Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་འཚོལ་སྟངས་ཤིག

Posted on 2011-06-11 By ཁ་བརྡ་ 2 Comments on བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་འཚོལ་སྟངས་ཤིག

ཕུན་ཚོགས།

བོད་དོན་འཐབ་རྩོད་ཀྱི་འཐུས་ཤོར་ཆེན་པོ་ཁག་གསུམ་དང་འབྲེལ་བའི་སྐད་ཆ།

བོད་དོན་འཐབ་རྩོད་ཟེར་བའི་མིང་ཚིག་འདི་ནི་སྐྱ་སེར་གཉིས་ཀྱི་རྣ་ལམ་ནས་དུས་ཚོད་སྐར་ཆ་གཅིག་ལ་བོར་མྱོང་མེད་པ་ལྟ་བུར་སྣང་ནའང་། འཐབ་རྩོད་ཀྱི་ལངས་ཕྱོགས་དང་འཐབ་རྩོད་འདི་ཉིད་མི་མཐུད་སྟོབས་ཤུགས་དང་རྣོ་ངར་ཅན་གྱི་ངོ་བོར་ཇིོ་ལྟར་འཕེལ་བའི་རིམ་པར་བསམ་བློ་གནད་ལ་ཁེལ་མཁན་གཏོང་མཁན་ནི་དཀའ་ཙམ་གདའ། ཉེ་རབས་ལོ་རྒྱུས་ལ་ཕྱིར་བལྟ་རགས་ཙམ་བྱས་ན། སྤྱི་ལོ་༡༩༣༣ལོར་བོད་ཀྱི་ལོ་རྒྱུས་ཁྲོད་གོད་ཆགས་ཀྱི་འཇིགས་པ་ཆེ་ཤོས་དང་། བོད་ཀྱི་རེ་བའི་ཕུ་ཐག་ཆད་པའི་གནས་སྟངས་སམ་བློ་འགྱོད་ཆེ་བ་ཞིག་བྱུང་བ་ནི་༧གོང་ས་བཅུ་གསུམ་པ་མཆོག་སྐུ་འདས་པའི་གནས་ཚུལ་དེ་ཡིན་མོད། ༧གོང་ས་བཅུ་གསུམ་པ་མཆོག་སྐུ་གྲོངས་པའི་རྗེས་ཏག་ཏག་གི་དུས་ཚོད་ནི་རྒྱལ་སྤྱིའི་ས་ཁུལ་ཡོངས་འགྱུར་བ་ཤུགས་ཆེར་འགྲོ་བཞིན་པའི་སྒང་ཡིན་སྟབས། འཛམ་གླིང་འཁྲུག་ཆེན་གཉིས་པའི་ཤུགས་རྐྱེན་ལ་བརྟེན་ནས་མི་རིགས་དང་ས་ཁུལ་མི་འདྲ་བ་མང་པོས་རང་བཙན་དང་སྲིད་དབང་བདག་བསྒྱུར། དེ་བཞིན་རང་དབང་དང་ཐོབ་ཐང་གི་ཁེ་དབང་ལོངས་སུ་སྤྱོད་ཐུབ་པར་གྱུར་བའི་གོ་སྐབས་ཡག་ཤོས་བྱུང་ཡོད། འོན་ཏེ་བོད་པ་རྣམས་ནི་དེ་ལས་ལྡོག་སྟེ་རྩིས་དཔོན་ལུང་ཤར་བའི་དོན་རྐྱེན་དང་། ཁྱུང་རམ་པའི་ཉེས་ཆད། དེ་བཞིན་རྭ་སྟག་གི་དབང་ཤུགས་འཐབ་རྩོད་ཀྱི་ནང་འཁྲུག་སོགས་ཀྱིས་མཚོན་པའི་ཡིད་སྐྱོ་བའི་གནས་བབ་བསྟུན་མར་བྱུང་བའི་ཁྲོད། རྨོངས་ཞེན་མཁྲེགས་འཛིན་གྱི་ལྟ་བར་ཡིད་འཐམས་ཏེ། རྒྱལ་སྤྱིའི་འགྱུར་ལྡོག་གི་ཤུགས་རྐྱེན་གྱིས་སྤྲད་པའི་ཁོར་ཡུག་ཡངས་པོ་དེ་ཡང་ཆབ་སྲིད་ངོས་འཛིན་གྱི་ལྟ་བ་ཆུང་ཆུང་ཞིག་གི་འོག་ཐག་རིང་དུ་དེད་ཅིང་རྒྱང་རིང་དུ་འཕངས་ཚར་ཡོད། འདི་ནི་བོད་ཀྱི་ཉེ་རབས་རྒྱུས་ལོ་ཁྲོད་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་རྒྱལ་སྤྱིོའི་ཁོར་ཡུག་དང་མཐུན་ཐབས་མ་བྱུང་པའི་ནོར་འཁྲུལ་རྫབ་ཆེ་ཤོས་ཡིན།
གཉིས་ནི་སྤྱི་ལོ་༡༩༥༩ལོར་༧གོང་ས་བཅུ་བཞི་བ་མཆོག་གི་དབུ་ཁྲིད་པའི་བོད་པ་བཙན་བྱོལ་བ་སྟོང་ཕྲག་མང་པོ་རྒྱ་གར་དུ་ཕེབས་རྗེས། ༧དམངས་གཙོའི་སྒྲིག་འཛུགས་སྲ་བརྟན་དུ་བཏང་ཞིང་། བོད་དོན་རྒྱལ་སྤྱིའི་སྡིངས་ཆའི་སྒང་ལ་བསྐྱེལ་བའི་ཕྱག་ལས་རླབས་པོ་ཆེ་གནང་དང་གནང་བཞིན་པའི་སྐབས་སུ། སྐབས་དེའི་བོད་ཀྱི་གནད་ཡོད་མི་སྣར་གྱུར་བའི་སྐུ་དྲག་འགའ་ཞིག་དང་དེ་འབྲེལ་གྱི་མི་སྣ་ཁ་ཤས་ལ་ཆབ་་སྲིད་ཀྱི་མིག་རྒྱ་དང་འཛམ་གླིང་ཀུན་དཔྱོད་ཀྱི་རིག་པ་ཆུང་དྲག་པ་དང་། སྐབས་དེའི་རྒྱ་ནག་གི་འགྱུར་བ་དང་རྒྱལ་སྤྱིའི་ཤུགས་རྐྱེན་བཅས་ངོས་མ་ཟིན་པའི་ཐོག དབང་གཞིས་ཁག་བར་བྱུང་བའི་སྔར་སྲོལ་གྱི་གླེང་རྙོག་སྟེ། རྭ་སྟག་གི་འཐབ་རྩོད་དང་ཆུ་སྒང་གསར་རྙིང་གི་རྙོག་དྲ་སོགས་རྒྱུད་མཐུད་ཀྱིས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཆབ་སྲིད་སྟོབས་ཤུགས་དུས་ཡུན་རིང་ཙམ་བར་ཁ་འཐོར་དུ་བཏང་ཞིང་། དུས་ཚོད་ངེས་ཅན་རིང་བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་སྟོབས་ཤུགས་༧གོང་ས་བཅུ་བཞི་བ་མཆོག་གི་ཐུགས་དགོངས་རླབས་པོ་ཆེའི་དགོངས་གཞིར་གོང་བུ་ཡུག་གཅིག་ཏུ་འཁྱིལ་ཐུབ་མེད། འདི་ནི་བོད་ཀྱི་གནས་བབ་དང་ལོ་རྒྱུས་ཀྱི་གོད་ཆག་ཁྲོད་གོང་བུ་གཅིག་ཏུ་དྲིལ་མི་ཐུབ་པའི་གཤིས་གྱང་མཁྲེགས་འཛིན་ཀྱི་འདུ་ཤེས་འདོར་ཐབས་མེད་པའི་བྱས་ཉེས་ཁོ་ན་ཡིན་ཞིང་། བྱས་ཉེས་འདིས་བོད་ཀྱི་ཆབ་སྲིད་འཐབ་རྩོད་ཐད་ཆིག་སྒྲིལ་གྱི་ནུས་པ་འདོན་མ་ཐུབ་པར་གཉན་འཕྲེང་གི་དུས་བབ་ངེས་ཅན་ཞིག་ཆུད་ཟོས་དང་འཐུས་ཤོར་ཏུ་བཏང་བའི་ནོང་འགྱོད་ཆེན་པོ་ཞིག་ཅི་ལ་མིན།
འདི་ལྟར་བཤད་ན་འགའ་ཞིག་གིས་བོད་པ་རྣམས་བཙན་བྱོལ་དུ་གྱེས་རྗེས་ཀྱི་ཕྱི་ལོར་རྡོར་རྗེ་གདན་དུ་༧གོང་ས་མཆོག་གི་མདུན་དུ་མནའ་གན་ཐུ་བོ་ཆེ་བཞག་པ་མ་ཡིན་ནམ་སོགས་ཟེར་ན། དེ་ནི་ལོ་རྒྱུས་ཀྱི་ཚིག་ཟིན་ལས་མཐོང་སྟངས་ཤིག་ལས་དོན་དངོས་སྤྱི་ཚོགས་ནང་མནའ་ཚིག་དོན་ཐོག་ལ་ཡོངས་སུ་འཁྱོལ་ཐུབ་མེད་པ་ཉེ་རབས་ལོ་རྒྱུས་ཁུངས་ཐུབ་དག་ལ་གསལ་ལོ།
གསུམ་ནི་སྤྱི་ལོ༡༩༨༩ལོར་རྒྱ་ནག་ཏུ་དྲུག་བཞིའི་སློབ་མའི་ལས་འགུལ་གཞི་རྒྱ་ཆེན་པོ་ལངས་པ་ནས། རྒྱ་ནག་མི་མང་ཁྲོད་རྒྱ་དམར་གཞུང་ལ་མོས་མཐུན་མེད་པའི་ལས་འགུལ་དང་། ངོ་རྒོལ། དེ་བཞིན་སྐྱོན་བརྗོད་བཅས་བྱེད་པའི་རྣམ་པ་ཤུགས་ཆེ་རུ་སོང་ཞིང་། རྣམ་པ་དེ་དང་བསྟུན་ནས་རྒྱ་རིགས་ཤེས་ཡོན་པ་དང་། སློབ་མ། ལས་བཟོ་བ། མི་མང་སོགས་ཀྱི་ཁྲོད་དམངས་གཙོ་དོན་གཉེར་གྱི་འདུན་པ་ཤུགས་ཆེ་རུ་སོང། ནང་སྒོས་སྤྱིོ་ལོ༡༩༩༩ཟླ་༧ཚེས་༢༢ཉིན་རྒྱ་དམར་གཞུང་གིས་རྩ་རླུང་ཆོས་འཁོར་སྒྲུབ་མཁན་སློབ་མ་ཡོངས་ལ་དྲག་གནོན་ཡ་ང་བ་་བྱས་པ་ནས་རྒྱ་རིགས་མི་གྲངས་དུང་ཕྱུར་བརྒལ་བས་རྒྱ་གཞུང་ལ་མོས་མཐུན་མེད་པའི་རྣམ་པ་ཕྱིར་མངོན་བྱེད་ཚུལ་ཛ་དྲག་ཏུ་ཕྱིན་ཡོད།
གནས་སྟངས་འདི་དག་ནི་བོད་ལ་མཚོན་ན་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་ཆེ་རུ་འགྲོ་བྱེད་ཅིག་དང་། བོད་ཀྱི་ཆབ་སྲིད་ལས་འགུལ་ལམ་ལྷོང་ཡོང་བའི་མཐུན་རྐྱེན་རྨ་མེད་པ་ཞིག་ཡིན་ངེས་མོད། ༧གོང་ས་མཆོག་གིས་རྒྱ་ནག་མི་རིགས་ལ་འབྲེལ་བ་དམ་ཟབ་འཛིན་དགོས་པའི་སྐོར་ཀྱི་ཐུགས་རེ་གནང་བར་ས་བཅད་མ་སྟོང་བ་ཙམ་ལས། འདས་པའི་མི་ལོ་འདི་དག་ནང་བོད་གཞུང་དང་ལས་སྣེ་མི་སྣ་ཁག་གིས་དོན་དངོས་སྤྱི་ཚོགས་ལ་ཟབ་ཞུགས་ཀྱི་ལས་འགུལ་ཤུགས་ཆེ་རུ་གཏོང་ཐུབ་པ་དང་། ལས་རིགས་དེར་མཛའ་འབྲེལ་ཐུབ་པའི་བྱེད་སྒོ་ཡིད་འགུལ་ཐེབས་པ་གང་ཡང་སྤེལ་ཐུབ་མེད། འདི་ནི་འབྲེལ་ཡོད་ལས་ཀྱི་སྣེ་མོ་བ་དག་གིས་བོད་རྒྱའི་གནད་དོན་ལ་ཟབ་ཞུགས་བྱེད་མ་ཐུབ་པ་དང་། རྒྱ་ནག་གི་གནས་བབ་སྤྱི་དང་རྒྱ་རིགས་སྤྱི་ཚོགས་ཀྱི་འཕོ་འགྱུར་ངོས་མ་ཟིན་པའི་བྱེད་ལྟོས་ཐབས་སྐྱོ་བོ་ཞིག་ཡིན།
གནད་དོན་འདིར་ཅུང་ཞིབ་ཙམ་བརྗོད་ན། སྤྱིར་བོད་དོན་འཐབ་རྩོད་ཀྱི་ལམ་བུ་ནི་སྔ་ས་ནས་དབུ་མའི་ལམ་དུ་ཕྱོགས་ཚར་ཡོད་པ་རྒྱུས་ཡོད་བཞིན། བོད་གཞུང་མང་གཉིས་ཀྱི་ཆབ་སྲིད་ཀྱི་མིག་རྒྱང་ཡང་དབུ་མའི་ལམ་ལས་བརྒལ་བ་གང་ཡང་ཡོང་གཞི་མེད་པས་ན། གོང་བརྗོད་རྒྱ་ནག་གི་གནས་བབ་འདི་དག་ནི་བོད་ཀྱི་འདས་མ་ད་གསུམ་གྱི་ཆབ་སྲིད་ལས་འགུལ་གྱི་སྟོབས་ཤུགས་མཛད་མཐའ་མེད་པ་དེ་ཡིན་པ་མ་ཟད། རྒྱ་ནག་དམངས་གཙོར་བསྒྱུར་བའི་ལམ་ཁ་གཡོལ་ཐབས་མེད་པ་དེ་ཡིན་ཙང་། གནས་བབ་དེ་ནི་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་གཙོ་བོ་དང་། བོད་དོན་ལམ་ལྷོང་ཡོང་པའི་རེ་བ་གཙོ་བོ་བཅོལ་ས་དེ་ཡིན་དགོས་ཤིང་། རྒྱ་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་བོད་དོན་འཐབ་རྩོད་ཀྱི་ངོ་བོ་ཁ་བྲལ་རིང་ལུགས་པ་ཡིན་ཚུལ་དང་། བོད་དོན་འཐབ་རྩོད་ཀྱི་དམིགས་ཡུལ་ཀྱང་རྒྱ་ནག་ཁ་འཐོར་དུ་བཟོ་རྒྱུ་དེ་ཡིན་ཚུལ་སོགས་ཀྱི་དྲིལ་བསྒྲགས་ཤུགས་ཆེར་བརྒྱུད། རྒྱ་ནག་མི་མང་རྣམས་བོད་དོན་ཐད་ལྟ་ཚུལ་འགྱུར་དུ་འཇུག་གིན་ཡོད་པ་དང་རྒྱབ་སྐྱོར་ཉུང་དུ་གཏོང་བའི་ཐབས་ཤེས་འཚོལ་ཀྱིན་པའི་དམིགས་ཡུལ་བཅས་ཀྱང་འབྲས་མེད་དུ་གཏོང་ཐུབ་པ་ཡིན་སྟབས། བོད་ཀྱི་རང་དབང་དམངས་གཙོའི་སྒྲིག་འཛུགས་དང་མི་མང་མཉམས་རུབ་ཀྱིས། གོང་བརྗོད་རྒྱ་གཞུང་ལ་ཁ་གཏད་གཅོག་གིན་པའི་ཚོགས་པ་དང་སྒྲིག་འཛུགས་ཁག་དང་མཉམ་འབྲེལ་བྱས་ཏེ། ཚོགས་པ་དེ་རིགས་ཀྱིས་སྲུང་བརྩི་དང་དུས་དྲན་བྱེད་ཀྱིན་པའི་མཛད་རིམ་བཅས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་དང་། སྐད་འབོད། དེ་བཞིན་རེ་སྐུལ་དང་དྲིལ་བསྒྲགས་བཅས་ཤུགས་ཆེ་རུ་གཏོང་ཐུབ་དགོས།
འདི་ལྟར་མུ་མཐུད་འགྲོ་ཐུབ་པ་ཡིན་ན། རྒྱ་རིགས་མི་གྲངས་དུང་ཕྱུར་གཉིས་ལྷག་གིས་རྒྱ་གཞུང་གི་བྱེད་སྤྱོད་ལ་ཁ་གཏད་དང་མོས་མཐུན་མེད་པའི་རྣམ་འགྱུར་སྟོན་གྱིན་ཡོད་སྟབས། མི་གྲངས་དེ་ཙམ་གྱི་བོད་དོན་ལ་ངེས་ལེན་དང་། བོད་དོན་ལ་རྒྱབ་སྐྱོར་བཅས་བྱེད་རྒྱུ་ཡིན་པ་གདོན་མི་ཟ་ཞིང་། ལྷ་རབ་བྱུང་ན་བོད་ཀྱི་སུམ་བཅུའི་དུས་དྲན་དང་བུ་མེད་སྒེར་ལངས། གསུམ་གཅིག་བཞིའི་དུས་དྲན་སོགས་བོད་ཀྱི་དུས་དྲན་ཁག་ཀྱང་ཁོ་ཚོས་སྲུང་བརྩི་མི་བྱེད་པའི་ངེས་པ་མེད་པ་མ་ཟད། དུས་དྲན་དེ་རིགས་བརྒྱུད་རྒྱ་རིགས་མི་མང་གི་སེམས་སུ་བོད་དོན་ཟེར་བ་ནི་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་དང་འཁྱོག་བརྗོད་བྱེད་ཀྱིན་པའི་གནས་བབ་དང་གཏན་ནས་མི་མཚུངས་པ་ཧ་གོ་ཡོང་ངེས་ལ། ངེས་ཤེས་དེ་རིགས་བརྒྱུད་བོད་ཀྱི་ཆབ་སྲིད་འཐབ་རྩོད་ཀྱི་ཁ་ཕྱོགས་དང་སྟོབས་ཤུགས་ཀྱང་དངོས་ཡོད་སྤྱི་ཚོགས་ཀྱིས་གསལ་ཁ་རབ་་ཏུ་ཕྱེས་ཡོང་ངེས།
འདི་ལྟར་གྱི་གོ་བ་དང་ངེས་ཤེས་རྙེད་ཐུབ་པ་ཡིན་ན། བཙན་བྱོལ་སྤྱི་ཚོགས་འདི་ཉིད་རྣམ་པ་གཞུང་དང་སྒྲིག་འཛུགས་གང་ཞིག་ལ་འཕེལ་གྱིན་ཡོད་ཀྱང་། གནད་དོན་གྱི་ཁ་ཕྱོགས་ས་གཙོ་བོ་ནི་རྒྱ་བོད་གཉིས་ཀྱི་གནད་དོན་དང་། རྒྱ་བོད་གཉིས་ཀྱི་འབྲེལ་ལམ། རྒྱ་བོད་གཉིས་ཀྱི་མ་འོངས་པའི་ལངས་ཕྱོགས་ཀྱི་ཁ་གཏད་ས་གང་ཞིག་འདེམས་མིན་ལ་རགས་ལས་ཕྱིར། མུ་མཐུད་ཆབ་སྲིད་ཀྱི་མིག་རྒྱ་ཆེ་ཙམ་ཕྱེས་ནས་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་དེ་རྒྱ་ནག་མི་མང་གི་སྟོབས་ཤུགས་དང་མཉམ་འབྲེལ་བྱ་ཐུབ་པ་ཞིག་བྱུང་ན། རྒྱ་བོད་གཉིས་ཀྱི་འབྲེལ་ལམ་ཟེར་བའང་བོད་རྒྱའི་གྲོས་མོལ་ཟེར་བའི་མིང་སྐམ་དོན་སྟོང་ཞིག་ལ་རེ་བ་ཆ་ཚང་བརྒྱབ་ནས་འདུག་མི་དགོས་པ་མ་ཟད། རྒྱ་ནག་ཤེས་ཡོན་པ་དང་རྩོམ་པ་པོ་དག་གི་གོ་བབ་ཁོ་ནར་རེ་ལྟོས་བྱེད་མི་དགོས་པའང་ཧ་གོ་ཡོང་ངེས།

སྣ་ཚོགས།

Post navigation

Previous Post: གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།
Next Post: གཉུག་མའི་རང་བྱུང་གི་སྟོན་པ་དང་བསྟན་པའི་གནས་ལུགས། །

Comments (2) on “བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་འཚོལ་སྟངས་ཤིག”

  1. རྔ་བ་ཚེ་སྐྱིད་ says:
    2011-06-11 at 4:47 am

    སྐུལ་འདེད་ནི། རེ་བ་འཆང་སྟངས་ཤིག་དང་འདྲའོ།། རེ་བ་ནི། རྨི་ལམ་ཞིག་དང་ཨ་ན་མ་ན་རེད། རྨི་ལམ་ནི། སྒྱུ་མའི་རྦ་རླབས་ཆེན་པོ་ཞིག་དང་མཚུངས་སོ།། དེ་ལས། ལག་ལེན་ནི། དོན་དངོས་འཚོལ་བྱེད་ཀྱི་ལྡེའུ་མིག་ཅིག་དང་གཅིག་པ་གཅིག་རྐྱང་རེད། དོན་དངོས་ནི། བསུབ་ཐབས་མེད་པའི་དཔེ་སྟོན་པ་ཆེན་པོ་ཞིག་དང་རང་རྣམ་རང་རེད། དཔེ་སྟོན་ནི། གསར་གཏོད་པ་ཞིག་གི་ཤུལ་རྗེས་བཞིན་ནོ།། དེས་ན། ང་ཚོ་སུ་ཡིན་རུང་། ད་ནི། མདུན་ལ་ཐོན་རན་པའི་དུས་ཚོད་གནད་འགག་ཅིག་རེད་ཡ། མ་ཟད། ཐོན་སྟངས་དེ་ཡང་། རང་ཚུགས་རང་རྟོན་ཡོད་པའི་ཐོག་ནས། རང་རྣམ་རང་སྲུང་གིས་ཐོག་ནས། རང་དབང་རང་རྩོད་ཀྱི་ཐོག་ནས། རང་ཉམས་རང་སྟོན་གྱི་ཐོག་ནས། མདུན་དུ་ཐོན་པ་དགོས་པ་ནི། ང་ཚོར་བབས་པའི་དུས་བབ་ཅིག་རེད་ལགས།

    སྤྱིར་ན། ངས་ཚིག་རིས་ཙམ་གཙོར་འདོན་ནམ་ཡིན་རུང་བྱེད་ཀིན་མེད་རུང་། མཛེས་མའི་མིང་ཅན་ཨ་མཆོག་ཚེ་རིང་སྐྱིད་ཀྱིས་ཟེར་ན། ངའི་མཆན་བུ་རྣམས་ཀྱི་ཚིག་རིས་སྙན་པོ་འདུག་ཟེར་གི་འདུག་ན། ཏག་ཏག་དེ་འདྲ་ཨེ་རེད་དམ། བཀུར་འོས་དྲ་གྲོགས་རྣམ་པ་ལགས།

  2. བརྩོན་རྒྱམ། says:
    2011-06-13 at 2:30 am

    གནད་དོན་འདིར་ཅུང་ཙམ་བརྗོད་ན།  མི་རིགས་ཞིག་གི་ལ་ཞེན་ཡོད་མཁན་ཞིག་ཡིན་ན་མི་རིགས་དེས་གནས་བབ་གང་འདྲ་ཞིག་ཏུ་སླེབ་ཡོད་མེད་སོགས་མ་བསྐུར་བཞིན་མིག་མདུན་དུ་མངོན། དེ་ལ་བསམ་ཞིག་བྱེད་དུས་དེའི་འདས་སོགས་ལ་ཕྱི་མིག་ཞིག་ལྟ་དགོས་པ་བརྗོད་མེད་རེད།  རང་ཉིད་ལ་རིན་ཐང་གི་ལྟ་ཚུལ་ཞིག་དང་བསམ་ཚུལ་ཞིག་ཡོད་པ་དངོས་ཡོད་ཡིན་པ་དང་།  དེ་ལྟ་བུའི་ལྟ་ཚུལ་ཡོད་ཆོག་པ་འདྲ་བོ་རེད་གང་ལྟར་བོད་མི་སུ་ཞིག་ཡིན་རུང་འདི་ལྟ་བུ་ལེགས་ཉེས་ཀྱི་བསམ་ཚུལ་གང་ཡང་མེད་པར་ལས་བྱེད་འགའ་ཞིག་གི་སྒྲུབ་ཡོང་རྒྱུ་ཞིག་དང་རང་བཞིན་ངང་བོད་དོན་བདེན་མཐའ་གསལ་ཡོང་བསམ་པར་སྨོན་ལམ་འདེབས་ནས་སྒུག་པ་ཡིན་ན་དེ་ལྟ་བུའི་གནས་སྟངས་ཞིག་ཡོང་རྒྱུ་མེད་པ་གསལ་པོ་རེད།  ང་ཚོ་བོད་མི་རིགས་འདི་ལ་དཔྱོད་ཤེས་ཡོད་མཁན་ཞིག་དང་ལྟ་ཚུལ་གསར་པ་ཡོད་མཁན་ཞིག་ཡིན་ན་དེ་ལ་རིན་ཐང་གང་ཡང་མེད་པར་དེ་ལྟ་ལོག་སོགས་ཀྱི་མིང་འདོག་འདྲ་མིན་བྱས་ནས་དེ་མགོ་འཇོག་མི་ཐུབ་པ་ལྟ་བུ་བྱེད་བཞིན་ཡོད་པ་དང་།  རང་ཉིད་ཀྱི་འཚོ་པ་མགོ་ཐོན་པ་ཙམ་བྱས་ནས་བསྡད་ན་དེ་འཇོན་པོ་ཡིན་པར་ལྟ་ཚུལ་འཛིན་པ་སོགས་དངོས་ཡོད་དེ་འདྲ་ཞིག་ཡོད་པ་རེད། ད་དེ་ལྟ་བུ་མ་ཡིན་པར་ངེས་པར་ང་ཚོ་སད་དགོས་པ་ཞིག་མ་ཡིན་ནས་གོང་གི་རྩོམ་ཡིག་དེའི་ངོ་མ་ང་ཚོས་བོད་མིའི་རྩ་དོན་སྒྲུབ་ཕྱོགས་སོགས་ཐད་དངོས་ཡོད་གནས་ཚུལ་འདྲ་བོ་ཞིག་རེད་ཡིན་ཡང་།  གཙོ་བོ་འདས་སོང་ཚར་ཚར་པ་རེད་མ་འོངས་ལམ་བསྟོད་དང་རྩ་དོན་སྒྲུབ་ཕྱོགས་ཀྱི་ཁ་ཕྱོགས་སོགས་བསྟན་དགོས་པ་རེད།  དེ་འདྲ་ཡིན་ན་ཁྱེད་ཀྱི་ལམ་བསྟོན་ལ་གནས་ལུགས་དང་རྒྱུ་མཚན་ཡོད་མེད་ལྟ་ཆོག་པ་ཞིག་རེད།  གང་ལྟར་འདི་ལྟ་བུས་བསམ་ཚུལ་བརྗོད་པ་དེ་རིན་ཐང་ཆེན་པོ་འདུག་ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme