Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་པ་ཚང་གཉིད་ལས་སད་སྟངས།

Posted on 2012-02-20 By ཁ་བརྡ་ 6 Comments on བོད་པ་ཚང་གཉིད་ལས་སད་སྟངས།

ཨ་རིག་དགེ་མཐོང་།

སྤྱིར་བཏང་དེ་རིང་གླེང་རྒྱུའི་བོད་པ་ཚང་གཉིད་ལས་སད་སྟངས་ཟེར་བ་འདི་ནི་སྔོན་གྱི་མེས་པོ་གོང་མ་ཞེས་ཐག་རིང་ནས་མི་གླེང་བར་༡༩༥༨་ནས་ ༢༠༡༢་བར་ཡིན། བོད་ནང་གི་འབོད་སྟངས་ལྟར་ན་བོད་ལ་དུས་འགྱུར་བྱུང་བ་ཟེར། དེ་ལྟར་བརྩིས་ན་ལོ་ལྔ་བཅུ་ལྷག་གི་འགྱུར་བ་རེད། དེའི་ནང་དུ་འགྱུར་བ་ག་རེ་བྱུང་སོང་ཟེར། ང་བརྒྱད་དང་རིག་གནས་གསར་བརྗེ་སྐབས་སུ་རྒྱ་དམར་སྲིད་གཞུང་གི་འགོ་གཙོ་དག་གིས་བོད་ལ་བཙན་འཛུལ་བྱས་ཏེ་དམར་གསོད་བཏང་བ་དང་། ལྷ་རྟེན་ཆོས་གསུམ་བཤིགས་པ། ཆོས་ལུགས་དད་མོས་རང་དབང་མ་སྤྲད་པ་རེད། བོད་མི་འགའ་རེ་རྒྱ་ནག་གི་བཙན་འོག་ནས་འུ་ཐུག་པ་དང་ཁག་ཅིག་ངོ་ལོག་ནས་རང་མི་བསད་པ་དང་ལྷ་ཁང་མཆོད་རྟེན་སོགས་བཤིགས་པ། སྐྱབས་ཡུལ་དགེ་འདུན་པའི་སྡེ་ལ་གཅར་རྡུང་བྱས་པ། ནང་རྟེན་སྐུ་འདྲ་དང་གསུང་འབུམ་སོགས་ཀྱི་མཚོན་པའི་མང་བོ་ཞིག་མེ་བསྲེགས་པ་རེད། དེ་ནི་བཙན་དབང་དང་མི་རིགས་ཀྱི་འདུ་ཤེས་མེད་པས་རེད། ད་ལྟ་མི་རིགས་ཀྱི་འདུ་ཤེས་སྐྱེས་ཏེ་འདས་ཟིན་པའི་དམར་གསོད་དང་བཙན་འཕྲོགས་སོགས་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེ་བསྲེགས་གཏོང་གི་ཡོད། འདི་ནི་ལྷ་རྟེན་ཆོས་གསུམ་མེ་བསྲེགས་ནས་ཞབས་འདྲེན་ཞུས་པ་དང་། བོད་མིའི་བདེ་སྡུག་བསམ་སྟེ་རང་ལུས་མེ་བསྲེགས་པའི་དཔའ་རྟགས་བཞག་པའི་བར་གྱི་འགྱུར་བའམ་སད་སྟངས་ཤིག་རེད།

རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་དམིགས་ཡུལ་ངེས་ཅན་གྱི་སློབ་གྲྭའམ་དབྱིན་ཇི་དང་ཚན་རྩལ་སོགས་སློབ་ས་ཡོད་པ་ཞིག་ཚུགས་རྒྱུའི་དགོངས་འཆར་ལ་ལྡོག་ཕྱོགས་ནས་གོ་བ་བླངས་ཏེ་ཐུགས་ཡུལ་མ་འགྲུབ་པ་རེད། ད་ལྟ་དེང་དུས་ཀྱི་ཤེས་བྱ་ཚན་རིག་དང་བརྡ་འཕྲིན་སོགས་སློབ་སའི་སློབ་གྲྭ་ཡོད་པ་དང་། ལྷག་པར་སློབ་མ་ཚོས་སྐད་ཡིག་གསུམ་དང་རྒྱལ་སྤྱིའི་སྤྱི་སྐད་ལྟ་བུའི་དབྱིན་སྐད་ལ་གཅིག་རྗེས་གཉིད་མཐུད་ཀྱིས་འབད་བཞིན་པའི་སྒང་རེད། བོད་ཕྱི་ནང་གཉིས་ན་སྨོན་ལམ་བོད་ཡིག་དང་ཚིག་མཛོད། བློ་བཟང་བོད་ཡིག་དང་གཏགས་ཐབས། ལག་འཕྲིན་ཁ་པར་དང་བརྩིས་འཁོར་རམ་གློག་ཀླད། ཆེ་ས་ཨ་རི་དང་རྒྱ་ནག་གཙོས་རྒྱལ་ཁབ་མང་བོའི་བཟོ་གྲྭའི་ནང་གི་བརྩིས་འཁོར་གྲགས་ཅན་ཀུ་ཤུ་རྟགས་ཅན་དང་། འཛམ་གླིང་སྟེང་ན་མིང་དུ་གྲགས་པའི་ལག་འཕྲིན་ཁ་པར་ལེགས་ཤོས་ནོལ་གཱ་ཡ་སོགས་ཀྱི་ནང་དུ་བོད་ཡིག་ཐོན་ཡོད། ལྷག་པར་བློ་བཟང་ལག་འཕྲིན་དང་ཚིག་མཛོད་སྐད་ཡིག་གསུམ་ཤན་སྦྱར་བྱས་པ་ཞིག་ཀྱང་ཐོན་པ་སོགས་མང་། འདི་དག་ཀྱང་བོད་པ་ཚང་གཉིད་སད་པའི་རྟགས་ཤིག་ཏུ་བགྲང་བར་འོས།

ང་བརྒྱད་དང་རིག་གནས་གསར་བརྗེ། གཅིག་དགུ་བརྒྱད་ཅུའི་སྒེར་ལངས་ཆེན་མོ་སོགས་ཀྱི་སྐབས་སུ་བོད་མི་ཁྲི་ཕྲག་མང་བོ་དམར་གསོད་བཏངས་པ་དང་། ཆུ་ལ་བསྐུར་མཐའ་ལ་ལྕེབས། བཙོན་བཅུག་དང་ལྟོག་ཤི། གཅར་རྡུང་འོག་ནས་འདས་གྲངས་ཕྱིན་པ། མེ་མདའ་ཆེ་ཆུང་སོགས་ཀྱི་ཁ་ནས་མ་ཐར་པ་སོགས་བགྲང་ལས་འདས་པ་ཞིག་ཡོད་མོད། རྒྱལ་སྤྱིའི་མཐོང་སར་རྟགས་དང་བཅས་ཏེ་དཔེ་གསོན་པོ་ཞིག་དུས་ལྟར་སྟོན་མ་ཐུབ། ཡིན་ནའང་ཉིས་སྟོང་བརྒྱད་ཀྱི་ཞི་བའི་སྒེར་ལངས་ཆེན་མོ་དང་ དེ་ནས་བརྩིས་པའི་ད་ལྟའི་བར་གྱི་རང་ལུས་མེ་བསྲེགས་ཀྱི་ལས་འགུལ་རབ་དང་རིམ་པ་ཐོན་པ་རེད། དེར་མ་ཟད་བཙོན་བཅུག་མནར་གཅོད་ཚད་མེད་འོག་ནས་འདས་གྲོངས་ཟིན་པ་དང་། མུ་མཐུད་སྡུག་བསྔལ་མྱོང་བཞིན་པ་བཅས་ཀྱི་ལོ་རྒྱུས་དང་ས་ཚིགས། རང་མིང་དང་སྐྱ་སར་གང་ཡིན། ཕ་མ་དང་ས་གནས་གང་ཡིན། བཙོན་ཁང་གང་དུ་ཡོད་དང་ས་གང་ནས་བསད། ལོ་དུ་ཡིན། མེ་བསྲེགས་བཏང་བ་དང་མེ་མདའ་བརྒྱབས་ནས་བསད་པ་སོགས་མང་བོ་ཞིག་དཔར་རིས་དང་བཅས་རྒྱལ་སྤྱིའི་སྟེང་དུ་དཔང་རྟགས་ཡོད་པའི་སྒོ་ནས་སྟོན་དང་བསྟན་ཟིན་པ་རེད། འདི་ཡང་བོད་པ་ཚང་གཉིད་ལས་སད་པའི་རྟགས་ཤིག་རེད།

ང་བརྒྱད་ཡས་མས་སུ་བོད་ཆོལ་ཁ་གསུམ་གྱིས་ཕན་ཚུན་གྱི་བདེ་སྡུག་མི་གོ་བ་དང་། དཔེར་ན། ཏར་བཏང་བ་དང་འཕྲིན་ཡིག་བསྐུར་བ་སོགས་བྱས་ཏེ་སྙན་ཞུ་དང་གནས་སྟངས་བཤད་ཀྱང་དུས་ལྟར་ལན་མ་ཕུལ་བ། ད་དུང་ཆོལ་ཁ་གཅིག་གི་ས་འཕྲོགས་མི་བསད་དེ་འགྲོ་བཞིན་བའི་སྐབས་སུ་ཆོལ་ཁ་གཞན་ན་གླུ་གར་ལ་རོལ་བ། ཆོལ་ཁ་གཅིག་གིས་རྒྱ་ནག་ལ་འཐབ་འཛིང་བྱེད་བཞིན་པའི་སྐབས་སུ་ཆོལ་ཁ་གཞན་ན་ཆང་དང་ཨ་རག་གིས་བཟི་ནས་ཡོད་པ་སོགས་རེད། ད་ལྟ་ལྷ་ས་ནས་ལྷ་སྐུ་བཤིག་ན་ཨ་མདོ་ནས་ཨམ་གཙིགས་བསྡམས་ཏེ་ངོ་རྒོལ་བྱེད་ལ། ཁམས་པ་ནས་ཁ་དཔུང་ལ་རྒྱའི་བོད་ཀྱི་རྒྱ་དར་བསྒྲེང་ངེས། ད་དུང་ཆོལ་ཁ་གཅིག་ནས་མེ་བསྲེགས་ན་གཞན་གཉིས་ནས་བསྔོ་སྨོན་དང་མར་མེ་ཁྲོམ་བསྐོར་བྱེད་ངེས། ཕན་ཚུན་གྱི་ཉིན་རེའི་གནས་སྟངས་དུས་ལྟར་ཤེས་པའི་ཚོད་དུ་བསླེབས་ཡོད། འདི་ཡང་བོད་པ་ཚང་གཉིད་ལས་སད་པའི་རྟགས་ཤིག་མ་རེད་དམ།
ཡང་བོད་ཀྱི་སྲོལ་རྒྱུན་རྙིང་བ་ལྟར་ན་སྟག་གཟིག་དང་།སྲམ་དང་ཝ་སོགས་ཀྱི་པགས་རིགས་རྒྱན་ཆ་རུ་འདོགས། གཞན་གཡུ་བྱུར་དང་གཟི གསེར་དང་དངུལ་སོགས་གོང་ཆེན་རིགས་བཏགས་ནས་ངོམ་སོ་བྱེད་པའི་གླེན་རྟགས་ཤིག་ཡོད། ད་ལྟ་དེ་ལ་ཡང་འགྱུར་བ་བཏང་སྟེ་སྟག་གཟིག་དང་། སྲམ་པགས་རིགས་མེ་བསྲེགས་དང་། གཡུ་བྱུར་དང་གསེར་དངུལ་སོགས་ཀྱང་འཚམ་པ་ཞིག་ལས་འདོགས་ཀྱི་མེད། འདི་ཡང་བོད་པ་ཚང་གཉིད་ལས་སད་པའི་རྟགས་ཤིག་ཏུ་ཚོར།

ཡང་ཆོས་སྒོ་ཕྱེ་ཞེས་པའི་ཐ་སྙད་ནས་བཟུང་འདྲ་ཆགས་པའི་དགོན་སྡེ་སླར་གསོ་དང་ཆོས་དད་རང་དབང་ལྟ་བུ་ཞིག་སྤྲད་པ་རེད། དེའི་སྐབས་སུ་བོད་ཀྱི་བླ་སྤྲུལ་གཙོས་མཁས་དབང་མང་བོ་ཞིག་གིས་གུང་བྲན་ཏང་ལ་བསྟོད་པ་འཐེན་པ་དང་། ཚགས་པར་དང་དུས་དེབ་སོགས་སུ་རྒྱ་ནག་གིས་མ་བསྐུལ་རང་གིས་བསྟོད་མཁན་མང་། ད་ལྟ་དེ་ལ་འགྱུར་བ་ཕྱིན་ཏེ་གུང་བྲན་ཏང་གི་སྡུག་རྩུབ་དང་དྲག་གནོན། སྒེར་གཅོད་བཅས་ལ་ཁ་ཕྱོགས་ཏེ་ཚགས་པར་དང་དུས་དེབ། དྲ་རྒྱ་བཅས་སུ་མི་རིིགས་ཀྱི་མེས་པོ་དག་གི་དཔའ་དང་བློ་ཁོག་ལ་བསྟོད་པ་དང་། ཡ་ང་བའི་དམར་གསོད་ཁྱབ་བསྒྲགས་དང་། འགྲོ་འདུག་རང་དབང་དང་སྨྲ་བརྗོད་རང་དབང་གཙོས་ལ་རྒྱ་རྐྱང་རྐྱང་བྲིས་ཡོད་ལ། དེ་ལྟར་མ་བྲིས་ན་རྩོམ་ཡིག་ལ་རིན་ཐང་མེད་པ་ལྟ་བུ་ཞིག་ཏུ་གྱུར་བ་རེད། དེ་ནི་ཤེས་ཡོན་པ་དང་རྩོམ་པ་པོའི་སྡེ་ནས་རྟོགས་པ་སད་སྟངས་ཤིག་རེད། དཔེར་ན། མགོན་པཎ་ཆེན་སྣང་བ་མཐའ་ཡས་ཀྱིས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་ཏེ་བོད་མི་རིགས་ལ་ལམ་སྟོན་དང་བོད་ཀྱི་འདས་མ་ད་གསུམ་གྱི་བདེ་སྡུག་གླེང་བ་རེད། རྒན་རབས་པ་ནགས་ཚང་ནུས་ལོས་ནགས་ཚང་ཞི་ལུའི་སྐྱིད་སྡུག་བརྩམས་ཏེ་རྒོལ་བ། ཞོགས་དུང་གིས་གནམ་ས་གོ་འབྱེད་བརྩམས་ཏེ་རྒོལ་བ་དང་། བར་བ་གཉན་སོགས་ཀྱིས་ཀྱང་དེ་བཞིན་རྒོལ། གཞོན་ནུ་སྒྲོལ་མ་སྐྱབས་ཀྱིས་ལྷིང་འཇགས་མེད་པའི་ཧི་མ་ལ་ཡ་བརྩམས་པ་དང་ཐེའུ་རང་གིས་ཁྲག་ཡིག་བརྩམས་ཏེ་རྒོལ་བ་རེད། དུས་དེབ་ཤར་དུང་རི་སོགས་ཀྱིས་ཀྱང་རྒོལ་བ། ལྷག་པར་གྲྭ་བཙུན་སྡེ་ནས་བྱ་མདོ་རིན་བཟང་གིས་དུས་འགྱུར་སྐབས་སུ་སྡུག་བསྔལ་དངོས་སུ་མྱོང་མཁན་གྱི་རྒན་རབས་པ་དག་ལ་བཅར་འདྲི་བྱས་ཏེ་བརྩམས་པའི་དེབ་སོགས་མང་ཡང་རེ་རེ་བཞིན་བགྲང་བར་མི་ནུས་པས་དཔེ་མཚོན་ཙམ་བསྟན་པ་ཡིན།

གླུ་དང་རྡུང་ལེན་སོགས་ཀྱི་ཐད་ནས་གོང་བཞིན་ཏང་ལ་བསྟོད་གླུ་སོགས་རྣམ་གྲངས་མང་ལ་རྣམ་པ་མི་འདྲ་བ་མང་བོ་ཞིག་རླུང་བརྙན་འཕྲིན་དང་སྒེར་གྱི་འོད་སྡེར་སོགས་བརྒྱུད་ནས་བླངས་པ་རེད། ད་དུང་ང་རང་ཉིད་ཀྱིས་དྲན་ནི་ཞིག་ལ་སྔོན་མ་ངེད་ཅག་གི་སྡེ་བའི་ཆོས་སྟོན་ཞིག་ལ་གླུ་ལེན་གར་རྩེད་བྱས་པ་རེད། དེའི་སྐབས་སུ་བུ་དང་བུ་མོ་གཉིས་ཀྱིས་རྡུང་ལེན་ཞིག་བླངས་པའི་ཚིག་ནི་འདི་ལྟར། ༼རྨ་ཆུ་དང་འབྲི་ཆུ་གཉི་ག་རྒྱ་མཚོ་གཅིག་གི་ཆུ་རེད་སོ་ཡ་ལ་སོ། །རྒྱ་རིགས་ལ་བོད་རིགས་གཉི་ག་རྒྱལ་ཁབ་གཅིག་གི་མྱི་རེད་སོ་ཡ་ལ་སོ་ཟེར། ༽། ད་ལྟ་དེ་ལ་འགྱུར་བ་ཕྱིན་ཏེ་མི་རིགས་ཀྱི་ལ་རྒྱ་དང་། སྐད་ཡིག་གི་ཉམ་རྒུད། ༧གོང་ས་མཆོག་གཙོས་རང་གི་རྩ་བའི་བླ་མ་ལ་བསྟོད་པ་དང་། བོད་གཞིས་བྱེས་ལྷན་འཛོམས་ཀྱི་ཁ་གཡང་སོགས་རླུང་བརྙན་འཕྲིན་དང་སྒེར་གྱི་འོད་སྡེར་སོགས་བརྒྱུད་དེ་བླངས་དང་ལེན་བཞིན་པ་རེད། མི་མང་གིས་ཀྱང་དེ་དག་ལ་མཐོང་ཆེན་བྱེད་པ་ལས་སྐད་སྙན་པ་དང་གླུ་ཚིག་གི་སྦྱོར་བདེ་ལ་བལྟ་གི་མེད། གླུ་བ་གཅིག་བཙོན་ཁང་དུ་ཁྲིད་ན་ཤུལ་ནས་གཅིག་གིས་དེ་བཞིན་བླངས་ཏེ་ཡོང་བ་སོགས་ནི་དེ་འདྲའི་དཔའ་བློ་ཁོག་ཅན་གྱི་གླུ་བ་དང་གླུ་མ་ མང་ཡང་རེ་རེ་བཞིན་མིང་སྨོས་དགོས་ན་དེབ་ཅིག་གི་བམ་ཁ་ཡོད་སྲིད། ལྷག་པར་ལོ་སར་སྤྲོ་ཚོགས་དང་རྡུང་ལེན་འགྲན་བསྡུར་སྐབས་སོགས་སུ་ཆོལ་ཁ་གསུམ་གྱི་མདོ་འཛིན་པ་དང་གླུ་བ་གླུ་མ་སྐད་བཏང་བ།ལྟ་མཁན་དང་ཉན་མཁན་ལ་ཡང་དེ་བཞིན་ཡོད་པའི་འདི་ནི་སྐད་ཡིག་དང་ཕྱོགས་མང་བོ་ཞིག་ནས་བལྟས་ན་དགེ་མཚན་ཆེ་བར་ངེས། འདི་ཡང་བོད་པ་ཚང་གཉིད་ལས་སད་སྟངས་ཤིག་རེད།

སྐད་ཡིག་གི་ཐད་ནས་བོད་ཀྱི་སྐད་ཡིག་ལ་རྒྱ་ནག་གིས་བཅོས་བསྒྱུར་བྱས་ཏེ་ཕྲད་སོགས་ཀྱི་ཐོབ་ཐང་གཏན་མེད་དུ་བཟོ་རྒྱུའི་འཆར་གཞི་ཙམ་མིན་པར་ལག་བསྟར་བྱས་པ་རེད་ལ། དེ་ལ་ངོ་རྒོལ་བྱེད་མ་ཐུབ་པར་དེ་བཞིན་དོན་དུ་གནས་སོ་ཟེར་བ་དང་རྩོམ་འབྲི་བ་དང་འཕྲིན་ཡིག་བསྐུར་བ། གཞི་རིམ་གྱི་སློབ་དེབ་ནང་དུ་བཞག་པ། དཔེ་དེབ་སོགས་ཀྱི་སྟེང་དུ་བེད་སྤྱོད་བཏང་བའི་རང་རིགས་སྤུན་ཟླ་མང་། ད་ལྟ་དེ་ལས་ལྡོག་སྟེ་སློབ་ཆུང་སློབ་མ་ནས་སློབ་ཆེན་པའི་བར་དང་། དགེ་རྒན་དང་སློབ་སྤྱི། མི་མང་བཅས་ཀྱིས་སྐད་ཡིག་གི་ཉམ་རྒུད་གླེང་དེ་ངོ་རྒོལ་བྱས་པ་དང་། བླ་སྤྲུལ་དང་གྲྭ་བ།དགེ་རྒན་དང་ཤེས་ཡོན་པ་གཙོས་མང་བོ་ཞིག་གིས་སྐད་ཡིག་གི་ཉམ་རྒུད་ཚོར་སྟེ་དེའི་ཐད་ནས་བགྲོ་གླེང་བཙུགས་པ། དེ་དག་གིས་འབད་བརྩོན་ལ་བརྟེན་ནས་གྲུབ་པའི་སྒེར་ཚུགས་སློབ་གྲྭ་ཁག་ཅིག་ནི་ཁ་ཡོད་ལག་ཡོད་དུ་ཕན་པར་གྱུར་ཡོད་ལ། དེ་དག་ནི་མི་མང་གིས་ཤེས་ནུས་པའི་ངས་གསལ་བཤད་མི་རྒྱག གཞན། མདོ་དབུས་ཁམས་གསུམ་གྱི་གྲོང་གསེབ་པ་ཡིག་རྨོངས་མང་སའི་ས་ཆ་ལ་དང་བླང་དགེ་རྒན་བྱེད་མཁན་ཧ་ཅང་མང་བའི་ཚོད་རེད། ལྷག་པར་བོད་ཀྱི་སྐད་ཡིག་གི་སྐྱེ་འཆི་དང་སྤྱི་སྐད་ལ་གཞིག་སྟེ་ཨ་མདོ་ནས་དགེ་རྒན་ཁག་ཅིག་ཁམས་དང་དབུས་ཀྱི་ཕྱོགས་སུ་བཏངས་པ་དང་། ལྷ་ས་ནས་ཁམས་དང་ཨ་མདོའི་ཕྱོགས་སུ་བཏངས། ཁམས་ནས་ཀྱང་དེ་བཞིན་ཨ་མདོ་དང་དབུས་པའི་ཕྱོགས་སུ་བཏངས་པ་ནི་དམིགས་རྒྱང་ཅན་གྱི་འཆར་ཞིག་མ་རེད་དམ། དེར་མ་ཟད་མདོ་དབུས་ཁམས་གསུམ་གྱི་མཁས་པ་དང་རྩོམ་པ་པོ་བཅས་ཀྱིས་ཐ་སྙད་གསར་བཟོ་དང་། སྤྱི་སྐད་གཏན་འབེབས་ཀྱི་ཕྱོགས་སུ་ཉིན་མཚན་བསྟུད་མར་ལ་འབད་དེ་ལས་ཀ་བྱས་དང་བྱེད་བཞིན་པ་རེད་ལ། བོད་ཁུལ་གྱི་དགོན་སྡེ་ཁག་ཅིག་གིས་ཀྱང་མདོ་དབུས་ཁམས་གསུམ་གྱི་དགེ་འདུན་པ་སྐད་བཏང་སྟེ་བགྲོ་གླེང་འཚོགས་པ་དང་འཇང་དགུན་ཆོས་བཙུགས་པ། དགོན་སྡེ་ནས་སློབ་གྲྭ་དང་།གྲོང་ཁྱེར་ནས་གྲོང་གསེབ་བར་དུ་སྦག་སྐད་བཤད་ན་དེ་དང་མཐུན་པའི་ཉེས་ཆད་སྟེར་རྒྱུའི་ཁས་ལེན་ནམ་དམ་བཅའ་ཞིག་རང་སྟེང་ནས་རང་བཞིན་ངང་བརྩི་སྲུང་བྱེད་བཞིན་པ་འདི་རེད། ཚགས་པར་དང་དུས་དེབ་ནི་བོད་ཕྱི་ནང་གཉིས་དང་ཆོལ་གསུམ་ཡུལ་ལུང་ཀུན་ཏུ་ཆར་རྗེས་ཀྱི་ཤ་མོ་བཞིན་དུ་གྱུར། ད་དུང་རྟ་བརྒྱུགས་རྒྱན་འཇོག་མཚམས་བཞག་ནས་རྩོམ་ཡིག་འགྲན་བསྡུར་དང་། བོད་སྐད་ཀྱི་ཐ་སྙད་དང་མིང་ཚིག་གཙང་མ་ཞིག་སུས་ཤེས་ན་དེ་ལ་བྱ་དགའ་སྟེར་བའི་ལུགས་སྲོལ་དར། འདི་ཡང་བོད་པ་ཚང་གཉིད་ལས་སད་པའི་རྟགས་རེད།

སྔོན་མ་བོད་མི་ཕལ་ཆེ་བའི་རང་གི་བུ་ཕྲུག་སློབ་གྲྭར་འཇོག་པའི་ལུགས་སྲོལ་མེད་ལ་དེ་འཇོག་མཁན་དག་ནི་ཕྲུ་གུ་ལ་བརྩེ་བ་མེད་པའི་ལྟ་ཚུལ་ངན་པ་འཛིན་མཁན་ཡོད། ང་ཚོའི་ཨ་རིག་གཙོས་འབྲོག་སྡེ་དང་རོང་ཕྱོགས་ན་ཡོད་ཡོད་པ་རེད། ལྷག་པར་བུ་མོ་སློབ་གྲྭར་འཇོག་མཁན་དཀོན། ད་ལྟ་རོང་འབྲོག་སུ་ཞིག་ལ་མཚོན་ན་ཕྲུ་གུ་སློབ་གྲྭར་མི་འཇོག་ན་ཧང་སངས་ཤིང་ཧོན་འཐོར་ལ་ཁད་བྱེད། མ་ཟད་སློབ་བུ་དག་གི་རྒྱུགས་འབྲས་ཀྱི་སྐར་གྲངས་དང་སློབ་ཆེན་དང་ཞིབ་འཇུག་སློབ་མའི་གནས་རིམ་སོགས་ཕ་མས་རྒྱུན་དུ་གླེང་ལ། གསར་དུ་ཆང་ས་རྒྱག་སྐབས་ཀྱང་ཕྲུ་གུ་སྐྱེས་ན་སློབ་གྲྭ་གང་དུ་འཇོག་དང་སློབ་ཡོན་ཇི་ལྟར་གཏོང་རྒྱུའི་ཕྱོགས་སུ་གྲ་སྒྲིག་འདུག་པ་སོགས་འདི་དག་ནི་བོད་པ་ཚང་གཉིད་ལས་སད་སྟངས་ཤིག་མ་ཡིན་ནམ།

བཙོན་བྱོལ་ལ་མཚོན་ནས་ཞུས་ན་བོད་གཞུང་གི་ཁ་ཕྱོགས་རང་བཙན་ནས་དབུ་མའི་ལམ་དང་། དབུ་མའི་ལམ་ལ་ཡང་བསྐྱར་བསྐྱར་ཞིབ་ལྟ་བུའི་སྒོ་ནས་མི་མང་གི་བསམ་ཚུལ་བསྡུ་རུབ་བྱས། གྲོས་ཚོགས་ལས་ལོགས་སུ་ཚོགས་ཆེན་རབ་དང་རིམ་པ་འཚོགས་ལ་བཀའ་ཟུར་དང་ཁྲི་ཟུར།་སྤྱི་ཟུར་དང་གནད་ཡོད་མི་སྣ་རྩོམ་པ་པོ་དང་གསར་འགོད་པ་སོགས་ཤར་ནུབ་ཀྱི་བོད་རིགས་དག་ལྷན་འདུས་ཀྱི་གླེང་མོལ་བྱས། མ་ཟད། ཆོས་སྲིད་ཟུང་འབྲེལ་དང་དགའ་ལྡན་ཕོ་བྲང་ལ་འགྱུར་བ་སོང་། བཀའ་ཁྲིའི་གོ་གནས་མི་མང་ལ་གསོལ་རས་སུ་བསྩལ། མི་མང་གིས་ངོས་ནས་དེ་བཞིན་ལག་ལེན་བསྟར་བ་དང་། མཐའ་ན་ད་ལྟ་རྒྱལ་མཆོག་རིམ་བྱོན་གྱི་སྲིད་དབང་འཛིན་པའི་ལུགས་སྲོལ་དོར་ནས་མང་གཙོ་ཚད་ལྡན་གྱི་སྒོ་ནས་མི་མང་གིས་འདེམས་པའི་བཀའ་ཁྲི་གཞོན་སྐྱེས་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པ་ཞིག་ཐོན་པ་རེད། བཀའ་ཁྲིའི་སྔོན་འགྲོའི་འོས་གཞིའི་སྐབས་སུ་ང་ལང་གི་ཡིན་ཞེས་དང་བླང་པ་མང་བོ་བསླེབས་པ་རེད། མི་མང་གིས་ཀྱང་དེ་དོན་རང་རང་གི་བསམ་ཚུལ་ལྟར་འདེམས་པ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་མི་མང་བོ་ནས་བགྲོ་གླེང་བྱས་ཏེ་བཀའ་ཁྲི་འདི་ཐོན་པ་མ་ཟད།་སྤྱི་འཐུས་ཀྱང་ཤེས་འཇོན་གཉིས་ལྡན་ཅན་གང་འཚམས་ཤིག་བསླེབས་པ་རེད། འདི་ཡང་བོད་པ་ཚང་གཉིད་ལས་སད་སྟངས་ཤིག་རེད་སྙམ། སྤྱིར་བཏང་བོད་ཕྱི་ནང་གཉིས་ན་འདི་དང་འདི་ལྟ་བུའི་རྟགས་མཚན་མང་བོ་ཞིག་འདུག་ཀྱང་ཕྲན་ལ་ལྟ་རྒྱ་ཆུང་བ་དང་ཐོས་རྒྱ་ཉུང་བས་མ་ཤེས་པ་དང་མ་འཇོན་པ་སོགས་མང་ལ། འགའ་རེ་ཤེས་ཀྱང་ཡིག་ཚོགས་མང་བར་དོགས་པས་འདི་ཙམ་གྱིས་འཐུས་པར་བགྱིས།

རྩོམ་རིག

Post navigation

Previous Post: ཆུ་དང་ཇའི་ཁྱད་པར་ཉི་ཤུ་བཞུགས་སོ།།
Next Post: ༄།། མ་ཡུམ་ལགས། གངས་ལྗོངས།

Comments (6) on “བོད་པ་ཚང་གཉིད་ལས་སད་སྟངས།”

  1. ཆབ་སྐྱེས་བཙན་པོ། says:
    2012-02-20 at 9:54 pm

    ཨ་རིག་ལགས། ཁྱོད་ཀྱིས་ཡག་པོ་བྲིས་འདུག ད་དུང་ཡང་མུ་མཐུད་དེ་་་་་་་་་་་

  2. ཨ་རིག་དགེ་མཐོང་། says:
    2012-02-21 at 9:11 am

    ཆབ་སྐྱེས་ཀྱིས་སེམས་ཤུགས་སྤར་བ་དགའ་ཡོད། ཐུབ་པའི་བསམ་འཆར་མཐོང་ཡོད།

  3. Gonpo says:
    2012-02-21 at 11:57 am

    དགེ་མཐོང་ལགས་ཡག་པོ་བྲིས་གནང་ཤག་ཡིན་ཨ

    འོད་ཟེར་གིས་བརྩམ་པའི་གང་སེང་གི་ངར་སྒྲ།
    ༧གོང་ས་མཆོག་གིས་དཔེ་དེབ་དེའི་མགོ་བརྗོད་དུ་གསུངས་དོན། བོད་རིགས་སྨྱུག་འཛིན་མ་འོད་ཟེར་གྱིས་ལུས་སྲོག་གི་ཉེན་ཁར་འཛེམས་ཟོན་དང་འཇིགས་སྣང་མ་བྱས་པར་བོད་དུ་བྱུང་བའི་གནས་ཚུལ་རྣམས་ཇི་མ་ཇི་བཞིན་བདེན་པར་སྨྲ་བའི་གཏམ་བརྗོད་གནང་ཡོད།

  4. འབའ་བློ། says:
    2012-02-22 at 9:05 am

    ཨདགེ་ལགས་ངོ་མ་ཡག་པོ་བྲིས་འདུག གཅིག་དགུ་བརྒྱད་ཅུའིསྒར་ལངས་ཆེན་མོ་སོགས་མི་ཟེར་བར
    ལོ་ངོ་ཞིག་བྲིས་ན་ཡག་པོ་རེད་བསམ་སོང་།
    ད་དུང་ནམ་མཁའི་རྡུང་ལེན་བཙན་པོའི་ཕོ་ཉ་ཡང་ཡོད་རེད།
    ཐུགས་རྗེ་ཆེ།

  5. འབའ་བློ། says:
    2012-02-22 at 9:06 am

    ལོ་ངོ་མ་དེ་བྲིས་ན་ཡག་པོ་རེད

  6. ཨ་རིག་དགེ་མཐོང་། says:
    2012-02-22 at 9:56 am

    ཁྱེད་ཅག་ཕེབས་ནས་དགོངས་ཚུལ་དང་ལམ་སྟོན་ལྟ་བུ་གནང་བ་དགའ་ཡོད། ལོ་ཚོད་དང་ཟླ་ཚེས་འབྲི་བསམ་ཡང་དག་དག་ཅིག་མ་དྲན་པས་བཞག་པ་ཡིན། ལོ་དང་ཟླ་ཚེས་འདི་ཡིན་ཚོད་བྱས་ནས་ནམ་ཡང་བྲི་མི་ཉན། རྗེས་སུ་ཡིག་ཐོག་བརྒྱུད་ནས་གཞོན་སྐྱེས་ཚོ་ལ་ནོར་འཆུག་སྤྲད་སྲིད། གཞན། གུང་སེང་སྐབས་སུ་རྩེད་མོ་ལ་གཡེང་ཞོར་ཏུ་བྲིས་པ་ཡིན་པས་ཞིབ་ཚགས་མ་ལྡན་པ་དགོངས་སེལ་ཞུ།རྗེས་སུ་རིམ་གྱིས་གླེང་ཆོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme