Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲོས་ཚོགས་ཚོགས་དུས་ ༦ པ་དབུ་འཛུགས་སྐབས་ཀྱི་ཚོགས་གཙོའི་གསུང་བཤད།

Posted on 2013-09-192013-09-19 By ཁ་བརྡ་ 3 Comments on གྲོས་ཚོགས་ཚོགས་དུས་ ༦ པ་དབུ་འཛུགས་སྐབས་ཀྱི་ཚོགས་གཙོའི་གསུང་བཤད།

DSC_0054

༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༨ ནས་ ༢༨ བར་ཉིན་གྲངས་བཅུའི་རིང་བོད་མིའི་སྒྲིག་འཛུགས་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་བཀའ་ཤག་ཡང་སྟེང་ཚོགས་ཁང་དུ་དབུ་འཛུགས་མཛད་སྒོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་དུས་དྲུག་པའི་ཐོག་ཆིབས་སྒྱུར་གནང་བའི་སྲིད་སྐྱོང་མཆོག་གི་དབུས་པའི་བཀའ་བློན་རྣམ་པ། དེ་བཞིན་སྤྱི་འཐུས་ཚོགས་གཞོན་གྱི་དབུས་སྤྱི་འཐུས་རྣམ་པ་ཚང་མར་ཚོགས་གཙོའི་ངོས་ནས་ཟླ་དྲུག་རྗེས་སུ་ཚང་མ་སྐུ་ཁམས་གསལ་ཐང་གི་ཐོག་ནས་ཚོགས་བཅར་ཐུབ་པར་དགའ་བསུ་དང་འཚམས་འདྲི་ཞུ་གི་ཡིན། དེ་རིང་གི་གྲོས་ཚོགས་འདིའི་ནང་ལས་རིམ་དང་འབྲེལ་བའི་ཐོག་ནས་ཚོགས་གཙོས་ཚིགས་འགའ་ཤས་ཞུ་རྒྱུར་འདི་ལོ་སྐབས་བཅོ་ལྔ་པའི་བོད་མི་མང་གི་གྲོས་ཚོགས་ཚོགས་དུས་ལྔ་པ་ནས་ད་བར་བོད་ནང་ཛ་དྲག་གི་གནས་སྟངས་མུ་མཐུད་བྱུང་ཡོད་པའི་གནས་བབས་བསྐྱར་གླེང་མི་དགོས་པའི་ཐོག་ནས་ཉེ་ཆར་མང་གཙོའི་དུས་དྲན་ཐེངས་ ༥༣ སྲུང་བརྩི་ཞུ་བའི་སྐབས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང་འཁོད་པའི་གནས་དོན་དེ་དག་རྒྱ་ཆེ་མང་ཚོགས་ཡོངས་ཀྱི་དགོངས་པར་མངའ་གསལ་དང་། འོན་ཀྱང་ད་ལྟའི་དུས་སུ་བོད་ནང་རྒྱ་ནག་གི་སྲིད་བྱུས་འཛིན་རྒྱུ་འཛུགས་སྐྲུན་ཁོ་ནས་བོད་མི་ཚོའི་མངོན་འདོད་བསྐང་ཐུབ་ཀྱི་ཡོད་པ་དང་། འཛུགས་སྐྲུན་དང་ཡར་རྒྱས་ཀྱི་ལས་གཞི་ཁོ་ནས་རྩོད་རྙོག་གང་འདྲ་ཞིག་ཡིན་ཀྱང་འདུམས་འགྲིག་ཐུབ་ཀྱི་ཡོད་པའི་སྲིད་བྱུས་ཞིག་ལ་བརྟེན་ནས་བོད་མིར་ཁེ་ཕན་ལྟར་ཞོག་བོད་མིའི་ངོ་བོ། བོད་མིའི་སྐད་ཡིག་ཆོས་དང་རིག་གཞུང་ཁོར་ཡུག་དང་བཅས་པ་རྩ་བརླག་འགྲོ་གི་ཡོད་པ་དང་། བོད་མིའི་མངོན་འདོད་རྩ་བ་ཉིད་ནས་བསྐང་ཐུབ་ཀྱི་མེད་པའི་གནས་བབས་དེ་རྒྱ་ནག་སྲིད་གཞུང་གི་ད་ལྟ་ཡིན་ཀྱང་དངོས་ཡོད་གནས་སྟངས་ལ་གཞི་བཅོལ་སྟེ་བོད་མིའི་དཀའ་རྙོག་སེལ་རྒྱུར་ཆོད་སེམས་མེད་པའི་རྣམ་པ་གསལ་པོ་ཐོན་གྱི་ཡོད།འཛུགས་སྐྲུན་ལས་གཞི་ཆེ་བ་རྒྱ་ནག་གཞུང་གི་ཁེ་ཕན་ཁོ་ནའི་ཆེད་དུ་བརྩམས་ཀྱི་ཡོད་པ་ཞིག་ལ་ངོས་འཛིན་ཞུས་ཀྱང་མ་འགྲིགས་པ་མེད་པ་རེད་བསམས་ཀྱི་ཡོད། བོད་མིའི་མངོན་འདོད་བསྐང་རྒྱུའི་ཆེད་དུ་འདས་པའི་ཟླ་བ་འགའ་ཤས་ནང་གནས་ཚུལ་ཐོན་རྒྱུ་དེ་ཚོའི་ནང་བལྟས་པ་ཡིན་ན་རྒྱ་ནག་འགོ་འཁྲིད་ཚོའི་ནང་མཁྲེགས་བཟུང་གི་སྲིད་བྱུས་འཛིན་མཁན་དང་བོད་དང་གནས་སྟངས་མཚུངས་པའི་ཡུ་གོར་མི་རིགས་དང་སོག་པོ་བཅས་ལ་སྲིད་བྱུས་འཛིན་རྒྱུ་མི་འདྲ་བ་ཞིག་ཡོང་གི་ཡོད་པ་ང་ཚོ་ཚང་མས་མཁྱེན་གྱི་ཡོད། གུ་ཡངས་སྲིད་བྱུས་འཛིན་མཁན་ཚོའི་ནུས་ཤུགས་འཕེལ་དགོས་རྒྱུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དང་གནོན་ཤུགས་དེ་འདྲ་ཐོག་ནས་ཤུགས་ཆེ་རུ་བཏང་དགོས་རྒྱུའི་གནད་འགག་ཆེན་པོ་ཞིག་མཐོང་གི་ཡོད། བོད་མི་ནི་གྲངས་ཉུང་ཙམ་མ་ཡིན་པའི་རྒྱ་ནག་སྤྱི་ལ་མ་འོངས་པའི་ཕན་ཐོགས་ཡོང་བའི་རྒྱུ་ཞིག་ཆགས་ཀྱི་རེད་བསམ་གྱི་ཡོད། དེའི་ཐོག་ནས་ད་རེས་གྲོས་ཚོགས་འདི་བརྒྱུད་རྒྱ་ནག་འགོ་ཁྲིད་ཚོར་འབོད་སྐུལ་ཞུ་རྒྱུར་བོད་ནང་གི་དངོས་ཡོད་གནས་སྟངས་དང་བོད་མིའི་མངོན་འདོད་གང་ཡིན་པ་ཇི་མ་ཇི་བཞིན་རྟོགས་པའི་ཐོག་ནས་བོད་མིའི་དཀའ་རྙོག་སེལ་དགོས་རྒྱུ་དེ་བསྐྱར་དུ་ནན་ཏན་གྱི་ཞུ་འདོད་བྱུང་།

འདི་ལོ་ཕྱི་ཟླ་ ༣ ནས་བཟུང་སྟེ་ད་ལྟ་གྲོས་ཚོགས་མ་ཚོགས་ཀྱི་བར་དུ་བོད་ནང་རང་ལུས་མེར་སྲེག་བཏང་མཁན་བདུན་བྱུང་ཡོད། ཕྱི་ཟླ་ ༣ གོང་ལ་ ༡༡༣ བྱུང་སྟེ་ཁྱོན་བསྡོམས་ད་ལྟ་བར་བོད་མི་རང་སྲེག་གནང་མཁན་ ༡༢༠ བྱུང་བ་དང་དེའི་ནང་ནས་འདས་གྲོངས་སུ་ཕྱིན་པ་ ༡༠༢ དེའི་གནས་སྟངས་ལ་བསྟུན་ནས་ད་རེས་གྲོས་ཚོགས་ཀྱི་ལས་རིམ་ནང་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་དང་། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལ་བགྲོ་གླེང་བྱེད་རྒྱུའི་གདུང་སེམས་མཉམ་སྐྱེའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡོང་གི་ཡོད། འདས་པའི་ཟླ་བ་དྲུག་རིང་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་བསྟུན་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ་ཚོས་བོད་མིའི་སྤྱི་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཆབ་སྲིད་ཀྱི་ལས་འགུལ་སྣ་མང་སྤེལ་ཡོད་པར་བསྔགས་བརྗོད་ཞུ་རྒྱུ་ཡིན།

ཕྱོགས་མཚུངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཀྱང་རྒྱ་གར་གྱི་མངའ་སྡེ་སོ་སོའི་ནང་ཞུ་གཏུག་གི་ལས་འགུལ་ལྷག་མ་དེ་དག་མུ་མཐུད་སྤེལ་ནས་གྲུབ་འབྲས་ཧ་ལས་པའི་ཡག་པོ་ཞིག་ཐོན་སོང་བསམས་ཀྱི་ཡོད། སྤྱི་འཐུས་རྣམ་པས་དེའི་ཐོག་སྐུ་ལས་སྐྱོན་པ་དེར་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་བཞིན་སྤྱི་འཐུས་ཀྱི་ངོ་ཚབ་ཐོག་ཚོགས་གཙོ་དང་སྤྱི་འཐུས་གཞན་རྣམས་ཕྱིའི་རྒྱལ་ཁབ་ཁག་གི་ནང་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུའི་གོ་སྐབས་བྱུང་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་ཉིན་མོར་བོད་ནང་དང་ལྷག་པར་རྟའུའི་གནས་ཚུལ་དེ་དང་འབྲེལ་བའི་ཐོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཀྱིས་ཐག་གཅོད་གཞིར་བཟུང་ཕྱིའི་རྒྱལ་ཁབ་མང་པོ་ཞིག་ལ་ང་ཚོས་སྙན་ཞུ་ཕུལ་ཡོད།

དེ་ནས་ཕྱིའི་རྒྱལ་ཁབ་མང་པོ་ཞིག་ནས་དུས་རྒྱུན་བོད་ནང་གི་གནས་སྟངས་ལ་སེམས་འཚབ་དང་ཐུགས་ཞིབ་གནང་ཡོད་པ། བོད་དང་རྒྱལ་ཁབ་སོ་སོའི་དབར་ཡིན་ནའང་འདྲ། རྒྱལ་ཁབ་མང་པོའི་མཉམ་འབྲེལ་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་སྐོར་བཀའ་མོལ་གནང་སྐབས་རྒྱ་ནག་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཀྱི་ནང་ནས་གཙོ་བོ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གོ་བསྡུར་དང་སེམས་འཚབ་ཡོད་པའི་རྣམ་འགྱུར་གསལ་པོ་ཞིག་བཏོན་གྱི་ཡོད་པའི་ལན་གང་འཚམ་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འབྱོར་ཡོད།

དེ་ཚོ་ཡིན་ནའང་གྲོས་ཚོགས་འདི་བརྒྱུད་བོད་ནང་གི་གནས་སྟངས་ལ་སེམས་འཚབ་གནང་མཁན་དང་བོད་དོན་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་རྙོག་སེལ་ཆེད་རྒྱ་ནག་གཞུང་ལ་ཞུ་གཏུག་གནང་མཁན་གཞུང་སྒེར་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང། ད་དུང་ཡང་བོད་ནང་གི་ཛ་དྲག་གནས་སྟངས་དེ་ཞི་འཇགས་མ་ཡོང་བར་དང་བོད་དོན་བདེན་མཐའ་མ་གསལ་བར་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་མུ་མཐུད་གལ་ཆེར་རྩིས་ཏེ་ཐུགས་འགན་བཞེས་གནང་གི་རེད་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཀྱང་ད་དུང་ལས་འགུལ་སྤེལ་རྒྱུའི་བང་སྒྲིག་ཡོད་ཅེས་ཐེངས་འདིར་གྲོས་ཚོགས་འདི་བརྒྱུད་ཞུ་འདོད་བྱུང།

ཐེངས་འདིའི་ལས་རིམ་ནང་ནས་གལ་ཆེ་བ་གཅིག་ནི་སྐབས་ལྔ་པའི་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་ཕེབས་ཀྱི་རེད། ང་ཚོས་ཐག་གཅོད་ཞུ་རྒྱུ་ཞིག་ལ་སྙན་ཐོ་དེ་གང་ཙམ་རིང་པོ་ཡོད་པར་བརྟེན་ཐག་གཅོད་ཟིན་པའི་གནད་དོན་དེ་དག་མ་གཏོགས། གཞན་ཐག་གཅོད་མ་ཟིན་པའི་གནས་སྟངས་དང་སྙན་ཐོ་རྒྱ་ཆེ་མང་ཚོགས་ཀྱི་མཁྱེན་དགོས་རྒྱུའི་རིགས་གྲོས་ཚོགས་ནང་ཆ་ཚང་སྙན་སྒྲོན་ཞུ་རྒྱུའི་ཐག་བཅད་ཡོད། དེར་བརྟེན་ཐེངས་འདིའི་ལས་རིམ་ནས་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་དེ་སྙན་སྒྲོན་ཞུ་གི་རེད། དེ་སྔ་མང་ཚོགས་རྩིས་ཁྲ་ཚོགས་ཆུང་ཐེངས་བཞི་བཙུགས་ཟིན་པ་རེད་དེ་གྲོས་ཚོགས་ནང་བགྲོ་གླེང་མཐིལ་ཕྱིན་པ་ཞིག་ང་ཚོ་ཚང་མའི་ཐུགས་བློ་ཁེངས་རྒྱུའི་གནས་སྟངས་ཤིག་འགྱུར་མེད།

ཐེངས་འདིར་གྲོས་ཚོགས་འདིའི་སྟེང་ནས་གྲོས་ཚོགས་ཀྱི་བཀའ་འཁྲོལ་དང་སྦྲགས་ཉིན་གཅིག་གཉིས་ཤིག་སྤྱི་ཡོངས་ཀྱི་བགྲོ་གླེང་ཡོང་ཐུབ་རྒྱུའི་འབད་བརྩོན་ཞུ་རྒྱུ་དང། དེ་རྗེས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གཅིག་གི་ཐོག་ནས་གྲོས་ཚོགས་ཀྱི་བཀའ་འཁྲོལ་བྱུང་ན་འཛིན་སྐྱོང་བཀའ་ཤག་ལ་དེ་རྒྱུན་སྐྱོང་ལག་བསྟར་བྱེད་རྒྱུར་ཟླ་བ་བཞི་ཙམ་དུས་ཚོད་ཕུལ་རྗེས། སྤྱི་འཐུས་རྒྱུན་ལས་ཀྱི་དོན་ཚན་རེ་རེ་བཞིན་ཞིབ་ཚགས་གཟིགས་ནས་གྲོས་ཚོགས་རྗེས་མའི་ནང་གནས་ཚུལ་གང་གསལ་པོ་ཆགས་པ་དང་མ་ཆགས་པ། གཙང་མ་བཟོས་ཐུབ་པ་དང་མ་ཐུབ་པའི་གནས་སྟངས་ཤིག་བཟོ་ཐུབ་རྒྱུའི་རེ་བ་རྒྱག་གི་ཡོད།

མང་ཚོགས་རྩིས་ཁྲ་ཚོགས་ཆུང་ཡིན་ནའང་ཉིན་མང་པོ་བསྟུད་མར་སྐུ་ལས་བརྒྱབ་སྟེ་ལས་དོན་ཞིབ་ཚགས་ཐོག་བསྒྲུབས་ཡོད། སྐུ་ལས་སྐྱོན་བཞག་པ་དེ་ཆུ་ཟོས་སུ་མི་འགྲོ་རྒྱུ་དེ་ང་ཚོའི་གྲོས་ཚོགས་ཀྱི་འཐུས་མི་ཡོངས་ལ་འགན་ཡོད་པར་བརྟེན་ད་ལན་འདི་ལྟར་ཞིག་འགྲོ་རྒྱུའི་རེ་བའི་ཐོག་ནས་ལས་རིམ་བང་སྒྲིག་སྟངས་དེ་ཡང་འདི་ལྟར་སྒྲིག་ཡོད་ཅེས་སྙན་སེང་ཞུ་རྒྱུ་དང། དེ་ནས་སང་ཉིན་ནས་འཛིན་སྐྱོང་བཀའ་ཤག་གི་གསལ་བཤད་ཀྱི་ལས་རིམ་ཕེབས་པའི་ཐོག་ལ་བགྲོ་གླེང་དང། གསལ་བཤད་ཀྱི་ཐོག་འཛིན་སྐྱོང་བཀའ་ཤག་ནས་སླར་ཡང་གསལ་བཤད་གནང་དགོས་རྒྱུའི་ལས་རིམ་བང་སྒྲིག་ཡོད།

དེ་ནས་ལས་རིམ་གཅིག་ལ་གལ་ཆེར་རྩིས་ཏེ་སྤྱི་འཐུས་རྒྱུན་ལས་ནང་སྤྱི་མོས་ཀྱི་ཐག་གཅོད་ཐོག་མང་གཙོའི་དུས་ཆེན་གྱི་ཉིན་རྒྱབ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་ཤག་གི་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར། སྡེ་འགན་ཡན་གྱི་སྲི་ཞུ་བ་རྣམ་པར་༸རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགསཐོག་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་སྐབས། ༸གོང་ས་མཆོག་གིས་དགོངས་གཞི་གང་ཡོད་པ། དེ་དང་འབྲེལ་བའི་ཐོག་ནས་ཚིག་ཁ་ཤས་ཤིག་ཞུ་འདོད་བྱུང། ང་ཚོ་འདིར་ལས་ཀྱི་སྣེ་མོར་གཏོག་མཁན་དབུས་དང་ས་གནས་སུ་འདྲ་ཞིག་ཡིན་རུང་ཁ་སེང་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་སྩལ་བ་བཞིན་ང་རང་ཚོ་ཚང་མ་མི་མང་གི་ཞབས་ཕྱི་ཞུ་མཁན་མ་གཏོགས་མི་མང་གི་དཔོན་པོ་ཡིན་བསམས་པའི་སྣང་བ་དེའི་ཐོག་ནས་ཕྱག་ལས་གནང་བ་ཡིན་ན་ཚད་དང་ལྡན་པ་ཞིག་ཡོང་གི་མེད་པའི་གནས་སྟངས་ཤིག་ཡིན་སྐོར་བཀའ་སློབ་སྩལ་ཡོད།

དེ་དང་འབྲེལ་བའི་ཐོག་ནས་སྐུ་དྲག་གསར་པ་ཞེས་སྤྱི་ཚོགས་ནང་ཚིག་བེད་སྤྱོད་དེ་འདྲ་བྱེད་ཀྱི་ཡོད་པའི་གནས་སྟངས་ཤིག་༸གོང་ས་མཆོག་གི་ཐུགས་དགོངས་ལ་ཡོད་པ་དེ་ལས་བྱེད་ཚོར་བཀའ་སློབ་ཕེབས་ཡོད། དེའི་ཐོག་ནས་ང་རང་ཚོ་མཛད་གཙོ་རྣམ་པ་བརྩིས་ནས་གང་ལྟར་ལས་བྱེད་ཚང་མས་དེར་ཐུགས་སྣང་ཆེན་པོས་དགོངས་བཞེས་གནང་སྟེ་སོ་སོའི་ཉིན་རེའི་ལས་ཀའི་བྱེད་ཕྱོགས་དེ་དག་བཟང་སྤྱོད་མཐུན་པ་མི་དམངས་ཀྱི་དགོས་མཁོ་དང་འཚམ་པ། མི་དམངས་ལ་འབྲེལ་བ་བྱེད་སྐབས་སོ་སོར་དབང་ཆ་ཡོད་བསམས་ཏེ་དབང་ཡོད་ཤོད་རྒྱུའི་རྣམ་པ་མ་ཡིན་པའི་ཐོག་ནས་མི་དམངས་ལ་གུས་བརྩི་དང་ལྡན་པའི་ཐོག་ནས་ལས་དོན་བསྒྲུབ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་རེད་བསམས་ཀྱི་ཡོད། དེ་དེ་རིང་བསྐྱར་ནན་གྱིས་ཞུ་འདོད་བྱུང་།

དེ་བཞིན་ཁྲིམས་དང་སྒྲིག་གཞི་ཡིན་རུང་ལག་བསྟར་བྱེད་མི་ཐུབ་པ་དང་ལག་བསྟར་བྱ་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་པ་དེ་དག་བསྒྱུར་བ་གཏོང་དགོས་རྒྱུའི་བཀའ་སློབ་ཕེབས་པ་རེད།དེ་གཞིར་བཟུང་དེ་རིང་འདིར་ཞུ་རྒྱུར་ཁྲིམས་དང་སྒྲིག་གཞི་གཏན་འབེབས་བྱེད་མཁན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཆགས་ཀྱི་ཡོད། ཁྲིམས་དང་སྒྲིག་གཞིའི་ནང་ནས་བརྒྱ་ཆ་དགུ་བཅུ་གོ་ལྔ་ལྷག་ཙམ་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་གི་ཡོད། དེ་ནས་ལས་བྱེད་བསྐོ་གཞག་བྱ་རྒྱུའི་དེ་དང་འབྲེལ་བའི་ཐོག་ནས་བླང་དོར་སྒྲིག་གཞི་ལ་སོགས་པ་ལས་བྱེད་འདེམས་བསྐོ་ལྷན་ཁང་དང་འཛིན་སྐྱོང་བཀའ་ཤག་ནས་རང་བཅོས་གནང་གི་ཡོད། དེ་ཚོ་གཞིར་བཞག་ཐོག་ནས་གནད་དོན་གང་འདྲ་ཞིག་གི་ཐོག་ལ་ཡིན་རུང་མ་འོངས་པར་འཛིན་སྐྱོང་བཀའ་ཤག་གིས་ཕྱག་བསྟར་གནང་སྐབས་སྐུ་ངལ་འཕྲད་གཞིའི་གནད་དོན་དེ་འདྲ་ཡོད་ན། གྲོས་ཚོགས་ནང་རྒྱུ་མཚན་ཡང་དག་ཅིག་གསུངས་པའི་ཐོག་ནས་བསྒྱུར་བཅོས་གཏོང་རྒྱུར་སྤྱི་འཐུས་རྣམ་པས་ཏན་ཏན་དགོངས་པ་བཞེས་ཀྱི་རེད་བསམས་ཀྱི་ཡོད་ལ་དེ་ང་ཚོའི་ལས་འགན་ཡང་ཆགས་ཡོད། དེ་གཅིག་གི་ཞུ་འདོད་བྱུང་།

དེ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་ཐོག་ནས་གནས་ཚུལ་གཅིག་དང་འབྲེལ་བའི་ཐོག་ནས་༸གོང་ས་མཆོག་གིས་ད་ལྟའི་སྐབས་བཅོ་ལྔ་པའི་གྲོས་ཚོགས་འདིའི་ནང་བཞུགས་མཁན་སྤྱི་འཐུས་གཅིག་གིས་གྲོས་ཚོགས་ནང་གསལ་བཤད་དང་འབྲེལ་བའི་ཐོག་ནས་བཀའ་སློབ་ཕེབས་ཡོད། སྤྱི་འཐུས་དེ་རང་གིས་ཕྱིས་སུ་གསར་འགོད་གསལ་བསྒྲགས་ཀྱང་རིམ་པ་ཐེངས་གཉིས་བཏང་ཡོད། དེ་དང་འབྲེལ་བའི་ཐོག་ནས་ད་ལྟ་བར་དུ་བརྒྱུད་ལམ་ཁག་གཅིག་ཀྱང་ཚོགས་གཙོ་སྦྲེལ་པོ་དང་ཚོགས་དྲུང་ལས་ཁུངས་ལ་སྐད་ཆ་དྲི་མཁན་བྱུང་མ་སོང་ལ་ཚོགས་གཙོ་སྦྲེལ་པོས་ཀྱང་དང་དུ་བླངས་ཏེ་གསར་འགོད་གསལ་བསྒྲགས་དང་གསར་འགོད་ལྷན་ཚོགས་བྱེད་དགོས་པའི་གནས་སྟངས་ཤིག་མཐོང་མ་སོང་།

གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བ་ཡོད་པར་བརྟེན་ཚོགས་གཙོའི་དབུ་འབྱེད་གཏམ་བཤད་ནང་དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་གསལ་བཤད་ཞུ་རྒྱུ་ཚོགས་གཙོ་སྦྲེལ་པོས་གོ་བསྡུར་གྱིས་ཐག་གཅོད་བྱས་ཏེ་དེ་རིང་འདི་ཞུས་ན་ཏག་ཏག་བསྡད་ས་རེད་བསམས་ཏེ་ཞུ་གི་ཡོད། གསར་འགོད་གསལ་བསྒྲགས་ནང་དོན་ཚན་གསུམ་ཡོད། དོན་ཚན་གསུམ་གྱི་སྔོན་དེར་སྤྱི་འཐུས་རྒྱུན་ལས་སུ་དེའི་སྐབས་ལ་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་པའི་སྐབས་སུ་ངོ་བཅར་ཞུས་པས་ཚོགས་གཙོ་དང་ཚོགས་གཞོན་ཚོགས་དྲུང་གསུམ་གྱིས་སྤྱི་འཐུས་རྒྱུན་ལས་ལ་གསལ་བཤད་གནང་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྔོན་མ་དགུངས་གྲངས་ ༡༡༣ བཞུགས་རྒྱུའི་དགོངས་པ་ཡོད་པ་དང་།

ད་ལྟའི་ཆར་དགུང་གྲངས་ ༡༠༨ མིན་འགྲོ་གསུང་རྒྱུའི་བཀའ་ཕེབས་པ་དང་ང་འབྲེལ་བ་ཆགས་ཀྱི་མི་འདུག་ཅེས་གསུངས་འདུག སྤྱིར་བཏང་གསུངས་བ་དེར་གང་ཡང་ཞུ་རྒྱུ་མེད་ཀྱང་རྒྱ་ཆེའི་མང་ཚོགས་ཀྱིས་གོ་བ་ལེན་ཕྱོགས་ཐོག་ནས་ཚོགས་གཙོ་དང་ཚོགས་གཞོན་དྲུང་ཆེས་སྤྱི་འཐུས་བྱེ་བྲག་པ་དེས་༸གོང་ས་མཆོག་གིས་བཀའ་ཕེབས་པ་དང་རྩ་བ་ཉིད་ནས་འབྲེལ་བ་ཡོད་པ་མ་རེད་ཅེས་ཐག་གཅོད་བྱས་པའི་གནས་སྟངས་ལ་གཟིགས་ན། དེ་ཏག་ཏག་སྡོད་ཀྱི་མེད་ཅེས་ཞུ་རྒྱུ་ཡིན། སྤྱི་ཚོགས་ནང་༸གོང་ས་མཆོག་གིས་སྡེ་འགན་ཡན་གྱི་ལས་བྱེད་རྣམ་པར་བཀའ་ཕེབས་ཡོད་པ་དང་འབྲེལ་བའི་ཐོག་ནས་སྐད་ཆ་སྣ་ཚོགས་ཤིག་འགྲོ་གི་ཡོད། སྐབས་དེ་དུས་དེ་འདྲ་འགྲོ་རྒྱུ་ཡིན་པའི་ཚོར་བ་དེ་སྤྱི་འཐུས་རྒྱུན་ལས་ནང་ལ་ཡོང་གི་ཡོད། དེར་བརྟེན་ཚོགས་གཙོ་ཚོགས་གཞོན་དང་དྲུང་ཆེ་ངོ་བཅར་ཞུས་ཡོད་པར་སོང་།

དེའི་སྐབས་ལ་བརྙན་འཕྲིན་དང་སྒྲ་འཇུག་བྱས་ཡོད་པ་ཚོགས་གཙོས་ཤེས་རྟོགས་མེད། དེའི་སྐབས་ལ་དེ་འདྲའི་གསལ་བཤད་བྱེད་དགོས་ཐུག་གི་རེད་བསམས་པའི་བསམ་བློ་ཡང་འཁོར་མེད། བརྗེད་ཐོ་རྒྱག་རྒྱུའི་བསམ་བློ་ཡང་འཁོར་ཡོད་པ་མ་རེད། འོན་ཀྱང་དེའི་སྐབས་ཀྱི་༸གོང་ས་མཆོག་གིས་བཀའ་སློབ་གང་ཕེབས་ཡོད་པ་ཚིག་དང་གོ་རིམ་ཏག་ཏག་བསྡད་མ་བསྡད་པའི་གནས་སྟངས་ཡོང་སྲིད་པ་རེད། ཅེས་སྤྱི་འཐུས་རྒྱུན་ལས་ལ་ཞུས་ཡོད། འོན་ཀྱང་དོན་དག་ཐོག་ང་ཚོས་གང་དྲན་པ་དེ་རྒྱུན་ལས་ལ་སྙན་སེང་ཞུ་གི་ཡིན། ༸གོང་ས་མཆོག་གིས་གསུང་གང་ཕེབས་པ་དེ་འགྲེལ་བཤད་རྒྱག་རྒྱུའི་ཐབས་ཤེས་རྩ་བ་ཉིད་ནས་བྱེད་ཀྱི་མེད་ཅེས་རྒྱུན་ལས་ལ་ཞུས་པ་ཡིན། བཀའ་ཕེབས་སྐབས་དེ་འདྲ་ཕེབས་སོང། ཞེས་ང་ཚོས་ཕེབས་སྟངས་ཚང་མ་ཞུས་པ་ཡིན། དེ་རྒྱ་ཆེའི་མང་ཚོགས་ནས་གོ་བ་ཏག་ཏག་ཅིག་ལེན་ཐུབ་ཆེད་གསལ་བཤད་ཞུ་གི་ཡོད།

གཉིས་པ། དོན་ཚན་དང་པོའི་ནང་ལ་ངས་དེའི་སྐོར་གྲོས་ཚོགས་ནང་སྔ་རྗེས་བཤད་མ་མྱོང་ཞེས་གསུང་རྒྱུ་དེ་རེད། ཚིག་རང་གི་ཐོག་ནས་དེ་དང་གྲོས་ཚོགས་ནང་ངག་ཐོག་ནས་གསལ་བཤད་གནང་བ་དེས་སྔ༌རྗེས་ཡོངས་རྫོགས་བལྟས་ན། མིན་པ་བཟོ་འདྲ་པོ་ཡོད་པ་རེད། ལོ་བཞི་བཅུ་ལྷག་གི་སྔོན་ལ་༸གོང་ས་མཆོག་གི་གསུང་རྩོམ་གསུངས་ཡོད་པ་དེ་ཚོ་ད་ལྟའི་དུས་སུའང་གྲོས་ཚོགས་དེའི་ནང་གླེང་ནས་༸གོང་ས་མཆོག་གི་དགོངས་གཞིར་དགོས་རྒྱུ་དེ་རང་བཙན་ཡིན་པ་དང་། ཛ་དྲག་གནས་སྟངས་དང་གནས་སྟངས་གཞན་གྱི་དབང་གིས་དབུ་མའི་ལམ་ལ་ཕེབས་ཀྱི་ཡོད་པའི་འགྲེལ་བརྗོད་དེ་གནང་སྐབས་ཤུགས་ནས་༸གོང་ས་མཆོག་གི་དགོངས་པ་ད་ལྟ་ཡིན་རུང་རང་བཙན་རེད་ཅེས་པའི་གོ་བ་དེ་རང་བཞིན་གྱིས་ཐེབས་རྒྱུའི་གནས་སྟངས་ཤིག་ཆགས་ཡོད། དེའི་སྐབས་སུ་གྲོས་ཚོགས་ནང་ཚོགས་གཙོས་ཐག་གཅོད་བྱེད་པའི་སྐབས་སུའང་གོ་བ་དེ་བླངས་པའི་ཐོག་ནས་ཐག་གཅོད་ཞུས་པ་ཡིན།

འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཀྱང་གསལ་བཤད་གནང་སྐབས་དེ་ག་རང་གི་ཐོག་ནས་གསལ་བཤད་གནང་བ་རེད། དེ་རྗེས་དགའ་ལྡན་ཕོ་བྲང་ནས་གསར་འགོད་གསལ་བསྒྲགས་སྤེལ་གནང་བ་དེ་ཡང་གོ་བ་དེ་འདྲ་ཞིག་གི་ཐོག་ནས་སྤེལ་གནང་བ་རེད་ཅེས་ཞུ་རྒྱུ་ཡིན། སྤྱི་འཐུས་སྐུ་སྒེར་ཐོག་ནས་འགྲེལ་བཤད་ཡོད་པ་བཞིན་གསར་འགོད་གསལ་བསྒྲགས་ནང་དུ་གནང་ཡོད། དེ་དང་འབྲེལ་བའི་ཐོག་ནས་གལ་སྲིད་ངས་དེ་ལྟར་བཤད་ཡོད་ན། དེའི་སྐབས་ཀྱི་སྤྱི་འཐུས་རྣམ་པས་གང་ཡང་གསུང་ཡོད་པ་མ་རེད། མི་དམངས་ངོས་ནས་བསམ་ཚུལ་སྣེ་གཅིག་འབྱོར་མ་སོང་། འཛིན་སྐྱོང་བཀའ་ཤག་གིས་གང་ཡང་གསུང་ཡོད་པ་མ་རེད་ཅེས་པ་དེ་འཛིན་སྐྱོང་བཀའ་ཤག་གི་གསལ་བཤད་དེ་ཚོགས་གཙོས་ཚབ་བྱས་ནས་ཞུ་དགོས་དོན་གང་ཡང་མཐོང་གི་མི་འདུག འཛིན་སྐྱོང་བཀའ་ཤག་ཚོགས་ཁང་ནང་བཞུགས་ཡོད།

ལས་རིམ་དང་འབྲེལ་བའི་ཐོག་ནས་འཛིན་སྐྱོང་བཀའ་ཤག་གིས་གསལ་བཤད་གནང་མདོག་ཁ་པོ་རེད། བཀུར་འོས་སྤྱི་འཐུས་གསལ་བཤད་གནང་མཁན་ཁོང་རང་ཚོགས་གཙོ་ཟུར་པ་ཞིག་རེད། གྲོས་ཚོགས་ལས་རིམ་དང་གྲོས་ཚོགས་སྟངས་འཛིན་གནང་མྱོང་མཁན་གྱི་བཀུར་འོས་སྤྱི་འཐུས་ཤིག་རེད། གྲོས་ཚོགས་ཀྱི་ལས་རིམ་འགྲོ་སྟངས་ཆ་ཚང་མཁྱེན་གྱི་ཡོད་པ་རེད། དེའི་སྐབས་ལ་ཚོགས་གཙོས་ཐག་གཅོད་བྱེད་སྐབས་ཧ་ཅང་གསལ་པོ་ཞུས་ཡོད། ལས་རིམ་ཚོགས་ཆུང་དང་ཚོགས་གཙོ་སྦྲེལ་པོ་གོ་བསྡུར་ཞུས་ཏེ་གནད་དོན་དེའི་ཐོག་འགག་དགོས་དབང་གིས་གྲོས་ཚོགས་ནང་བགྲོ་གླེང་མ་དགོས་པའི་ཐག་གཅོད་བྱས་པ་ཡིན་ཞེས་གསལ་པོ་ཞུས་ཡོད། ཐག་གཅོད་དེའི་དབང་གིས་སྤྱི་འཐུས་རྣམ་པ་ཚོས་གྲོས་ཚོགས་ལ་མ་གསུངས་པ་མ་གཏོགས་གསུང་འདོད་མེད་པ་མ་རེད་ཅེས་དེ་རིང་གྲོས་ཚོགས་འདི་བརྒྱུད་ནས་གསལ་བཤད་ཞུས་འདོད་བྱུང།

དེ་བཞིན་མང་ཚོགས་ངོས་ནས་བསམ་ཚུལ་སྣེ་གཅིག་བྱུང་མ་སོང་གསུང་རྒྱུ་དེ་ཡང་བདེན་པ་མ་རེད། བསམ་ཚུལ་འགའ་ཤས་བྱུང་ཡོད་པ་དེ་སྤྱི་འཐུས་རྒྱུན་ལས་ཀྱིས་ཐག་གཅོད་གནང་སྟེ་འབྲེལ་ཡོད་ཚོར་བཀའ་ལན་ཕུལ་ཡོད་ལ་ལན་ཡང་བཏང་ཡོད། གྲོས་ཚོགས་ནང་ཚོགས་གཙོས་ཐག་གཅོད་གནང་ཟིན་པ་རེད་ཅེས་དེའི་སྐབས་འབྲེལ་ཡོད་ཚོར་བཏང་ཡོད། འོན་ཀྱང་དོན་ཚན་དང་པོའི་དེའི་གོ་བའི་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གནས་ཚུལ་ཆ་ཚང་ཞིག་དགོངས་པར་ཨེ་ཡོད་བསམས་པའི་བསམ་ཚུལ་ཞིག་སླེབས་ཀྱི་འདུག དགའ་ལྡན་ཕོ་བྲང་ནས་གསར་འགོད་གསལ་བསྒྲགས་ཕེབས་སྐབས་གནད་དོན་གང་འདྲ་ཞིག་ཡིན་རུང་ཞིབ་ཚགས་ཐོག་གཟིགས་ནས་ཕེབས་ཀྱི་ཡོད་པར་ཚོགས་གཙོས་ངོས་འཛིན་ཞུ་གི་ཡོད། ༸གོང་ས་མཆོག་གིས་གནད་དོན་དེའི་སྐོར་ལ་མེ་ཌི་སན་སློབ་ཕྲུག་གཅིག་གིས་བཀའ་དྲི་ཞུ་སྐབས་བཀའ་ལན་ཕེབས་པ་དང་།

ཉེ་ཆར་ལས་བྱེད་བཞུགས་མོལ་ཚོགས་འདུའི་སྐབས་ལ་བཀའ་སློབ་ཕེབས་པ་དེ་དག་༸གོང་ས་མཆོག་གིས་གནས་ཚུལ་ཆ་ཚང་མཁྱེན་པའི་ཐོག་ནས་བཀའ་ཕེབས་ཀྱི་ཡོད་པ་ཚོགས་གཙོས་ངོས་འཛིན་ཞུ་གི་ཡོད། གནད་དེའི་ཐོག་ལ་གསལ་བཤད་ཞུས་པའི་ཐོག་ནས་ད་ལྟ་ཚོགས་གཙོས་ཤེས་རྟོགས་ཡོད་པ་ལ་བཀུར་འོས་སྤྱི་འཐུས་ཁོང་རང་གིས་༸གོང་ས་མཆོག་ལ་མཚན་འཁོད་སྙན་ཞུ་འབུལ་གྱི་ཡིན་ཞེས་ཁ་ཉིན་གསུངས་སོང་། ཕུལ་ཡོད་ཤག་བརྩིས་ཀྱི་རེད། དེ་བཞིན་དོན་ཚན་གསུམ་པའི་ནང་འཁོད་པ་ལྟར། སྔར་འགྱོད་ཕྱི་བཤགས་ཀྱིས་དགོངས་སེལ་གྱི་རྟེན་ལ་འདས་པའི་གནས་ཚུལ་གླེང་སློང་བྱས་པ་རྣམས་ཕྱིར་འཐེན་དང་མ་འོངས་པར་དེའི་སྐོར་གླེང་སློང་མ་བྱེད་རྒྱུའི་དམ་བཅའ་བརྟན་པོ་བཟུང་ཡོད།

རྩ་བའི་སྤྱི་ཚོགས་ནང་ང་ཚོ་དུས་ནས་དུས་སུ་གསལ་པོ་མ་ཆགས་པ་དང་། གནས་ཚུལ་ཆེ་ཕྲ་དེ་འདྲ་ཡོང་གི་རེད། དེ་དག་ང་ཚོའི་སྤྱི་ཚོགས་ནང་ཟང་ཟིང་བཟོ་རྒྱུའི་ཆེད་དུ་མ་རེད། གནད་དོན་དེ་དག་ཐེངས་འདིའི་གྲོས་ཚོགས་ཐོག་ནས་གསལ་པོ་དང་གཙང་མ་ཆགས་རྒྱུའི་ཚོགས་གཙོ་གཉིས་ཀྱིས་རེ་བ་ཞུ་གི་ཡོད། དེ་དང་མཉམ་དུ་དེ་སྔོན་གྱི་གྲོས་ཚོགས་ཀྱི་ལས་རིམ་ནང་གནས་ཚུལ་བྱུང་བའི་རྐྱེན་བྱས་ཏེ་ད་ལྟ་ང་ཚོའི་སྤྱི་ཚོགས་ནང་གཏམ་མང་པོ་འཕྲོད་རྒྱུ་དང་དེ་ནས་ང་ཚོ་གྲོས་ཚོགས་ཀྱི་འཐུས་མི་ཚང་མས་བསླབ་བྱ་ལེན་དགོས་པ་ཞིག་ལ་གྲོས་ཚོགས་ནང་བཀའ་མོལ་གནང་སྐབས་དང་ལྷག་པར་གནད་དོན་གལ་ཆེན་པོའི་ཐོག་ལ་གསུང་བབ་དེ་དག་ཞིབ་ཚགས་ཐོག་དགོངས་པ་བཞེས་ནས་གསུང་དགོས་འདུག་མ་གཏོགས་གསུང་བབ་དེ་དག་ཚོར་བ་དང་འདྲེས་ནས་ཧོད་རྒྱུགས་གནང་ན། དེ་ང་ཚོའི་ཁ་གཏད་ལག་ཆར་འགྲོ་རྒྱུའི་རྒྱུ་ཞིག་ཆགས་ཀྱི་ཡོད་པར་སོང།

དེ་རིང་གྲོས་ཚོགས་འདི་ནང་དུ་ཡིན་རུང་བཀུར་འོས་སྤྱི་འཐུས་རྣམ་པ་དང་བཀའ་བློན་རྣམ་པ་ཚོས་གྲོས་ཚོགས་ནང་ཆ་ཤས་ལེན་སྐབས། ཐུགས་གཟབ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། གལ་ཆེ་ཤོས་དེ་རིང་ཐེངས་དང་པོ་༸གོང་ས་མཆོག་གིས་མི་འགའ་ཤས་ཀྱིས་བསམ་བློ་རྒྱ་ཆེ་ས་ནས་གཏོང་མི་ཐུབ་པར་༸གོང་ས་མཆོག་གིས་བོད་གཞུང་ཕྱིར་བསྡུ་བྱས་པ་རེད་ཅེས་སྤྱི་ཚོགས་ནང་གླེང་སློང་བཟོས་པའི་རྒྱུ་མཚན་ལ་བརྟེན་ནས་༸གོང་ས་མཆོག་ཐུགས་ཕམ་བྱུང་ཡོད་པའི་བཀའ་ཕེབས་ཡོད། དེ་དང་འབྲེལ་ནས་དེ་སྔ་ཡིན་ན་དགུང་ལོ་ ༡༡༣ བསྡད་དགོས་བསམས་ཡོད། ད་ལྟའི་ཆར་ང་ལ་ཡིད་ཆེས་མེད་ན། དགུང་ལོ་ ༡༠༨ ཙམ་མི་འགྲོ་ཞེས་བཀའ་སློབ་ཕེབས་ཡོད། དེ་ཐོག་མ་ཆགས་ཀྱི་ཡོད།

རྩ་བའི་དེའི་འབྱུང་རབས་ཆ་ཚང་ཞིག་འདས་པའི་གནས་སྟངས་ཀྱི་འོག་ནས་བཀའ་ཕེབས་པ་ཞིག་མ་གཏོགས་ཉེ་ཆར་གནས་ཚུལ་ཛ་དྲག་དེ་འདྲ་བྱུང་ནས་༸གོང་ས་མཆོག་ཐུགས་ཕམ་བྱུང་བའི་གནས་ཚུལ་དེ་འདྲ་མ་རེད། དེ་རིང་གྲོས་ཚོགས་འདིའི་ནང་ལ་རྒྱུན་ལས་ཀྱིས་སྤྱི་མོས་ཐོག་ནས་ཐག་གཅོད་བྱས་ནས་གཞུང་འབྲེལ་གྱི་གྲོས་ཆོད་གྲོས་འཆར་ཞིག་ཀྱང་ཡོང་གི་ཡོད། ནང་དོན་དེ་དག་ལས་རིམ་དང་འབྲེལ་བའི་ཐོག་ནས་གསལ་པོ་ཆགས་ཡོང་རྒྱུ་ཞིག་རེད། ཡིག་ཆ་དེ་ང་ཚོས་གལ་ཆེན་པོ་རྩི་བཞིན་ཡོད། ཅེས་ཞུ་རྒྱུ་ཡིན། དེ་རིང་གི་གྲོས་ཚོགས་འདི་དུས་རྒྱུན་དུ་ཕྱི་ཟླ་གསུམ་པའི་གྲོས་ཚོགས་དེ་དངུལ་རྩིས་ཀྱི་གྲོས་ཚོགས་དང་ཕྱི་ཟླ་དགུ་པའི་གྲོས་ཚོགས་འདི་ལས་བསྡོམས་ཀྱི་གྲོས་ཚོགས་རྩིས་ཀྱི་ཡོད། དེ་རིང་གི་གྲོས་ཚོགས་འདིའི་ནང་ལ་འདས་པའི་རྩིས་ལོ་ཕྱི་ལོ་ ༢༠༡༢ དང་ ༢༠༡༣ ནང་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་འབྲེལ་ཡོད་ལྷན་ཁང་སོ་སོས་ལས་དོན་གང་ཞིག་སྒྲུབ་ཡོད་མེད་ཀྱི་སྙན་ཐོའི་ཐོག་ལ་གོ་བསྡུར་དང་དྲི་བ་ཞུ་རྒྱུ་རེད། བསམ་ཚུལ་འབུལ་རྒྱུ་རེད། དེའི་ཐོག་དུས་ཚོད་མང་ཙམ་གཏོང་དགོས་ཀྱི་ཡོད།

སྔར་མོ་ཡིན་ན་འཛིན་སྐྱོང་བཀའ་ཤག་གི་ལས་བསྡོམས་དེ་ཉིན་གཅིག་རིང་ཆ་ཚང་མུ་མཐུད་ནས་སྙན་སྒྲོན་གནང་གི་ཡོད། དེ་རྗེས་སྤྱི་འཐུས་རྣམ་པ་ཚོས་ཉིན་གཉིས་གསུམ་རིང་གོ་བསྡུར་སྦྱང་བཤད་དྲི་བ་བཏང་རྒྱུ་དེ་རིགས་གནང་སྟེ་མཐའ་མ་འཛིན་སྐྱོང་བཀའ་ཤག་གིས་ལས་ཁུངས་གོ་རིམ་བྱས་ཏེ་གསལ་བཤད་གནང་གི་ཡོད། དེའི་ལས་རིམ་གོ་རིམ་སྒྲིག་སྟངས་ཕྲན་བུ་འགྱུར་བཏང་བའི་ཐོག་ནས་ད་ལན་གྲོས་ཚོགས་འདི་ནས་ལས་ཁུངས་གོ་རིམ་བཞིན་འགྲོ་རྒྱུ་སྔ་མ་ལྟར་ཡིན་ཀྱང་། ལས་ཁུངས་གཅིག་གི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་ཟིན་པ་དང་། ལས་བསྡོམས་རྒྱས་པ་སྤྱི་འཐུས་རྒྱུན་ལས་ཀྱི་སྡེ་ཚན་སོ་སོས་གཟིགས་ཞིབ་གནང་། དེ་ནས་སྤྱི་འཐུས་རྒྱུན་ལས་ཀྱི་གཏན་འབེབས་གནང་།

དེ་ནས་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་དང་བསམ་ཚུལ་ཡོད་པ་དེ་དག་གི་སྙན་ཐོ་སྙན་སྒྲོན་ཞུས་དེ་རྗེས་བགྲོ་གླེང་དགོས་པའི་གྲོས་འཆར་བཏང་ནས་ལས་ཁུངས་དེ་རང་ཐོག་སྐབས་ཐོག་དྲི་བ་བཏང་སྟེ་ལན་རྒྱག་རྒྱུའི་གོ་སྐབས་ཕུལ་གྱི་ཡོད། སྤྱི་འཐུས་རྒྱུན་ལས་ཀྱི་གཟིགས་ཞིབ་གནང་སྟེ་དྲི་བ་ཁག་དེ་དག་སྔོན་ཚུད་ནས་ལྷན་ཁང་སོ་སོར་ལན་གྲ་སྒྲིག་གནང་རྒྱུའི་ཆེད་དུ་ག་ཚོད་ཐུབ་ཚོད་ཀྱི་ཉིན་འགའ་སྔོན་ནས་འབུལ་རྒྱུའི་ཐབས་ཤེས་ཞུས་ཡོད།

དེ་བཞིན་ལྷན་ཁང་སོ་སོ་ལན་གྲ་སྒྲིག་གནང་རྒྱུར་ཏན་ཏན་ཁྱད་པར་ཡོང་གི་རེད་བསམ་གྱི་འདུག གྲོས་ཚོགས་ཀྱི་ར་བ་འདི་འཛིན་སྐྱོང་བཀའ་ཤག་ངོས་ནས་མང་ཚོགས་ལ་གསལ་བཤད་ཞུ་དགོས་པའི་གོ་སྐབས་ཡག་ཤོས་ཞིག་ལ་ངོས་འཛིན་ཞུ་གི་ཡོད་གསལ་བཤད་ལན་འདེབས། འགན་འཁུར། རྩིས་རྒྱག་རྒྱུའི་ལས་རིམ་གལ་ཆེ་ཤོས་ཞིག་ཆགས་ཀྱི་ཡོད། གྲོས་ཚོགས་འདི་བརྒྱུད་ནས་བོད་ཕྱི་ནང་གི་བོད་མི་ཁོང་རྣམ་པ་ཚོའི་ཐུགས་དོགས་ཡོད་པ་དེ་དག་གསལ་པོ་བཟོ་རྒྱུའི་ལས་རིམ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། ད་ལན་ལས་རིམ་གྱི་འགྲོ་སྟངས་དེ་ཕྲན་བུ་འགྱུར་བ་བཏང་བའི་ཐོག་ནས་བོད་ཕྱི་ནང་གི་བོད་མི་ཚོས་གྲོས་ཚོགས་ཀྱི་ལས་རིམ་ལ་ཐུགས་སྣང་གནང་མཁན་ཚོས་དྲི་བ་དང་ལན་གང་བཏང་བ་གསལ་པོ་ཆགས་རྒྱུའི་ཆེད་རེ་བ་ཞུས་པའི་ཐོག་ནས་འགྱུར་བ་དེ་བཏང་བ་རེད།

འབྲེལ་ཡོད་ལས་བྱེད་ཚོ་ཡིན་ཀྱང་ལྷན་ཁང་སོ་སོར་གོ་བསྡུར་གནང་བའི་སྐབས་གཅིག་ནས་འཛིན་སྐྱོང་བཀའ་ཤག་གི་ལྷན་ཁང་སོ་སོར་བཀོད་ཁྱབ་བཏང་ཡོད། འབྲེལ་ཡོད་ལས་བྱེད་ཚོ་གྲོས་ཚོགས་ཚོགས་ཁང་ནང་དུ་ཕེབས་ཏེ་སྐབས་བསྟུན་སོ་སོར་བཀའ་བློན་རྣམ་པ་ཚོ་སོ་སོར་ཕྱག་རོགས་གནང་དགོས་རྒྱུ་དེ་དག་གནང་ཐུབ་པ་ཡིན་ན་ཚང་མར་དགེ་ཕན་ཡོང་གི་རེད་བསམ་གྱི་འདུག དོན་དག་གཙོ་བོ་དེ་སྤྱི་ཚོགས་ནང་སྐད་ཆ་གང་འདྲ་ཞིག་ཡོད་ཀྱང་དེ་དག་མང་ཚོགས་ལ་གསལ་པོ་བྱས་ཏེ་བཟོ་ཐུབ་རྒྱུར་དགོས་དམིགས་དེ་ཡིན་པའི་ཐོག་ནས་མི་ཚང་མར་ཐུགས་འགན་གསལ་པོ་བྱས་ཏེ་བཟོ་རོགས་གནང་ཞུ་རྒྱུ་ཡིན། དེ་མ་ཡིན་པའི་དྲི་བ་དྲིས་ལན་གྱི་དུས་ཚོད་ཡོད་ཐུགས་སྣང་ཞེན་སྐུལ་གྱི་དུས་ཚོད་ཡོད།བཅའ་ཁྲིམས་དང་སྒྲིག་གཞི་ཁག་བསྐྱར་བཅོས་ཀྱི་ལས་རིམ་ཡོང་གི་རེད། ཁྲིམས་དཔོན་གཞན་ཞིག་བསྐོ་གཞག་གནང་རྒྱུའི་ལས་རིམ། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ལ་སོགས་པའི་དུས་རྒྱུན་དུ་གྲོས་ཚོགས་ནང་ལས་རིམ་ཡོང་རྒྱུ་དེ་དག་ཡོང་གི་རེད་ཞུ་རྒྱུ་གཅིག་དང།

ད་ལན་གོ་སྐབས་འདི་བཟུང་ནས་བར་ལམ་སྤྱི་ཚོགས་ནང་ལྐོག་བཟའ་རུལ་སུངས་ཀྱི་གནས་ཚུལ་ཁག་གཅིག་ཐོན་པ་རེད། གནད་དོན་མཁྱེན་མཁན་ཚོས་གཟིགས་ན་ལྐོག་བཟའ་རུལ་སུངས་ཀྱི་གནས་ཚུལ་དེ་དུས་མ་འདྲ་བྱུང་ཡོད། འོན་ཀྱང་གནས་ཚུལ་ཕྱིར་ཐོན་པའི་སྐབས་གནས་ཚུལ་མི་འདྲ་བ་དེ་དག་དུས་ཚོད་གཅིག་ལ་ཐོན་ཡོད་དུས། བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་འོག་ལ་ལྐོག་བཟའ་རུལ་སུངས་ཀྱི་གནས་སྟངས་ཤུགས་ཆེན་པོ་ཞིག་མེད་དམ་སྙམ་པའི་མང་ཚོགས་ཁྲོད་བསམ་ཚུལ་ཤུགས་ཆེན་པོ་ཡོང་གི་ཡོད་པ་དེ་ང་ཚོ་ཚང་མས་མཁྱེན་གྱི་ཡོད། དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་འཛིན་སྐྱོང་བཀའ་ཤག་དང་ལྷག་པར་འབྲེལ་ཡོད་ནང་སྲིད་བཀའ་བློན་ལ་དྲི་བ་ཡང་ཡོད་པ་རེད། དེའི་སྐབས་གསལ་བཤད་ཏན་ཏན་ཡོང་གི་རེད། དེའི་ཐོག་རྒྱས་པོ་ཞུ་མ་དགོས་པའི་ཐོག་ནས་གལ་ཆེ་ཤོས་དེ་ང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་ཐད་ཀར་སྟངས་འཛིན་འོག་ཡོད་མེད་ལ་མ་ལྟོས་པར་རྩིས་ཞིབ་དེ་དག་དུས་ཐོག་བྱེད་ཐུབ་ཀྱི་ཡོད་མེད་དང་དེའི་ཁྱད་པར་ཤུགས་ཆེན་པོ་ཞིག་བཟོ་གི་ཡོད་པ་དེ་ཕལ་ཆེར་ཚང་མས་མཁྱེན་གྱི་ཡོད་པ་རེད་བསམས་ཀྱི་ཡོད།

དེར་བརྟེན་སྤྱི་བར་དག་པའི་དངུལ་ཞིག་གཞུང་གི་ཐད་ཀར་སྟངས་འཛིན་འོག་ཡོད་རུང་མེད་རུང་དེར་རྩིས་ཞིབ་བྱེད་ཐུབ་དགོས་རྒྱུ་དང། ས་གནས་དང་དབུས་ལ་ཡིན་ནའང་རེད་འགན་འཁུར་ཐུབ་པ་བྱེད་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག མ་འོངས་པར་དེ་རིགས་མི་ཡོང་བར་ཁྱད་པར་ཏན་ཏན་བཟོ་ཐུབ་ས་རེད་བསམ་ཚུལ་གཅིག་དང། ལྷག་པར་ང་རང་ཚོ་བོད་པ་དེ་དག་ནང་པ་སངས་རྒྱས་པ་ཡིན་ཟེར་གྱི་ཡོད། དེར་བརྟེན་སྤྱི་བའི་ལས་དོན་སྒྲུབ་སྐབས་རང་དོན་ལས་ལྷག་སྤྱི་བའི་དངུལ་བཟའ་རྒྱུ་རིགས་དོར་ནས་བཟང་སྤྱོད་ཀྱི་ལམ་ལ་འགྲོ་ཐུབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

མ་འོངས་པར་ང་ཚོའི་སྒྲིག་འཛུགས་དེ་ཧྲ་ཐག་གནས་དང་མ་གནས་དེ་ས་གནས་ཀྱི་སྒྲིག་འཛུགས་ལ་རགས་ལུས་ཡོད་པར་བརྟེན། འབྲེལ་ཡོད་ཀྱི་འཛིན་སྐྱོང་བཀའ་ཤག་ལ་ཞུས་མྱོང་ལ་ད་ལན་གྲོས་ཚོགས་འདི་བརྒྱུད་ནས་ད་ལྟ་སྤྱི་ཚོགས་ནང་འཕོ་འགྱུར་ཤུགས་ཆེན་པོ་འགྲོ་བཞིན་པའི་སྐབས་འདིར་རྒྱ་བལ་འབྲུག་གསུམ་གྱི་ནང་བོད་མི་གནས་སྡོད་བྱེད་སའི་ས་གནས་ཁག་གིས་སྒྲིག་འཛུགས་ཀྱི་འགྲོ་སྟངས་དང། ས་གནས་དང་སྒྲིག་འཛུགས་དབར་གྱི་འབྲེལ་ལམ། འགན་འཁྱེར་སྟངས་དེ་དག་ཚགས་ཚུད་ཏུ་གཏོང་དགོས་རྒྱུའི་གནས་སྟངས་གཅིག་དང།

ད་ལྟའི་དངོས་ཡོད་གནས་སྟངས་ནང་བོད་པ་མང་པོ་ཞིག་ཕྱིའི་ཡར་ཐོན་ཅན་གྱི་རྒྱལ་ཁབ་མང་པོ་ཞིག་གི་ནང་གནས་སྤོས་བྱེད་བཞིན་ཡོད། དེ་བཀག་ཐུབ་རྒྱུ་མེད་རེད་ལ་བཀག་དགོས་རྒྱུ་ཞིག་ཀྱང་གཟིགས་ཀྱི་མེད། གཞུང་འབྲེལ་ལས་འཆར་གྱི་སྒོ་ནས་གཏོང་རྒྱུ་དེ་འདྲ་ཡང་ཡོད། དེ་ལྟ་བུའི་དངོས་ཡོད་གནས་སྟངས་ལ་གཞི་བཅོལ་ཏེ་མ་འོངས་པར་ཕྱིའི་རྒྱལ་ཁབ་ཁག་གི་ནང་བོད་མི་མང་དུ་འགྲོ་རྒྱུ་ཡིན་པ་དང། བོད་མི་རིགས་དང་བོད་མིའི་སྒྲིག་འཛུགས་དབར་འབྲེལ་ལམ་དམ་གཟབ་དགོས་རྒྱུའི་གནས་སྟངས་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་པར་བརྟེན། བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཚོའི་འགྲོ་སྟངས་ཆེད་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་སྐབས་གྲོས་ཆོད་བཞག་ཡོད་ལ་ཚོགས་ཆུང་གཅིག་ཀྱང་བཙུགས་ཡོད།

དེ་བཞིན་འབྲེལ་ཡོད་ལྷན་ཁང་འཕྲོད་བསྟེན་དང། ནང་སྲིད། ཕྱི་དྲིལ་ཡིན་རུང་སོ་སོའི་ལས་དོན་ཙམ་མ་ཡིན་པར་རྒྱ་ཆེ་ས་ནས་དཀའ་ངལ་འདི་འདྲ་ཞིག་འཕྲད་ས་རེད། འདི་ལ་གདོང་ལེན་འདི་འདྲ་ཞིག་བྱེད་དགོས་ཀྱི་འདུག་དང་དེ་ད་ལྟ་ནས་གྲ་སྒྲིག་བྱེད་དགོས་ཀྱི་འདུག་ཅེས་པ་དེ་སོསོའི་ས་མཚམས་ཙམ་མིན་པར། ལས་དོན་བྱེད་སྐབས་སོ་སོའི་སྒང་ལ་བྱེད་ཀྱི་རེད་དེ་དགོངས་པ་བཞེས་སྐབས་རྒྱ་ཆེ་ས་ནས་དགོངས་པ་བཞེས་ཏེ་ཐབས་ལམ་བཏོན་དགོས་རྒྱུ་དང་། ད་ལྟ་ནས་ཉམས་ཞིབ་ཚད་ལྡན་ཞིག་བྱས་ཏེ་མ་འོངས་པར་དཀའ་ངལ་མ་འཕྲད་རྒྱུར་དགོངས་པ་བཞེས་དགོས་རྒྱུ་དེ་ནན་ཏན་བྱས་ཏེ་ཞུ་འདོད་བྱུང།

དེ་རིང་གྲོས་ཚོགས་འདིའི་ནང་ལས་རིམ་འདི་ལྟར་འགྲོ་བའི་སྐབས་དེ་སྔ་ཡིན་ནའང་ཚོགས་གཙོ་སྦྲེལ་པོའི་རེ་སྐུལ་ཞུ་གི་ཡོད་ལ། དེ་རིང་ཡིན་ནང་གྲོས་ཚོགས་ཀྱི་ལས་རིམ་ནང་ཆ་ཤས་བླངས་པའི་སྐབས་ཚིག་རྩུབ་པོ་དང། ཟུར་ཟ། ཁོང་ཁྲོ་དང་ཞེ་སྡང་དབང་གི་བཀའ་མོལ་གནང་ན་དོན་དག་སྒྲུབ་རྒྱུར་ཡང་ང་རང་ཚོའི་སྤྱི་ཚོགས་ནང་འཁྲུག་འཐེབ་རྒྱུའི་གཞི་རྩ་ཆགས་ཀྱི་ཡོད་པར་བརྟེན། བཟང་སྤྱོད་ལྡན་པའི་ཐོག་ནས་བཀའ་མོལ་གང་གནང་ཡང་ཞི་འཇམ་དང་རྒྱུ་མཚན་ལྡན་པའི་སྒོ་ནས་གནང་ན། ང་ཚོའི་གྲོས་ཚོགས་ཀྱི་ལས་རིམ་དེ་གཞན་ལྟ་མཁན་ཡིན་ནའང་བསྔགས་འོས་ཀྱི་རྒྱུ་ལ་རྒྱུར་རྒྱུ་ཞིག་དང། ང་རང་ཚོ་ཡིན་ནའང་མར་ལོག་རྗེས་དེ་རིང་གྲོས་ཚོགས་ཡག་པོ་ཚོགས་པ་ཡིན། དོན་དག་ལ་ཕན་པ་ཞིག་བཤད་པ་ཡིན་ཞེས་བཟང་ཕྱོགས་ཀྱི་དགོངས་པ་བཞེས་ཏེ་ཕེབས་ཐུབ་རྒྱུའི་གནས་སྟངས་ཤིག་ལ་འགྱུར་ཐུབ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།ད་བར་བཀའ་བློན་རྣམ་པ་ཚོ་རེད།

དེ་བཞིན་སྤྱི་འཐུས་རྣམ་པ་ཚོས་ཚོགས་གཙོ་གཉིས་ལ་མཐུན་འགྱུར་ཧ་ཅང་ཡག་པོ་གནང་བྱུང། ད་ལྟ་ཡིན་ནའང་རེ་བ་དེ་ག་རང་ཞུ་གི་ཡོད། འདི་ཞུ་བའི་ཐོག་ནས་ཚོགས་གཙོས་དབུ་འབྱེད་ཀྱི་གཏམ་བཤད་མཇུག་སྒྲིལ་རྒྱུ་ཡིན། ད་ཐེངས་ཀྱི་གྲོས་ཚོགས་ཐེངས་དྲུག་པ་འདིའི་ནང་སྤྱི་འཐུས་རྣམ་པ་གསུམ་སྐུ་གཟུགས་བདེ་མིན་གྱིས་གྲོས་ཚོགས་ཡོངས་རྫོགས་དགོངས་པ་ཞུས་ཡོད་པ་དང། སྤྱི་འཐུས་གཅིག་ས་གནས་ལ་བཞུགས་མེད་པའི་གནས་བབ་དབང་གི་དགོསངས་པ་ཞུས་པར་བརྟེན། སྤྱི་འཐུས་བཞི་ད་ལན་གྱི་གྲོས་ཚོགས་འདིར་བཅར་ཐུབ་མ་སོང། དེ་མིན་གཞན་སྤྱི་འཐུས་ཆ་ཚང་ཕེབས་ཡོད། ཚང་མར་སླར་ཡང་ད་བར་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལན་གྱི་ལས་རིམ་ཚགས་ཚུད་དང་དོན་སྙིང་ལྡན་པ་ཞིག་ཡོང་རྒྱུར་མཐུན་འགྱུར་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་ཡོད་པ་བཅས།།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་དྲངས།

གསར་འགྱུར།

Post navigation

Previous Post: ཚད་གཞིའི་བསྟན་བཅོས་འཚོ་བའི་མེ་ལོང་།
Next Post: པ་ཀི་སི་ཐན་གྱི་བུ་མོ་སྙིང་སྟོབས་ཅན་མ་ལ་ལ་ཡུ་སེབ་རྫ་ཧི་ལ་ད་ལོའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་གཟེངས་རྟགས་མཐོ་ཤོས་དེ་ཐོབ་ཡོད་པ།

Comments (3) on “གྲོས་ཚོགས་ཚོགས་དུས་ ༦ པ་དབུ་འཛུགས་སྐབས་ཀྱི་ཚོགས་གཙོའི་གསུང་བཤད།”

  1. ལུང་རྟོགས། says:
    2013-09-19 at 12:43 pm

    རེད་རེད། དགྲ་བོ་རྒྱ་དམར་ཕར་བཞག་ནས། རང་གཞུང་ལ་ཁ་གཏད་རེ་ཨེ་ཆོག་ལྟོས་དང་དེ་ཡང་བྱེད་རྗེས་ཡིན་ནི་རེད། དེ་ལས་ཅི་འཇོན་ཚོད་མ་རེད་ཡ། ཧཧཧ

  2. ཆོས་འཕེལ། says:
    2013-09-19 at 8:06 pm

    རྡ་སའི་གྲོས་ཚོགས་སུ་སྟོན་མོ་ཆེ་པོ་ཡོད་ས་རེད།

  3. དྲན་དཀར་དཔལ་ཡོན་ says:
    2013-09-19 at 11:28 pm

    རྒྱལ་གྱུར་ཅིག
    བདེན་པ་ཉིད།
    ནམ་ནམ་ཞར་ཞར་དུ།
    ཚོགས་ཁང་ནང་།
    ཚོགས་ཁང་གི་ཕྱི་རོལ་ཏུ་ཡང
    རྣམ་པར་འདོར་མི་རུང་བ་ཉིད།
    སྲོག་གི་ཆེད་དུའང་།
    མི་འཚོགས་དང་སྤྱི་ཚོགས་སར་བདེན་པར་འདུག་པ་དང་བདེན་པར་བཞེངས་པའི་སྟངས་སྟབས་གྱིས་མདུན་གྲོས་བགྱིས་ཏེ་རེག་ཟིད་མཛོད་ཅིག་དང་།
    དེ་རིང་བཟུང་།
    ད་ལྟ་ད་ལྟར།
    ཤེས་རབ་ཀྱི་དཔའ་དམ་བདག་ལ་གནང་རོགས།
    བདག་གྱང་བདག་ལ་གནང་རོགས།
    འགྲོ་ཤེས་འདུག་ཤེས་ཀྱང་བདག་ལ་གནང་རོགས།
    ཕྲན་གྱིས་ནི་ད་ཐེངས་ཐབས་ཇུས་འདོན་མ་ནུས་མོད།
    རྣ་བླགས་སྟེ་གྲོས་ཚོགས་ཀྱི་ཟིན་ཐོ་སྒུག་ངེས་ཡིན།

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme