། །

    རྒྱ་ནག་པོའི་ཤེས་ཆེན་བསམ་ངན་ཚོས། །
    བུ་འདི་ཉིད་ལུ་གུ་གསོ་གསོ་བྱས། །
    དམའ་སྤྲང་པོའི་མགོ་བོར་རྐང་པས་བརྣན། །
    དེ་བྱིན་རླབས་ཅན་ཞིག་མི་བསམ་ཁི། །

    རྒྱ་ནག་པོའི་ཞིང་ཆེན་བཅུ་གཉིས་དང་། །
    བོད་ཡུལ་གྱི་ཆབ་མདོ་ནང་ཆེན་དུ། །
    མི་འདི་ཉིད་སངས་རྒྱས་དངོས་ཡིན་ལབ། །
    དོན་སྙིང་པོ་མ་ལོན་གྱི་ནར་བོར། །

    རྒྱ་དཀར་པོའི་བོད་མི་གཞི་ཆགས་ཚོས། །
    བུ་འདི་ཉིད་ཁྱི་གུ་གསོ་གསོ་བྱས། །
    ཆོས་གྲུབ་མཐའི་གཙོ་འཛིན་ཡིན་ཟེར་ཀྱང་། །
    ཕོ་སྙིང་སྟོབས་ཅན་ཞིག་མི་བསམ་ཁི །

    གོང་བླ་མ་ཞེ་ས་མི་བྱེད་པའི། །
    བུ་ཡོན་ཏན་མེད་ཀྱང་གྲལ་མགོར་བཞག །
    དཔལ་དོན་ཡོད་གྲུབ་པས་གཅེས་ཕྲུག་ཟེར། །
    དྲིན་མ་བསམ་སྙིང་པོ་གྱི་ནར་བོར། །

    དུས་ད་དུང་ཏྰ་ལའི་བླ་མ་དང་། །
    ས་བཀའ་རྙིང་གཙོ་འཛིན་ཕལ་མོ་ཆེར། །
    ཤོབ་རྫུན་གཏམ་འདི་འདྲ་བཤད་ཕོད་དམ། །
    ད་རང་ཚོད་བཟུང་ཞིག་སི་ཏུ་པ།

    ང་དྲིན་ཆེན་ཡིན་ནོ་སི་ཏུ་པ། །
    ཁྱོད་མ་རིག་གཉིད་ལས་སད་པར་བྱས། །
    ཆོས་ཆོས་བརྒྱད་སྙིང་པོ་མེད་པར་བྱས། །
    ཞྭ་རྟག་འཛིན་མི་རྟག་བསྐུལ་མས་བསྣུབས། །

    ངས་སྨད་པས་ལམ་ནས་རྒོལ་ན་ཡང་། །
    ཆོས་སྙིང་པོ་ཤེས་ན་བསྟོད་པ་ལགས། །
    དོན་འཇིག་རྟེན་ཚང་མ་འདི་ཀར་སྣང་། །
    ངོ་ཨེ་ཤེས་སི་ཏུར་ཀརྨ་པ། །

    ཕྱི་སྡང་པའི་དོར་རྒྱལ་ཚོགས་པ་གཅིག །
    ནང་ཆགས་པའི་ཀརྨའི་ཚོགས་པ་གཉིས། །
    དོན་རྨོངས་པའི་འཇིག་རྟེན་ལས་ཀ་གསུམ། །
    ཁ་ཁོག་པས་ཞེན་པ་སྟེང་ནས་ལོག །

    དེའི་མི་ཚད་གྲུབ་མཐར་ཁ་ཁྱེར་པའི། །
    ས་བཀའ་དགེ་བོན་རྙིང་ཁྱད་པར་མེད། །
    དོན་འཇིག་རྟེན་སྒྲུབ་པའི་ཁང་ཁྱིམ་ཚོ། །
    གཞི་མི་བརྟན་རྫུན་རྐུབ་བུད་གྱུར་ཅིག །

    ཁ་ངན་པ་དཔལ་དགྱེས་རྡོ་རྗེ་ངས། །
    ཁོག་བསམ་པ་དྲང་པོ་ཞུས་པ་ཡིན། །
    ཐུགས་འགལ་བ་སོང་ན་བཟོད་པ་གསོལ། །
    ཆོས་བཤད་སྒྲུབ་བསྟན་པ་སྤེལ་བར་མཛོད། །

    ཅེས་པ་འདི་ནི་རབ་རྒྱན་ས་གླང་ཟླ་༡་ཚེས་༡༦་གཟའ་ལྷག་པ་དང་རྒོལ་ངན་འཇོམས་པའི་བརྟན་ལས་སྒྲ་གཅན་དུ་འཇུག་རྒྱུ་བའི་འཁོར་ལོ་ལེགས་འཛོམས་སྐབས་སུ་ཁ་ཙམ་གྱི་འབྲི་གུང་པ་ཀུན་ཏུ་རྒྱུས་ཟིན་བྲིས་ཀྱིས་བསྐུལ་མ་ལ་བརྟེན་ནས་ཀུན་སློང་བཟང་པོས་རྣམ་རྟོག་ངན་པ་དག་ལ་གཅོས་བསྒྱུར་མེད་པར་ཡོ་རོབ་ལྷ་ཧ་ཧ་ཀའི་རི་ཁྲོད་ནས་
    རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་འམ་མ་ར་ཡ་ཤྲྰི་སྨྱོན་པས་བྲིས་པ་ཤྲྰི་སརྦ་བི་ཛ་ཡནྟུ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme