Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ནང་གི་ཨ་ཕ་ཞིག་གི་ཁ་ཏ།  

Posted on 2018-10-03 By ཁ་བརྡ 5 Comments on བོད་ནང་གི་ཨ་ཕ་ཞིག་གི་ཁ་ཏ།  

ཛཾ་ཐང་བ་རིག་དབང་(དབུ་ལམ)ནས།
 
བྱིས་སྒྲུང་གླིང་གི་ཚོགས་མི་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ།  དུས་ཡུན་རིང་བོ་ཞིག་ལ་ཁ་བརྡ་བྱེད་ཐུབ་མ་སོང་། ཡིན་ནའང་གླིང་ཚོམས་འདིའི་ནང་གི་གསུང་བཤད་རྣམས་ལ་གང་ཐུབ་ཅི་ཐུབ་གྱིས་ཉན་གྱིན་ཡོད། རྣམ་པ་ཚོའི་སྙིང་སྟོབས་དང་ལྷག་བསམ་ལ་ནམ་ཡང་ཡི་རངས་བྱེད་ཀྱི་ཡོད།

དེ་རིང་དམིགས་བསལ་སྟོབས་རྒྱལ་ལགས་ཀྱིས་རང་གི་བུ་ཕྲུག་བསྐྱངས་པའི་ཉམས་མྱོང་དང་བུ་ཕྲུག་གི་སློབ་སྦྱོང་གི་སྐོར་ནས་གསུང་བཤད་མང་བོ་གནང་སོང་། དེ་དང་ལྷན་དུ་ཁྲོ་ཆུའི་དོན་གྲུབ་ལགས་ཀྱིས་སྟོབས་རྒྱལ་ལགས་ཀྱི་གསུང་བཤད་དང་འབྲེལ་བའི་ཐད་དགོངས་ཚུལ་ལྷུག་པོར་གསུང་སོང་། སྟོབས་རྒྱལ་ལགས་དང་ཁྲོ་ཆུའི་དོན་གྲུབ་ལགས་གཉིས་ཀྱི་དཀྱེལ་ཡངས་བའི་བགྲོ་གླེང་གནང་སྟངས་དང་དགོངས་པ་བཞེས་སྟངས་ལ་རང་ཉིད་ཡིད་འགུལ་ཐེབས་ཡོད།

སྤྱིར་མི་བཟང་བོ་ཟེར་བ་དེ་ཉུང་ཉུང་ཞིག་རེད། དྲ་ཚོམས་འདིར་མཚོན་ནའང་ཚོགས་མི་ལྔ་བརྒྱ་ཡོད་པ་རེད། ཡིན་ནའང་ནམ་རྒྱུན་གསུང་བཤད་གནང་མཁན་གྱི་གྲངས་ཧ་ཅང་ཉུང་ཉུང་ཡིན་པ་འདི་རེད། ང་ཚོའི་སྤྱི་ཚོགས་ནང་དུ་ཁྲོ་ཆུའི་དོན་འགྲུབ་ལྟ་བུའི་མི་བུ་ཆོད་སེམས་ཅན་དང་ལག་ལེན་ཅན་དཀོན་པོ་རེད། དེ་ན་བོད་ཕྱི་ནང་གི་ཕ་མ་རྣམས་ལ་ང་རང་ཉིད་ཀྱི་བསམ་ཚུལ་དང་རེ་འདུན་གྱི་སྐད་ཆ་ཁ་ཤས་བཤད་འདོད་བྱུང་།

སྟོབས་རྒྱལ་ལགས་ཀྱི་གསུང་བཤད་ལ་ཁྲོ་ཆུའི་དོན་འགྲུབ་ལགས་ཀྱིས་ལན་འདེབས་གནང་བར་ཉན་རྗེས་དཔྱད་ན། བོད་ཕྱི་ནང་གི་བོད་པའི་ཕ་མ་མང་པོས་བོད་སྐད་ཡིག་ལ་འཛིན་པའི་འདུ་ཤེས་དེ་ཕལ་ཆེར་གཅིག་མཚུངས་ཡིན་པ་རྟོགས་ཐུབ། ཁྲོ་ཆུའི་དོན་འགྲུབ་ལགས་སུ་སྐད་ཆའི་སྒྱུ་རྩལ་ཡ་མཚན་མི་ལྡན་ནའང་། ཁོང་གིས་ལྷག་བསམ་རྣམ་དག་དང་ཤ་ཞེན་ཆེན་པོས་གསུང་བཤད་གནང་གི་ཡོད་པ་ཤེས་ཐུབ་གྱི་འདུག ཁོ་རང་གིས་ཧུར་བརྩོན་ཆེན་པོས་བུ་ཕྲུག་ལ་བོད་སྐད་ཡིག་གི་སློབ་གསོ་སྤྲོད་བཞིན་པའི་བརྒྱུད་རིམ་དང་ཉམས་མྱོང་ནི་ངོ་མ་རྗེས་སུ་ཡི་རངས་དང་། མིག་མཐར་མཆི་མས་བརླན་ཡོང་བ་ཞིག་རེད།

བོད་ནང་ལ་མཚོན་ན། ཕ་མ་མང་བོ་ཞིག་མི་རིགས་གཞན་གྱི་རྗེས་སུ་འབྲང་སྟེ་རང་ཉིད་ཀྱི་བུ་ཕྲུག་གི་ལུས་ངག་ཡིད་གསུམ་ལ་འགྱུར་ལྡོག་ཐེབས་ཀྱིན་པ་ཤེས་རྟོགས་མེད་པའི་གནས་སྟངས་ཤིག་མཐོང་གི་འདུག་ལ། ཕ་མ་མང་བོ་ཞིག་གིས་རང་ཚུགས་མི་ཐུབ་པར་བུ་ཕྲུག་གི་མདུན་ལམ་འཚོལ་སྟངས་ནོར་གྱི་འདུག  ཕ་མ་མང་བོས་བུ་ཕྲུག་གི་མདུན་ལམ་གྱི་ཆེད་དུ་བུ་ཕྲུག་རྣམས་རྒྱ་ཡིག་སློབ་གྲྭར་སྐྱེལ་གྱིན་འདུག ཕ་མ་འདིའི་རིགས་ཀྱིས་རྒྱ་ཡིག་མ་ཤེས་ན་བུ་ཕྲུག་གི་མདུན་ལམ་ལ་འགོག་རྐྱེན་བཟོ་ཡི་འདུག་ཚུལ་ལབ་བཞིན་ཡོད། ཕ་མ་འདིའི་རིགས་ཀྱིས་བོད་སྐད་ཡིག་བསླབ་ན་བུ་ཕྲུག་ལ་མདུན་ལམ་མེད་པ་ལབ་ཀྱིན་ཡོད།  རྒྱ་ཡིག་དང་རྒྱ་སྐད་སྦྱོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་ཤོད་ཀྱི་ཡོད། དེ་ལས་ཀྱང་ཚབ་ཆེ་བ་ཞིག་ལ། ཕ་མ་གཉིས་ཀ་བོད་པ་ཡིན་པའི་ལས་བྱེད་པ་ཁ་ཤས་ཀྱིས་རང་ཁྱིམ་དུའང་རྒྱ་སྐད་བཤད་ཀྱིན་ཡོད། ལས་བྱེད་པ་ཚོའི་ནང་དུ་བུ་ཕྲུག་རྒྱ་ཡིག་རྐྱང་རྐྱང་སྦྱོང་སའི་སློབ་གྲྭར་སྐྱེལ་བཞིན་པའི་གྲངས་འབོར་ཧ་ཅང་མང་པོ་རེད། ཕ་མེས་ཀྱིས་ཤུལ་བཞག་བོད་སྐད་ཡིག་དང་རིག་གནས་ལ་བདག་གཅེས་དང་རྒྱུད་འཛིན་བྱེད་མཁན་ཇེ་ཉུང་ནས་ཇེ་ཉུང་རེད།

ཁྲོ་ཆུའི་དོན་གྲུབ་ལགས་ཀྱིས་བོད་སྐད་ཡིག་གི་ཁོར་ཡུག་མེད་ས་ཞིག་ཏུ་རང་གི་བུ་ཕྲུག་གི་ཆེད་དུ་རང་ཁྱིམ་དུ་བོད་སྐད་བཤད་སའི་ཁོར་ཡུག་ཅིག་བསྐྲུན་ཡོད་པ་དེ་ནི་ངོ་མ་དཔའ་རྒོད་ཅིག་གི་བྱེད་སྟངས་རེད་ལ། ང་ཚོར་ཁོ་ལྟ་བུའི་དཔའ་རྒོད་མང་བོ་ཞིག་ཡོད་ན་ཅི་མ་རུང་།

སྔར་ལོར་ཨ་རིར་ཡོད་པའི་ཨ་མ་ཞིག་གིས་མོ་རང་གིས་བུ་ཕྲུག་སྐྱོང་སྟངས་སྐོར་ནས་གསུང་བཤད་ཅིག་གནང་པ་རེད།མོའི་སྐད་ཆའི་ནང་དོན་གཙོ་བོ་ཕྱི་རྒྱལ་ཏུ་ཡོད་པའི་བོད་ཕྲུག་ཚོས་རང་ཉིད་གནས་སྡོད་བྱེད་སའི་རྒྱལ་ཁབ་དེའི་སྐད་ཡིག་རིག་གནས་ལ་འབད་བརྩོན་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་སོང་།  སྐད་ཆ་དེ་བདེན་པ་རེད། རང་ཉིད་གནས་སྡོད་བྱེད་སའི་རྒྱལ་ཁབ་དེའི་སྐད་ཡིག་རིག་གནས་ཤེས་དགོས་པ་གལ་ཆེན་པོ་རེད། དེའི་ཕྱིར། ཁྱིམ་དུའང་བུ་ཕྲུག་ལ་ལས་བྱ་འབྲི་རོགས་བྱེད་པའི་སྐབས་སུའང་དབྱིན་སྐད་བཤད་ཀྱི་ཡོད་ཅེས་གསུངས་སོང་བ་དང་། དབྱིན་སྐད་མ་བཤད་ན་བུ་ཕྲུག་གི་སློབ་སྦྱོང་ཡར་རྒྱས་སུ་འགྲོ་ཐུབ་གྱི་མི་འདུག་ཅེས་གསུང་སོང་། སྐད་ཆ་དེས་རང་ཉིད་ལ་བློ་བདེ་རུ་བཅུག་མ་སོང་ལ་བསམ་གཞིགས་ཀྱི་ཀློང་དུ་དེད།

ང་ཚོ་དྲྭ་ཚོམས་འདིར་འཛོམས་ཏེ་བོད་ལ་བསམ་བློ་གཏོང་གི་ཡོད་ལབ་གྱི་ཡོད། བོད་ཀྱི་ཆེད་དུ་ལས་དོན་སྒྲུབ་རྒྱུ་གལ་ཆེ་ཞེས་སྐད་ཆ་བཤད་ཀྱི་ཡོད་པ་རེད།  ན་ནིང་ཨ་མ་དེའི་སྐད་ཆ་དང་དེ་རིང་སྟོབས་རྒྱལ་ལགས་ཀྱི་སྐད་ཆ་ལ་ཉན་དུས། བོད་ཕྱི་ལོག་གི་བོད་པའི་བྱིས་པ་ཚོས་དུས་ཚོད་བརྒྱ་ཆའི་དགུ་བཅུ་གོ་དགུ་དབྱིན་སྐད་དང་དབྱིན་ཡིག་སྟེང་དུ་བཀོལ་གྱིན་ཡོད་པ་ཤེས་ཐུབ། ཕྱི་ལོག་གི་བོད་པའི་བྱིས་པ་ཚོར་བོད་སྐད་བཤད་པ་དང་བོད་ཡིག་འབྲི་བའི་དུས་ཚོད་ཧ་ཅང་ཐུང་ཐུང་ཡིན་པ་ཚོར་གྱི་འདུག དཔེར་ན། དགོང་ཇ་འཐུང་བའི་སྐབས་དང་། གཟའ་ཉི་མའི་བོད་ཡིག་སློབ་གྲྭ་ཙམ་རེད། འདི་འདྲའི་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་བོད་པའི་རིག་གནས་ཀྱི་སེམས་ཁམས་ཡོད་པའི་བྱིས་པ་ཞིག་གསོ་སྐྱོང་བྱེད་ཐུབ་བམ། འདི་འདྲའི་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་བོད་མི་རིགས་ལ་དགའ་ཞེན་ཡོད་པའི་བྱིས་པ་ཞིག་གསོ་སྐྱོང་བྱེད་ཐུབ་བམ། ངས་བལྟས་ན་དཔེ་མི་སྲིད་པ་རེད། སྐད་བརླག་སོང་བའི་མི་རིགས་ཤིག་དར་རྒྱས་སུ་སོང་བའི་ལོ་རྒྱུས་ཤིག་མེད་པར་སྙམ། ཕྱི་རྒྱལ་དུ་ཡོད་པའི་བོད་པའི་བྱིས་པ་ཚོས་སྐད་ཡིག་གི་གནས་སྟངས་ནི་ཡིད་སྐྱོ་བའི་གནས་སུ་གྱུར་ཡོད་ས་རེད། ཡིན་ནའང་ཕྱི་རྒྱལ་ཏུ་ཡོད་པའི་ཕ་མ་རེ་ཟུང་གིས་བསམ་བློ་བ་ཡིན་པར་རློམ་ནས་ང་ཚོ་ལ་མིག་དཔེར་ཞིག་འཇོག་གི་ཡིན་མདོག་གིས་སློབ་སྟོན་བྱེད་ཡོང་གི་འདུག ཆེན་པོ་འཇོན་གྱིན་ཡོད་མདོག་སྟོན་གྱི་འདུག ངས་ཁོང་ཚོར་ཞུ་འདོད་པ་ནི་ང་ཚོར་སློབ་སྟོན་བྱེད་པ་ལས་རང་གི་བུ་ཕྲུག་ལ་བོད་སྐད་ཡག་པོ་ཞིག་སློབས་རོགས་གནང་།

ང་རང་ཉིད་ལ་མཚོན་ན་བྱིས་པ་གཉིས་ཡོད། ཁོང་གཉིས་སློབ་གྲྭར་མངག་གི་ཡོད། ངས་བུ་ཕྲུག་གཉིས་ལ་བོད་སྐད་མ་གཏོགས་རྒྱ་སྐད་དང་དབྱིན་སྐད་ཚིག་གཅིག་བཤད་ཀྱི་མེད། རང་ཉིད་ཀྱི་ཆུང་མ་ནི་རྒྱ་ཡིག་ཆེད་སྦྱོང་བ་ཞིག་ཡིན། འོན་ཀྱང་ཁོ་མོར་བུ་ཕྲུག་གཉིས་ལ་རྒྱ་སྐད་བཤད་པའི་གོམས་གཤིས་མེད། རང་ཉིད་ཀྱང་དབྱིན་ཡིག་སྦྱོང་མཁན་ཞིག་ཡིན་མོད། བུ་ཕྲུག་ལ་དབྱིན་སྐད་བཤད་ཀྱི་མེད། ངེད་བཟའ་བ་གཉིས་ཀྱིས་མ་འོངས་པར་བུ་ཕྲུག་གཉིས་བོད་ཡིག་གི་སློབ་གྲྭ་ཚད་ལྡན་ཞིག་ཏུ་མངག་རྒྱུ་ཡིན་པ་ལས་རྒྱ་ཡིག་སློབ་གྲྭ་ཁོ་ནར་མི་མངག་པ་སེམས་ཐག་ཡིན། བུ་ཕྲུག་གཉིས་ཀྱིས་བོད་ཡིག་སྦྱང་བས་ཁ་གསོ་ཐབས་བྲལ་ཏེ་སྤྲང་དགོས་བྱུང་ནའང་བོད་ཡིག་སློབ་གྲྭ་ལ་མངག་རྒྱུ་ཡིན། དེ་དམ་བཅའ་ཡིན།

ཞེན་ཁོག་སྐམ་པོ་ཞིག་གི་ཆེད་དུ་མིན། རང་ཉིད་ཀྱི་ཁྱིམ་ཚང་ལ་མཚོན་ན་མི་རབས་མི་རྒྱུད་བོད་པ་གཙང་མ་བྱས་ཡོང་བ་ཞིག་རེད།ཁོང་ཚོས་ལོ་སྟོང་ཕྲག་གི་རིང་ལ་བོད་ཟས་ཟོས། བོད་སྐད་བཤད། བོད་ལྭ་གྱོན། བོད་སར་འཚོ་སྡོད་བྱས་ནས་ཡོང་བ་རེད། ངས་ཀྱང་རང་གི་བུ་ཕྲུག་གི་ངོ་བོ་མི་བསྒྱུར་སེམས་ཐག་ཡིན། རང་ཉིད་ཀྱི་བུ་ཕྲུག་གཉིས་བོད་པའི་སེམས་ཁམས་གཙང་མ་ཡོད་པའི་བོད་པ་རྣལ་མ་ཞིག་ཏུ་གསོ་སྐྱོང་བྱེད་རྒྱུ་ཡིན།

དེང་སྐབས་བོད་ཅེས་པ་འདི་རི་ལུང་མེ་ཤོར་བ་ལྟར་ཕྱོགས་ཡོངས་ནས་འཚིག་ཡོང་གི་ཡོད་པ་རེད། དཔེར་ན། སྐད་ཡིག་རིག་གནས། ཡ་རབས་གོམས་གཤིས། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས། ཁོར་ཡུག་སྲུང་སྐྱོབ་ལ་སོགས་པ་ཉམ་རྒུད་དུ་འགྲོ་བཞིན་ཡོད། དེས་ན་ནམ་ཞིག་སྟོབས་རྒྱལ་ལགས་ཀྱི་བུ་མོས་གནས་སྟངས་འདི་དག་གཟིགས་པ་ཡིན་ན། བློས་མི་བཟོད་པར་རང་ཡུལ་ཉམས་པ་སོར་ཆུད་པའི་ཆེད་དུ་སྤྱི་ཚོགས་ཞབས་ཕྱིའི་ལས་དོན་ལ་ཞུགས་སྲིད། ཡིན་ནའང་། སྐབས་དེར་མོ་ལ་འགོག་རྐྱེན་ཞིག་ཡིན་པ་དེ་ནི་བོད་སྐད་ཡག་པོ་བཤད་མི་ཐུབ་པ་དང་བོད་ཡིག་ཡག་པོ་ཀློག་མི་ཐུབ་པ་དེ་རེད། དེར་བརྟེན་མོས་རང་གི་ནུས་པ་ཆ་ཚང་བ་འདོན་ཐུབ་རྒྱུ་མ་རེད། བོད་རྒྱ་ཆེའི་མང་ཚོགས་ཀྱིས་བུ་མོ་དེའི་བོད་སྐད་ཙམ་ཡང་བཤད་ཤེས་ཀྱི་མི་འདུག་ཅེས་མོ་དང་ལེན་བྱེད་རྒྱུ་མ་རེད། སྐད་བསྒྱུར་བརྒྱུད་དེ་ངའི་ཕ་མ་གཉིས་བོད་པ་ཡིན། ང་རང་ཡུལ་ཡར་རྒྱས་གཏོང་བར་ཡོང་བ་ཡིན་ཞེས་བཤད་ནའང་བོད་མི་ཚོས་མོར་གུས་ཞབས་ལྡན་པའི་སྒོ་ནས་དང་ལེན་བྱེད་ཐུབ་རྒྱུ་མ་རེད། དེ་འདྲའི་གནས་སྟངས་ཤིག་འཕྲད་དུས་མོར་བློ་ཕམ་དང་ཡིད་ཆད་འབྱུང་གི་རེད། སེམས་ཤུགས་དང་རེ་བ་བརླག་གི་རེད། དེ་ལས་ལྡོག་སྟེ་སྟོབས་རྒྱལ་ལགས་ཀྱི་བུ་མོར་དེང་དུས་ཀྱི་ཡོན་ཏན་ཆ་ཚང་ལྡན་པའི་ཐོག་བོད་ཡིག་དང་བོད་སྐད་རང་རྐྱ་འཕེལ་བ་ཞིག་བྱས་ཏེ་བོད་ནང་དུ་ཡོང་བ་ཡིན་ན། བོད་རྒྱ་
ཆེའི་མི་མང་གིས་མོ་ལ་བསྟོད་སྔགས་བྱེད་ཀྱི་རེད་ལ་མོས་སྣེ་ཁྲིད་ཀྱི་ལས་དོན་ལ་རྗེས་འཇུག་བྱེད་ངེས། དེ་ནས་མོས་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་དོན་ཐད་ནུས་པ་ཆ་ཚང་འདོན་ཐུབ་གྱི་རེད། སྐབས་དེར་སྟོབས་རྒྱལ་ལགས་ཀྱང་རང་གི་བུ་མོར་སྤོབས་པ་སྐྱེ་བ་མ་ཟད་བློ་བདེ་བོའི་ངང་མི་ཚེ་སྐྱེལ་ཐུབ་གྱི་རེད།

ད་ལྟ་ཕྱི་སྡོད་བོད་མིའི་ཁྲོད་དུ་ཨ་རི་ནས་རབ་འབྱམས་པ་བཏོན་པ་རེད་ཟེར་བ་དང་ཡོ་རོབ་ནས་འབུམ་རམས་པ་བཏོན་པ་རེད་ཟེར་བའི་བོད་པའི་གཞོན་སྐྱེས་ཤེས་ཡོན་པ་མང་བོ་ཞིག་མཐོང་རྒྱུ་དང་ཐོས་རྒྱུ་འདུག་མོད།ཁོང་ཚོས་སྐད་ཆ་བཤད་ཡོང་དུས་བོད་མི་མང་བོ་བློ་འཚབ་སྐྱེ་གཞི་ཞིག་ཆགས་ཡོད་པ་རེད། ཁོང་ཚོའི་ཁྲོད་དུ་བོད་སྐད་ཡག་པོ་བཤད་མི་ཤེས་པའི་གྲངས་ཀ་ཧ་ཅང་མང་བོ་རེད། ཁ་ཤས་ཀྱིས་བོད་སྐད་རྩ་བ་ནས་བཤད་ཤེས་ཀྱི་ཡོད་པ་མ་རེད། ཁ་ཤས་ཀྱིས་སྦྲགས་སྐད་ར་མ་ལུག་ཅིག་བཤད་ཀྱི་ཡོད་པ་རེད། ཉེ་ཆར་གཞོན་སྐྱེས་ཤེས་ཡོན་པའི་ཚོགས་འདུ་ཟེར་བའི་བརྙན་ཐུང་ཞིག་དྲྭ་ཐོག་ཏུ་འགྲོ་བཞིན་པ་མཐོང་སོང་།  ཚོགས་འདིའི་སྟེང་དུ་ཚོགས་ཞུགས་པ་མང་ཤོས་ཀྱིས་དབྱིན་སྐད་བཤད་གྱིན་འདུག  ཁ་ཤས་ཀྱིས་སྦྲགས་སྐད་བཤད་ཀྱིན་འདུག བོད་སྐད་གཙང་མ་བཤད་མཁན་རེ་ཟུང་ལས་མི་འདུག བརྙན་ཐུང་ལ་དགའ་མོས་བྱེད་མཁན་དང་དགག་པ་རྒྱག་མཁན་གཉིས་བསྡུར་ན་བརྒྱ་ཆའི་དགུ་བཅུ་གོ་དགུའི་དགག་པ་རྒྱག་གི་འདུག ཚོགས་འདུའི་བརྗོད་གཞི་དང་འབྲེལ་བའི་ལེགས་ཉེས་ཀྱི་སྐད་ཆ་དང་བསམ་ཚུལ་གསུང་མཁན་ཉུང་ཉུང་རེད། བོད་སྐད་མ་བཤད་པ་ལ་སྐྱོན་བརྗོད་བྱེད་མཁན་དང་བློ་ཕམ་བྱེད་མཁན། སེམས་ཁྲལ་བྱེད་མཁན་ཧ་ཅང་མང་བོ་རེད། བོད་སྐད་བཤད་མ་ཤེས་ན་བོད་པའི་སྤྱི་ཚོགས་ནང་དུ་ནུས་པ་དང་ཤུགས་རྐྱེན་ཐོན་མི་ཐུབ་པས་མ་འོངས་པར་གཞོན་སྐྱེས་ཤེས་ཡོན་པ་ཚོས་བོད་སྐད་ཡིག་ལ་མཐོང་ཆེན་བྱས་ཏེ་དོ་སྣང་གནང་དགོས་པར་སེམས།

མཐའ་དོན་ཕྱི་རྒྱལ་དུ་ཡོད་པའི་བོད་ཕྲུག་ཚོས་རང་ཉིད་གནས་སའི་རྒྱལ་ཁབ་གྱི་སྐད་ཡིག་སྦྱོང་དགོས་པ་རེད་ལ། དེ་ཤེས་དགོས་པ་གལ་ཆེན་པོའང་རེད།  ཡིན་ནའང་། ཕྱི་རྒྱལ་ནས་སྦྱངས་པའི་ཤེས་བྱ་ཡོན་ཏན་དེ་རང་གི་ཕ་སྐད་ཐོག་ནས་འགྲེལ་རྒྱག་ཐུབ་པ་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད། ཁྲོ་ཆུའི་དོན་འགྲུབ་ནང་བཞིན་ཕ་མ་ཚོས་འགན་ཁུར་ཏེ་རང་གི་བུ་ཕྲུག་མ་ཁོག་ཏུ་ཡོད་དུས་ནས་བོད་སྐད་གཙང་མ་བཤད་པའི་གོམས་གཤིས་རྒྱུན་འཇགས་སུ་འགྲོ་བར་འབད་བརྩོན་བྱེད་དགོས། རང་ཉིད་ཀྱི་བུ་ཕྲུག་གི་སྐད་ཆ་བཤད་ཤེས་པ་དང་བོད་སྐད་རང་བཞིན་གྱིས་བཤད་ཡོང་བའི་ཁོར་ཡུག་ཅིག་བསྐྲུན་དགོས། སྐད་ཆ་འདི་དག་ནི་སྟོབས་རྒྱལ་ལགས་དང་ཁྲོ་ཆུའི་དོན་འགྲུབ་ལགས་གཉིས་ཀྱི་ཁ་བརྡར་ཉན་པའི་རྗེས་སུ། ལས་སྐྱིད་སྡུག་གཅིག་པའི་བོད་རིགས་རྣམས་ལ་རེ་འདུན་ཞུ་འདོད་བྱུང་། གཙོ་ཆེ་ཤོས་རང་ཁྱིམ་དེ་བོད་སྐད་ཁོ་ན་བཤད་སའི་ཁོར་ཡུག་ཅིག་ཏུ་བསྒྱུར་རྒྱུ་དེ་ཡིན་པར་སྙམ། བཀའ་དྲིན་ཆེ།།

གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གིས་སྤྱི་ལོ 2018 ལོའི་ཟླ 9 བའི་ཚེས་ 28 ཉིན། གཡག་རྒོད་བྱིས་སྒྲུང་གླིང་ནས་ཡིག་ཐོག་ཏུ་ཕབ་པའོ།

གསུང་བཤད།

Post navigation

Previous Post: བོད་ཆོལ་ཁ་གསུམ་ཆིག་སྒྲིལ་ཡོང་བའི་སྒོམ་ཁྲིད་སྲོང་བཙན་སྒམ་པོའི་སྙིང་ཏིག་འཐེན་འཁྱེར་ཀུན་འཇོམས་མ་བཞུགས་སོ།
Next Post: ཉིན་ཐོ་གློག་འཁྱུག་མ། 

Comments (5) on “བོད་ནང་གི་ཨ་ཕ་ཞིག་གི་ཁ་ཏ།  ”

  1. ཀརྡོ་གཉེར་ཕྱག་པ་ says:
    2018-10-08 at 10:48 am

    https://www.facebook.com/choneyisangpo/videos/pcb.2040465362682208/2040465049348906/?type=3&theater
    འདིར་གཟིགས་དང་། བོད་པས་ཀླ་གློའི་བྱ་་སྤྱོད་སྤེལ་བགྱིད་འདུག

  2. ཀརྡོ་གཉེར་ཕྱག་པ་ says:
    2018-10-08 at 11:40 am

    རྒན་འབྲུག་མོ་རྒྱལ་གྱིས།
    https://www.facebook.com/244569359406494/videos/349842872428449/UzpfSTI0NDU2OTM1OTQwNjQ5NDpWSzozNDk4NDI4NzI0Mjg0NDk/

  3. ཀརྡོ་གཉེར་ཕྱག་པ་ says:
    2018-10-08 at 2:09 pm

    བོད་རིགས་གླུ་པ་བསྟན་འཛིན་ཉི་མས།
    https://www.facebook.com/photo.php?fbid=1852431681536694&set=pcb.1852431871536675&type=3&theater

  4. ཀརྡོ་གཉེར་ཕྱག་པ་ says:
    2018-10-09 at 2:14 am

    བོད་ཀྱི་གླུ་བ་བཀྲ་ཤིས་ཉི་མ་དང་ཉི་མ་བཀྲ་ཤིས། འདི་གཉིས་ཕ་བུ་ཡིན་པ་འདྲ། གསལ་ཁ་མེད། གང་ལྟར། གཟི་བརྗིད་དུ་མཐོང་། མི་རིགས་ཤིག་ལ་མཚོན་ན། ཕྱོགས་ཐམས་ཅད་ནས་རང་རང་གི་ཁྱད་ཆོས་མངོན་གསལ་ཅན་ཡོད་པའི་མི་སྣ་མང་པོ་དགོས་པ་ཚང་མས་ཤེས།

    https://www.facebook.com/sherabdhargye/videos/1782886321824153/

  5. ྸAbharu Jigwang says:
    2018-10-14 at 1:50 pm

    ༄༅། དུས་ངན་སྙིགས་མའི་དུས་སུ། གོང་བླ་མར་གུས་བཀུར་མི་ཞུ།
    གཉེན་སྤུན་ཉེར་བརྩེ་སེསམ་མེད་པ། རང་རྒྱལ་ཁབ་ལར་ཞེན་མེད་པ།
    སྡང་གྲ་བོར་གཉེ་ཉེར་གཉེར་བ། འདི་བསམ་ན་སེམས་རེ་སྐྱོ་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme