Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་དུ་སྤྱི་སྤྱོད་རླངས་འཁོར་གྱི་འགྲུལ་བཞུད་།

Posted on 2010-07-202010-07-20 By ཁ་བརྡ་ 9 Comments on བོད་དུ་སྤྱི་སྤྱོད་རླངས་འཁོར་གྱི་འགྲུལ་བཞུད་།

བསྟན་འཛིན་བདེ་སྐྱིད།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་བསྒྱུར།

བོད་དུ་ངེད་རང་སྤྱི་སྤྱོད་རླངས་འཁོར་ནང་འགྲུལ་བཞུད་མང་པོ་བྱས་བ་ཡིན། ངའི་ཐོག་མའི་རླངས་འཁོར་གྱི་འགྲུལ་བཞུད་བྱེད་ས་ཨ་མདོ་མགོ་ལོག་དང་ཟི་ལིང་གི་བར་གྱི་ལམ་ཁ་དེ་རེད། དེ་རུ་བདེ་སྣང་མེད་པའི་ཉམས་མྱོང་ཞིག་བྱུང་། ང་ཚོའི་འགྲུལ་བསྐྱོད་ཀྱི་རླངས་འཁོར་དེ་ལམ་འགྲམ་གྱི་བོད་པའི་ཟ་ཁང་ཆུང་ཆུང་ཞིག་ཏུ་དུས་ཚོད་༡༡སྟེང་བཀག་བྱུང་། ས་ཆ་དེ་ནི་ཨ་རིའི་གློག་བརྙན་(High Noon)ཞེས་པའི་ནང་གི་ནུབ་གྱི་གྲོང་ཚོ་ཇི་བཞིན་ཐལ་རྡུལ་དང་ཞོན་རྟ། གཙང་དོད་མེད་པའི་སྐྱེས་པ་དང་བུད་མེད་རྒྱགས་པ། གཙང་སྦྲ་མེད་པའི་ཟ་ཁང་དང་སྦག་སྦག་བཅས་ཀྱི་ཁེངས་བ་ཞིག་འདུག ངེད་ཀྱི་འགྲུལ་གྲོགས་ཚོས་ཉིན་གུང་ཁ་ལག་གི་ཆེད་དུ་ཕྱི་དྲོར་ལམ་བར་དུ་རླངས་འཁོར་བཀག་གི་རེད་ཟེར། དེར་བརྟེན། ངེད་ཀྱིས་ཤིང་ཏོག་སིལ་དམར་འགའ་ཉོས་རྗེས་ཕྱིར་རང་གི་འདུག་སྟེགས་སུ་བསྡད། ཕྱི་དྲོ་སླེབས་སྟེ་དུས་ཚོད་ཡོལ་ན་ཡང་རླངས་འཁོར་གྱིས་ངལ་གསོ་བའི་བརྡ་རྟགས་ཅི་ཡང་བརྒྱབ་མ་སོང་། ངས་ཤིང་ཏོག་སིལ་དམར་དེ་ཚོ་ཟོས་ཤིང་ངལ་དུབ་ཀྱི་སྒོ་ནས་མཚན་མོ་འཕྱི་བོར་རླངས་འཁོར་ལས་མར་བབས། ཟི་ལིང་ངམ་རྒྱ་སྐད་དུ་ཤིས་ནན་དུ་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་མི་འདུག གྲོང་ཁྱེར་ཆུང་ཆུང་དེ་རི་ཚོགས་ཀྱིས་བསྐོར་ཅིང་དེ་ནི་པེ་ཅིང་གི་སྣང་བརྙན་ཆུང་ཆུང་ཞིག་བོད་ཀྱི་ས་ཐོག་ཏུ་སྤོར་བ་ལྟ་བུ་ཞིག་རེད་འདུག ། ཡིན་ན་ཡང་། ངེད་རང་ཟི་ལིང་དུ་སྡོད་རྒྱུ་མིན་པར་ངའི་འགྲུལ་བཞུད་ཀྱི་དམིགས་ས་དེ་ཨ་མདོ་བླ་བྲང་ཡིན། དེ་ནི་རླངས་འཁོར་དུ་བསྡད་ནས་ཐག་རིང་ཙམ་གྱི་ས་ན་འདུག

ཕྱི་ཉིན་ཞོགས་པ་སྔ་བོར་ང་ཚོ་ལམ་ལ་ཆས་བ་ཡིན། དུས་ཚོད་༦ཙམ་གྱི་ལམ་ཐག་ལ་དུས་ཚོད་༩ཙམ་འགོར་སོང་། རྒྱུ་མཚན། རླངས་འཁོར་ལ་ཆག་སྐྱོན་ཡང་ཡང་ཐེབས་པའི་དབང་གིས་རེད།
རླངས་འཁོར་ཁ་ལོ་བ་དང་སྤ་སེ་བསྡུ་མཁན་གཉིས་ཀ་བོད་རིགས་རེད་འདུག ཟི་ལིང་ནས་ཕར་བརྒལ་མཚམས་།
ཁོང་གཉིས་ཀྱིས་རླངས་འཁོར་བཀག་ནས་སྤ་སེ་མེད་པའི་འགྲུལ་བ་བཅུ་ཙམ་རླངས་འཁོར་ནང་འཛུལ་བཅུག་སོང་། འགྲུལ་བ་དེ་ཚོ་ཚང་མ་བོད་རིགས་རེད་འདུག རྗེས་སུ་ངས་འགྲུལ་བ་དེ་ཚོ་ཕལ་ཆེ་བ་བླ་བྲང་ནས་ཡིན་པ་ཤེས། ཁོང་ཚོ་རླངས་འཁོར་གྱི་འཁོར་སྟེགས་གི་སྟེང་ངམ་ཐང་ལ་བསྡད་སོང་།
ཡང་ནས་བསྐྱར་དུ། ང་ཚོའི་ཁ་ལོ་བས་རླངས་འཁོར་འགོག་ཅིང་འགྲུལ་བ་སྣོན་མ་རྣམས་རླངས་འཁོར་ལས་མར་བབས་སྟེ་རྒྱུགས་བཞིན་པའི་རླངས་འཁོར་གྱི་འཚང་ཁའི་ཁྲོད་དུ་འཚང་། དེ་ལྟར་བྱས་ན།
ང་ཚོའི་རླངས་འཁོར་དེ་འགྲིམ་འགྲུལ་བརྟག་དཔྱད་ས་ཚུགས་ནས་བརྒལ་ཐུབ་ཅིང་། ང་ཚོ་བདེ་བོའི་ངང་བརྟག་དཔྱད་ས་ཚུགས་ནས་ཐོན་རྗེས། རླངས་འཁོར་ལམ་འགྲམ་ཞིག་ཏུ་བཀག་སྟེ་འགྲུལ་བ་གཞན་པ་ཚོར་སྒུག་གི་འདུག རླངས་འཁོར་ཁ་ལོ་བ་དང་སྤ་སེ་ལེན་མཁན་གཉིས་ཀྱིས་ཟི་ལིང་དང་བླ་བྲང་གི་དབར་དུ་མི་ཚོང་རྒྱག་གི་འདུག འོན་ཀྱང་། དེ་ནི་ཆབ་སྲིད་ཀྱི་གནད་དོན་རེད་མི་འདུག ཐོག་མའི་ཆར། ངེད་ཀྱི་བསམ་ཚུལ་ལ་ཁོང་ཚོའི་བྱེད་སྟངས་དེ་བྱམས་པ་དང་སྙིང་རྗེའི་རྣམ་འགྱུར་རེད་བསམ་མོད། སྤ་སེ་བསྡུ་མཁན་གྱིས་འགྲུལ་བའི་ལག་ནས་སྒོར་མོ་བླངས་ནས་སྒོར་མོ་དེ་དག་ཟུར་དུ་གསོག་བཞིན་པ་ངས་མཐོང་བྱུང་། ཁོང་གིས་འགྲུལ་བ་ཚོའི་ལག་ནས་སྤ་སེའི་རིན་གོང་ལས་དམའ་བའི་སྒོར་མོའི་འབོར་ཞིག་ལེན་གྱི་ཡོད་དམ། ངས་ཁོང་གིས་དེ་ལྟར་བྱས་ན་བསམ་། སྤ་སེ་བསྡུ་མཁན་དེ་ལོ་ཆུང་ཞིག་ཡིན་པར་མ་ཟད་ཁོང་ནི་རླངས་འཁོར་བཟོ་བཅོས་བྱེད་མཁན་ལྟ་བུ་ཞིག་ཀྱང་རེད། གང་གིས་ཞེ་ན། ང་ཚོའི་འགྲུལ་བསྐྱོད་ཀྱི་རླངས་འཁོར་དེར་ཆག་སྐྱོན་ཡང་ཡང་ཤོར་གི་འདུག རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་དེ་དག་གིས་ཁོང་ལ་ཡང་ནས་ཡང་དུ། ང་ཚོ་དེ་རུ་ག་དུས་སླེབས་ཀྱི་རེད་དམ་ཞེས་དྲིས་སོང་། ཁོང་གིས་དེ་དག་ལ་རྣམ་འགྱུར་རྩུབ་མོ་ཞིག་སྟོན་པ་མ་ཟད་ཨ་ལན་ཐུང་ཐུང་ཞིག་ལས་སྤྲོད་ཀྱི་མི་འདུག གལ་སྲིད་བོད་རིགས་ཞིག་གིས་ཁོང་ལ་དྲི་བ་དེ་གཅིག་མཚུངས་སུ་དྲིས་ན། ཁོང་གིས་ཅུང་ཙམ་སྒོམ་པོའི་སྒོ་ནས་ལན་སྤྲད་ཀྱི་འདུག དེ་ཆབ་སྲིད་ཀྱི་དོན་དག་ཞིག་རེད་དམ། རྗེས་སུ་ཁོང་གིས་ང་བོད་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཞིག་ཡིན་པ་ཤེས་རྗེས། ཁོང་གིས་ང་ལ་ས་ཆ་དེ་དག་བསྟན་སོང། ང་ཚོ་ལྗང་མདོག་བསྣབས་པའི་རྩ་ས་དང་ཞིང་ཁ་མང་བའི་གྲོང་སྡེ་ཆུང་ཆུང་། ལྗང་མདོག་བྲལ་བའི་རི་ཚོགས་བཅས་ཀྱིས་བརྒྱན་པའི་རེབ་གོང་བརྒྱུད་ནས་ཕྱིན་པ་ཡིན། ངའི་སེམས་པ་སྤྲོ་སྣང་ཁྱད་པར་བ་ཞིག་གིས་མནན། རླངས་འཁོར་དུ་ཡོད་པའི་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་དག་གིས་རེབ་གོང་ནི་ཨ་མདོ་དགེ་འདུན་ཆོས་འཕེལ་གྱི་འཁྲུངས་ཡུལ་ཡིན་པ་མཁྱེན་གི་མེད་པ་མ་ཟད་དེ་ལ་དང་དོད་ཀྱང་བྱེད་ཀྱི་མ་རེད།

དང་དོན་ཡོད་རུང་དད་གུས་མེད། དོ་སྣང་ཡོད་རུང་བཀུར་བསྟི་མེད་། དགོན་པ་དག་ནི་འགྲེམས་སྟོན་ཁང་ལྟ་བུ་ཆགས་འདུག རྒྱ་རིགས་སྣེ་བཤན་པ་དེས་སྐད་མགོ་མཐོ་བོའི་སྒོ་ནས་འགྲེལ་བཤད་བསྐྱོན་ཅིང་དེས་དད་རྟེན་གྱི་བྱིན་རླབས་ཕྱུག་པའི་གནས་དེ་གལ་ཆུང་བར་བཏང་། དོན་དངོས་སུ་ཚད་མཐོའི་ཡུལ་སྐོར་སྤྲོ་འཆམ་ཞིག་ཡོད་དམ། བོད་མིའི་དད་རྟེན་བྱེད་སའི་ས་ཆ་ཁག་ཀྱང་རྒྱ་རིགས་ལས་བྱེད་པས་ཁེངས་མི་འདུག་གམ།

རྗེས་སུ་ངེད་རང་གནའ་བོའི་ས་མཚམས་ཀྱི་ཚོང་འབྲེལ་ལམ་གྱི་གྲོང་སྡེ་དར་རྩེ་མདོ་བརྒྱུད་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་ནས་ལི་ཐང་ལ་ཕྱིན་པ་ཡིན།
རླངས་འཁོར་ནང་གི་འགྲུལ་བ་ཚང་མ་རྒྱ་རིགས་རེད་འདུག ཁོང་ཚོ་ཕལ་ཆེ་བ་འབའ་ཐང་དུ་ལས་ཀ་བྱེད་དུ་འགྲོ་གི་ཡོད་པ་འདྲ། ངས་རྒྱ་སྐད་བཤད་ཀྱི་མེད་ཙང་ང་ནི་ཁོང་ཚོ་ལས་ལོགས་སུ་ཆགས་སོང་། རླངས་འཁོར་འབབ་ཚུགས་ཤིག་ཏུ་ངས་སྤྱི་སྤྱོད་གསང་སྤྱོད་ཕྱོགས་སྟོན་བྱེད་མཁན་གྱི་བོད་རིགས་བུད་མེད་ཞིག་ལ་ལི་ཐང་བར་དུ་ད་དུང་ཇི་ཙམ་བགྲོད་དགོས་མིན་ཐད་སྐད་ཆ་དྲིས་བ་ཡིན། ངེད་རང་ཕྱིར་རླངས་འཁོར་ནང་འཛུལ་དུས། འགྲུལ་བ་གཞན་པ་ཚོས་མཚར་སྣང་དང་དོགས་སྣང་འདྲེས་མའི་སྒོ་ནས་ང་ལ་ཅེར་བྱུང་། ང་ཚོ་ཁྲིན་ཏུའུ་ནས་ཁ་བྲལ་རྗེས་ལོ་ན་བཞི་བཅུ་སོན་ཙམ་གྱི་འགྲུལ་བ་ཞིག་གིས་སྟོད་གོས་ཕུད་ཅིང་རྔུལ་ནག་འཚེར་འཚེར་ངང་སོས་དལ་བའི་རྣམ་པའི་སྒོ་ནས་བསྡད་བྱུང་། ང་ཚོའི་རླངས་འཁོར་གྱིས་གཅིག་རྗེས་གཉིས་མཐུད་དུ་རི་རྣམས་བརྒལ་ཞིང་ཁོང་གིས་སྟོད་གོས་དེ་བསྐྱར་དུ་གྱོན་བྱུང་། ཁོང་གི་སི་ཁྲོན་སྐད་དེ་ངས་ཡག་པོ་ཞིག་གོ་བ་ལོན་གྱི་མི་འདུག རྒྱ་རིགས་འགྲུལ་བ་དེ་དག་གིས་རླངས་འཁོར་ལས་འབབ་སའི་ཡུལ་དེའི་སྐོར་ཅི་ཡང་ཤེས་ཀྱི་མི་འདུག་དོན་ཅི།

གཞན་མི་འདྲ་བའི་ཆ་མང་མོད་དེ་དག་རེ་རེ་ལ་ངས་བསྟུན་ཐབས་དཀའ། བོད་རིགས་རྣམས་འགྲུལ་བཞུད་བྱེད་དུས་། ཁོང་ཚོས་རླངས་འཁོར་གྱི་སྒེའུ་ཁུང་ཅུང་ཙམ་ཕྱེས་སྟེ་ཉི་འོད་དང་རླུང་བུ་སོ་སོའི་གདོང་ལ་ཕོགས་པར་བྱེད། རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཚོས་རླུང་བུ་དང་ཉི་འོད་ལ་གཡོལ་ཆེད་སོ་སོའི་སྟོད་གོས་ཀྱི་སྒྲོག་གུ་ཚང་མ་རྒྱག་པ་མ་ཟད་ད་དུང་རྒྱ་རིགས་བུད་མེད་རྣམས་ཀྱིས་རླངས་འཁོར་དུ་ཡང་ཉི་གདུགས་ཆུང་ཆུང་རེ་བཀར་ནས་སོ་སོའི་ངོ་གདོང་ནག་ནོག་མ་ཆགས་པ་བྱེད། བོད་ནི་ཉི་མ་ཚ་བོ་དང་རླུང་བུ་དྲག་ཏུ་ལྡང་བའི་ཡུལ་ཁམས་ཤིག་ཡིན། ངས་བསམ་པར་གལ་སྲིད་བོད་ཀྱི་རླུང་དང་ཉི་འོད་ཀྱིས་རྒྱ་རིགས་རྣམས་ལ་བསུན་སྣང་སྤྲོད་ཀྱི་ཡོད་ན། ཅིའི་ཕྱིར་ཁོང་ཚོ་བོད་ཀྱི་ས་ཐོག་ཏུ་ཡོང་གི་ཡོད་དམ། ཡིན་ན་ཡང་། གནད་དོན་ངོ་མ་དེ་ངས་གསལ་བོ་ཤེས་ཀྱི་ཡོད།

མ་རྩོམ་གྱི་འབྲེལ་ཐག་འདི་ན་ཡོད།
http://yuthoklane.blogspot.com/2010/05/bus-rides-in-tibet_28.html

འགྱུར་རྩོམ།

Post navigation

Previous Post: ངས་དེབ་སྐྱེལ་བྱས་ཚར་ཡིན། ཁྱེད་ཀྱིས་བྱས་ཡོད་དམ།
Next Post: འཛམ་གླིང་གི་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ།

Comments (9) on “བོད་དུ་སྤྱི་སྤྱོད་རླངས་འཁོར་གྱི་འགྲུལ་བཞུད་།”

  1. མགོན་པོ་ཕྱག་གཉིས་པ། says:
    2010-07-20 at 1:44 pm

    དེ་ངོ་མ་རེད། དབྱར་ཁ། འགྲུལ་འཁོར་ནང་ཕ་ཡུལ་ལ་འགྲོ་སྐབས། བོད་མི་རྣམས་སྒེའུ་ཁུང་ཕྱེས་ནས་མཐོ་སྒང་གི་མཁའ་རླུང་གསར་བ་རྔུབ་པར་སྤྲོ། རྒྱ་མི་རྣམས་དེ་ལྟར་མིན་པར་སྒེའུ་ཁུང་བརྒྱབ་ནས་འགྲོ་བར་དགའ། མཚམས་རེར། སྒེའུ་ཁུང་ཕྱེ་བ་དང་རྒྱག་པའི་སྐོར་ལ་རྩོད་པ་བྱུང་ནས་རྒྱུག་རེས་ཤོར་གྲབས་བྱེད་པ་དེ་འདྲ་ཡང་ཡང་མཐོང་།
    གཞན་རྙོག་དྲ་ཞིག་ནི། བོད་མི་རྣམས་འགོ་བའི་ལྷ་ལྔ་འཁོར་སའི་མགོ་ཐི་དེ་གལ་ཆེ་ཤོས་དང་གཙང་ཤོས་ཡིན་པས། རྒྱ་མི་ཚོས་ཅ་ལག་རྫོབ་རོ་ཆེན་པོ་ཞིག་ཁྱེར་ཡོང་ནས་མགོ་ཐོག་གི་ཅ་ལག་འཇོག་སར་བཞག་ན། བོད་མི་ཚོ་རྣམ་རྟོག་ཟོས་ནས་རྒྱག་རེས་ཤོར་གྲབས་ཤོར་གྲབས་བྱེད། ཐེངས་གཅིག འབྲོག་པ་ཞིག་སྒེའུ་ཁུང་འཁྲིས་སུ་བསྡད་འདུག རྒྱ་མི་ཞིག་གིས་ཅ་ལག་ཅིག་ཁྱེར་ཡོང་ནས་སྒང་གི་ཅ་ལག་འཇོག་སར་བཞག་པ་དང་། འབྲོག་པ་དེ་ཁ་སྤོ་ཁ་ནས་ལངས། ཞེ་སྤོ་གཏིང་ནས་ལངས་ཏེ། ་་རྒྱ་བཙོག ཁྱོའི་ཅ་ལག ངའི་མགོར་ཆི་ཟིག་ག་ཧུད་ (ཕུད)ནི ་་ ཟེར་ནས་ཡར་ལངས་ཏེ་གྲི་བཏོན་སོང་། ངས་ལམ་སང་བར་བྱོལ་བ་ཡིན། འབྲོག་པ་དེ་ལ། འདི་ཅ་ལག་འཇོག་ས་རེད། ཟེར་ནས་མི་མང་པོ་མཉམ་འགྲོ་ན་ཕན་ཚུན་བསྟུན་ཤེས་བྱེད་དགོས་ཚུལ་གྱི་འགྲེལ་བཤད་ཅིག་ཀྱང་བྱས་མཐར། ཁོང་མར་བསྡད་སོང་། རྒྱ་མི་དེ་ཧང་འདྲ་ཞིག་སང་ནས་བསྡད་འདུག བོད་མི་འདི་འདྲ། གཏུམ་པོ་དང་བཙན་དབང་ཅན། ཅ་ལག་འཇོག་ས་ཅ་ལག་འཇོག་མ་ཆོག་པ་དེ་འདྲ་བསམ་གི་མེད་འགྲོ།
    གཞན་པ་རྒྱ་མི་ཚོ་ཆེས་མི་དགའ་ས་ཞིག་ནི། འབྲོག་པ་རྫབ་རྒན། རྩག་རྒན་སྣུམ་གྱིས་ཟིན་པ་དེ་འདྲས་འཚང་ཁ་རྒྱབ་ཡོང་སྟེ་མི་གཉིས་ཀྱི་རྐུབ་བཀྱག་གཅིག་གིས་བཀང་ནས། ད་རུང་འབྲོག་པ་ཆེ་ནི་མ་རེད། རྩག་པ་ཆེ་ནི་རེད། ཟེར་ནས་མར་བསྡད་པ་ཡིན་ན་རྒྱ་མོ་ཚོ་ཕར་འབྲོ་དགོས་ཐུག་་གི་རེད། ད་རུང་ཨ་ཆེ་རྒྱ་མོ་ཟེར་ནས་རྒྱ་མོ་ཚོར་ཁ་འཐེན་ཁུལ་བྱས་ན་རྒྱ་མོ་ཚོ་ཁོང་ཁྲོ་ལངས་ནས་འབར་འགྲོ་གི་རེད།
    ངེད་ཚོ་ལ་མཚོན་ནའང་། གྲོང་ཁྱེར་ནས་ཕ་ཡུལ་ལ་གུང་སེང་ལོག་ཡོང་སྐབས། གོན་པ་གཙང་རིལ་རིལ་བྱས་ནས་ཡོང་གི་ཡོད་པའི་ཁུལ་རེད། འབྲོག་རྒན་སྣུམ་ཟིན་ཞིག་ཡོང་ནས་བཙིར་བཙིར་ནས་བསྡད་པ་ཡིན་ན་བདེ་བོ་ཞེ་དྲག་མེད་ད། ་་ཨ་ཧ་ཨ་ཧ། ཁྱོའི་རྒྱ་ལྭ་བརྫད་དང་ད། རོགས་བཞེས་་ ཟེར་ན། ཁོག་ཏུ་འཁྲུགས་གི་ཡོད་ནའང་། ཁ་རུ་ ་་དྲག་གི དྲག་གི་་ ཟེར་ཁུལ་བྱས་ནས་སོང་།

  2. ཀླུ་སྨྱོན། says:
    2010-07-20 at 1:44 pm

    དངོས་བྲིས་རྩོམ་ཡིག་འདི་འདྲ་ཞིག་བསྟན་བདེས་བྲིས་ཤིང་དོན་བཀྲས་བསྒྱུར་པར་ཐུགས་རྗེ་ཆེ་ཞུ། དེང་སྐབས་ང་ལ་ཅིག་འགྲིག་གི་མི་འདུག རྒྱུ་མཚན་ནི་བོད་པ་ཞིག་གིས་དངོས་བྲིས་རྩོམ་ཡིག་ཅིག་བོད་ཡིག་ཏུ་ཐད་ཀར་བྲིས་པ་ཡིན་ན་དེ་ཙམ་གྱི་བྲོ་བ་མི་འདུག དེ་ལས་དང་པོར་དབྱིན་ཡིག་གམ་རྒྱ་ཡིག་ཏུ་བྲིས། དེ་ནས་སྒྱུར་མཁས་པ་ཞིག་གིས་བོད་ཡིག་ཏུ་བསྒྱུར་པ་ཡིན་ན་དེར་བྲོ་བ་ཅུང་མ་འདྲ་བ་ཞིག་མྱོང་རྒྱུ་འདུག གཅིག་བྱས་ན་ཡིག་རིགས་གཞན་པའི་ནང་དུ་འབྲི་མཁན་ཚོར་འབྲི་རྩལ་ཡག་པོ་ཡོད་པས་ཀྱང་ཡིན་སྲིད། རབ་གསལ་ལགས་དང་ཨ་ཁུ་པད་མ་འབུམ་ལགས་གཉིས་བོད་ཡིག་གིས་དངོས་བྲིས་རྩོམ་ཡིག་འབྲི་བར་གོམས་ཆ་འདུག གཞན་དེ་ཙམ་མཁས་ཁྱད་ཐོན་པའི་བོད་ཡིག་དངོས་བྲིས་རྩོམ་ཡིག་འབྲི་མཁན་ཞིག་ཕྱི་སྡོད་བོད་པའི་ཁྲོད་དུ་མཐོང་མ་སོང་། གོང་གི་བསྟན་བདེ་འདི་བོད་ཡིག་ལ་བར་སྟོང་དགོས་པར་འདོད་པའི་བསྟན་བདེ་ལགས་ཨེ་རེད།

  3. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-07-20 at 2:10 pm

    ཀླུ་སྨྱོན་ལགས།
    རྩོམ་འདི་དབྱིན་ཡིག་ཏུ་འབྲི་མཁན་དེ་། བོད་ཡིག་ལ་བར་སྟོང་འཇོག་དགོས་བའི་བསམ་ཚུལ་འདོན་མཁན་བསྟན་འཛིན་བདེ་སྐྱིད་ལགས་རེད།

  4. ཀླུ་སྨྱོན། says:
    2010-07-20 at 4:36 pm

    རིག་འབྱུང་བས་སྐབས་ཐོག་ལན་གནང་བར་ཐུགས་རྗེ་ཆེ་ཞུ། སྡོམ་པ་ཚེ་རིང་དབང་མོར་ཡང་ཕ་ཡུལ་དུ་ཕྱིན་པའི་སྐབས་ཀྱི་ཟིན་ཐོ་གང་མང་ཞིག་ཡོད་རབས་འདུག་པས། དབྱིན་ཡིག་ནས་བསྒྱུར་ན་འགྲིག་པ་དེ་འདྲ་རེ་ཡོད་ན་ད་དུང་ཐུགས་ལ་འཛིན་རོགས།

  5. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-07-20 at 5:24 pm

    སྡོམ་པ་ཚེ་རིང་དབང་མོ་ཕ་ཡུལ་དུ་ཁྱོན་བསྡོམས་ཐེངས་དྲུག་ཙམ་ཕྱིན་འདུག
    ཟིན་ཐོ་མང་པོ་འདུག ཉེ་ཆར་ཕ་ཡུལ་སྐོར་གྱི་དེབ་ཞིག་ཀྱང་བྲིས་ཚར་ནས་ཨ་རིའི་ནང་གི་དཔེ་བསྐྲུན་ཁང་ཞིག་ལ་བསྐྱལ་འདུག
    དེབ་ཀྱི་མིང་ལ་(The Imagined Country)རེད།

  6. མདོ་ལྷ་ཁམས་པ། says:
    2010-07-20 at 7:34 pm

    སྔོན་ཆད།
    རྒྱ་མི་བོད་མི་གཉིས་འགྲུལ་འཁོར་ནང་རྩད་ཤོར་པ་མིག་གིས་མཐོང་རྒྱུ་ཡོད་པ་རྒྱུན་ལྡན་ལྟ་བུ་རེད།
    ཕལ་ཆེར་སྤྱི་ལོ་ ༡༩༩༠ ལོར་ཡས་མས་སུ།
    མཚམས་རེར་རྒྱ་མིར་ཁེག་མེད་པ་འདྲ་བོ། སྐབས་རེར་བོད་མིར་ཁེག་མེད་པ་འདྲ་བོ། ཡང་མཚམས་རེར་རྐུབ་སྟེགས་བརྩད་ནས་རྩོད་རྒྱག་པ་འདྲ་བོ། སྐབས་རེར་འཁོར་གླ་ཆ་བརྩད་ནས་རྩོད་རྒྱག་པ་འདྲ་བོ།
    མཚམས་མཚམས་ལ་སྒེའུ་ཁུང་རྩོད་པ། སྐབས་སྐབས་ལ་འདུག་ས་རྩོད་པ། རྒྱ་མོས་ཨ་ཁུ་འབྲོག་པར་ཚིལ་དྲི་ཁ་གི་ཟེར་བ་འདྲ་བོ་། འབྲོག་པས་རྒྱ་མོར་རྒྱ་དྲི་ཁ་གི་ཟེར་བ་འདྲ་བོ་གང་ལྟར་། བོད་རྒྱ་མི་རིགས་་གཉིས།

  7. ཀརྡོ་རབ་འབྱམས་པ་ says:
    2010-07-21 at 6:36 am

    ཀོང་ར་ངག་དབང་བསྟན་འཛིན་གྱིས་བརྩམས་པའི་དེབ་ཆུང་དངོས་བྱུང་ལོ་རྒྱུས་”བློ་ཡུལ་ནང་འགྲིམ་འགྲུལ་”ཞེས་པ་བོད་ཡིག་ཏུ་བྲིས་པ་འདི་དྲྭ་གྲོགས་རྣམས་པས་ཚར་གཅིག་ངེས་པར་དུ་བཀླགས་ན་ཕན་ངེས་འདུག དགོངས་འཇགས་འཚལ།
    goodthinkmessage@yahoo.co,2003.Published by Tenzin House,SOUTH INDIA.

  8. བློ་བཟང་། says:
    2010-07-21 at 11:06 am

    མུ་མཐུད་བསྒྱུར་རོགས་གནང་ཐུགས་རྗེ་ཆེ།

  9. jamgyal says:
    2010-07-21 at 2:18 pm

    དངོས་གནས་སྙན་པོ་བྱུང་། རྩོམ་པོ་དང་ སྒྱུར་པོ་ མཆན་པོ་ ཚང་མར་ ཐུགས་རྗེ་ཆེ་ ཞེས ཞུ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme