Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་དང་བོད་ཀྱི་གྲོགས་པོ་ཡོངས་ལ་ཕུལ་བའི་སེམས་ཀྱི་སྙན་སྒྲོན།

Posted on 2014-07-242014-07-24 By ཁ་བརྡ་ 15 Comments on བོད་དང་བོད་ཀྱི་གྲོགས་པོ་ཡོངས་ལ་ཕུལ་བའི་སེམས་ཀྱི་སྙན་སྒྲོན།

འཛམ་གླིང་བོད་མིའི་བདེན་དོན་དང་བླངས་ལས་འགུལ་ནས།
 

འཛམ་གླིང་བོད་མིའི་བདེན་དོན་དང་བླངས་ལས་འགུལ།
Global Tibetan Volunteers For The Truth

༄༅།།འཛམ་གླིང་མཐའ་དབུས་ཕྱོགས་མེད་དུ་བཞུགས་པའི་བོད་རིགས་སྤུན་ཟླ་སྤྱི་དང་། ཁྱད་པར་ཆོས་བརྒྱུད་གྲུབ་མཐའ་རིས་སུ་མ་མཆིས་པའི་བླ་སྤྲུལ་མཁན་པོ་དང་། དགེ་བཤེས། ཚོགས་པ་སྐྱིད་སྡུག་ཁག་གི་དབུ་འཛིན། ཞིབ་འཇུག་པ་དང་ཆེད་ལས་སྣ་ཚོགས་སུ་ཞུགས་པའི་སྐྱ་སེར་ཕོ་མོ་རྒན་གཞོན་མཐའ་དག་གི་སྙན་ལམ་དུ།

དེང་སྐབས་འཛམ་གླིང་ས་ཆེན་པོ་འདིའི་སྟེང་དུ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་མཛད་འཕྲིན་མཁའ་དང་མཉམ་ཞིང་། ཕྱོགས་བཞིའི་ཆེ་རྒུ་མཐའ་དག་གིས་མ་གྲོས་གཅིག་ཏུ་བཀུར་བའི་མཛད་པ་བཟང་པོ་མཐའ་མེད་དུ་རྒྱས་བཞིན་པའི་སྐབས་འདིར། བོད་མི་རིགས་ཀྱི་མངོན་འདོད་དང་དགའ་ཕྱོགས། དད་མོས། དམིགས་འདུན་དང་བཅས་པའི་ལྡོག་ཕྱོགས་སུ་རྦད་ཀྱིས་ལངས་པའི་དོལ་རྒྱལ་ཚོགས་པའི་བོད་མི་སྐོར་ཞིག་དང་། རྒྱུ་རྐྱེན་ཅི་རིགས་ཀྱིས་བོད་མིའི་ལྡོག་ཟླར་ལངས་པའི་ཕྱི་རྒྱལ་པ་རེ་འགའ་བཅས་ཀྱིས་༸གོང་ས་ཐམས་ཅད་མཁྱེན་པ་གར་ཕེབས་ཀྱི་ཡུལ་དུ་ཆོས་དད་རང་མོས་ཁ་ལ་འཁྱེར་ཏེ། འཇིག་རྟེན་འདིར་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་གི་མཚན་མཐོང་དང་། བདེན་པའི་འཐབ་རྩོད་ཀྱི་ནུས་པ་གཅོག་ཐབས་སུ་མངོན་གསལ་དུ་རྫུན་སྒྲོག་སྐད་འབོད་དང་། གཞིས་བྱེས་བོད་མིས་མང་བཀུར་ཆོས་ཀྱི་རྗེ་བོར་མ་བསྐུལ་གཙུག་ཏུ་བླངས་ཤིང་། འཛམ་གླིང་འདིར་བོད་མིའི་སྐྱིད་སྡུག་གི་རེ་བ་བཅོལ་ཡུལ་ཉག་གཅིག་དང་། དཔྲལ་བའི་མིག་དང་ཁོག་པའི་སྙིང་ལས་ཀྱང་གཅེས་པའི་འདི་ཕྱིའི་སྐྱབས་གནས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་སུའང་བོད་མི་རིགས་ཀྱི་ཚབ་མཚོན་དུ་གོང་བཀུར་གྱིས་གཏན་འབེབས་གནང་ཡོད་པའི་༸གོང་ས་ཐམས་ཅད་མཁྱེན་པའི་མཛད་འཕྲིན་ལ་བར་ཆད་བཟོ་བཞིན་པས་མ་ཟད། ཨ་རི་དང་རྒྱ་གར་གསང་ལས་ཀྱིས་སྔོན་བརྡ་བཏང་བ་ལྟར་༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་སྲོག་ལ་ཡང་བར་ཆད་ཀྱི་སྦྱོར་བ་རྩོམ་བཞིན་པ་ལགས་ན། བདག་ཅག་བོད་མི་བསམ་ཡོད་སུས་ཀྱང་འདི་ལྟ་བུའི་ཉེན་ཚབ་ལ་འགན་བཟོད་དཀའ་བ་སྨོས་མ་དགོས་ཏེ།
གཞིས་ལུས་རྒྱ་ཆེའི་མི་མང་ནས་༸གོང་ས་ཐམས་ཅད་མཁྱེན་པའི་བཀའ་སློབ་སྙིང་བཅངས་ཀྱིས་ཐོག་མཐའ་བར་གསུམ་དུ་ལངས་ཕྱོགས་བརྟན་བཟུང་དང་། སྲོག་བསྡོས་ཀྱིས་ཆོས་རིག་གོང་འཕེལ་ལ་བརྩོན་པ་བླ་ལྷག་ཏུ་བྱེད་བཞིན་པ་མ་ཟད། ལྷག་པར་དུ་ཉེ་བའི་ལོ་འདི་འགའི་རིང་༸གོང་ས་ཐམས་ཅད་མཁྱེན་པ་བོད་དུ་ཕེབས་སུ་འཇུག་དགོས་པའི་འབོད་སྒྲ་དང་ལྷན་དུ་བོད་མི་བརྒྱ་དང་སུམ་ཅུ་ལྷག་གིས་གཞན་གནོད་སྤངས་པས་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་བ་མཁྱེན་གསལ་དང་། བཙན་བྱོལ་ཁྲོད་དུ་དེ་བས་ཀྱང་སྨོས་མ་དགོས་པར་གཞན་ཡུལ་འགྲིམས་པའི་ཉི་མ་དང་པོ་ནས་བོད་མི་ཡོད་དོ་ཅོག་༸གོང་ས་སྐྱབས་མགོན་ཆེན་པོས་ཕ་མས་བུ་ཕྲུག་གཉོར་བ་ལྟར་ཆོས་སྲིད་ཀྱི་བཀའ་དྲིན་ཁོ་ནས་འོག་འཚོ་བཞིན་པ་དང་། དེང་གི་དུས་ན་བོད་མི་རིགས་ཀྱི་བདེན་པ་མངོན་སྒྲོག་དང་། ཆོས་རིག་གི་རིན་ཐང་མངོན་པར་བསྟོད་པའི་བྱེད་པོ་ཉག་གཅིག་དེ་ཁོང་ལས་གཞན་མ་མཆིས་པས། ཤ་ཁྲག་རུས་གསུམ་དང་ཆོས་རིག་ལོ་རྒྱུས་ཀྱིས་སྦྲེལ་བའི་བོད་མི་རིགས་དང་༸གོང་ས་ཏཱ་ལའི་བླ་མའི་འབྲེལ་བ་ནི་འཇིག་རྟེན་འདིར་ཚབ་མཚོན་གཞན་མེད་པ་ཞིག་སྟེ། དད་སེམས་དང་། བརྩེ་བ། ཡིད་ཆེས། ལོ་རྒྱུས། རྗེ་འབངས་སོགས་གཞི་གཅིག་ཏུ་སྤུངས་ཤིང་། འཇིགས་སྐུལ་དང་གཡོ་ཐབས་གང་འདྲ་ཞིག་གིས་ཀྱང་གཞིག་ཐབས་བྲལ་བའི་འབྲེལ་བ་བརྟན་པོ་ཞིག་ཡིན་པ་ནི་ཉེ་བའི་ལོ་རྒྱུས་ཀྱིས་གསལ་སྟོན་བྱས་ཡོད།

ཡིན་ན་ཡང་བོད་མི་རེ་འགའ་སྙིང་ལ་གདོན་ཞུགས་པ་ལྟར་ཁོང་གི་འདི་ཕྱིའི་ལམ་སྟོན་ལ་གུས་བརྩི་ཉན་འཇོག་ལྟ་ཞོག ད་དུང་ཡང་གནང་བ་ཞིག་མ་གནང་བ་དང་། མ་མཛད་པ་ཞིག་མཛད་སོང་བའི་སྒྲོ་སྐུར་ཆེས་ཆེར་བྱས་ཏེ་བོད་མི་རིགས་ཀྱི་གཟི་བརྗིད་དང་། ཚབ་མཚོན་ཉག་གཅིག་དེ་དམིགས་སུ་བཟུང་བའི་གདུག་རྩུབ་ཀྱི་བྱ་སྤྱོད་འདི་ནི། གཞིས་བྱེས་བོད་མི་མང་གི་དད་འདུན་དང་། བརྩེ་སེམས། རེ་བ། ཡིད་ཆེས། ལོ་རྒྱུས་དང་བཅས་ལ་བསམ་བཞིན་དུ་རྨ་ཁ་བཟོས་པ་ཡིན་པས། ད་ནས་༸རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་གར་ཡོད་ཀྱི་བོད་ཀྱི་སྒྲིག་འཛུགས་དང་། དགོན་སྡེ། ཆོས་ཚོགས། མཁན་བླ་དགེ་བཤེས་སོགས་སྤྱི་ཚོགས་ཀྱི་གནད་ཡོད་ཡོངས་རྫོགས་ཀྱི་རང་འགན་དང་དུ་བླངས་ནས་༸རྒྱལ་པའི་སྐུ་ཕྱྭར་སྲུང་སྐྱོབས་དང་འབྲེལ། བོད་མི་རིགས་ཀྱི་ཕུགས་འདུན་རྡོག་པས་བརྫི་བའི་བསམ་སྦྱོར་ངན་པ་སྟེ། ལོ་རྒྱུས་རྫུན་སྒྲིག་དང་། དངོས་ཡོད་འཁྱོག་བརྗོད། གཞི་མེད་སྐུར་འདེབས་སོགས་དོལ་ཚོགས་ཀྱིས་བོད་མི་རིགས་ལ་གནག་པའི་བྱ་སྤྱོད་མཐའ་དག་ལ་གདོང་ལེན་གྱི་བྱ་འགུལ་རྩོམ་པར་རེ་སྐུལ་ཞུ་རྒྱུ་དང་། འདས་པའི་ལོ་རྒྱུས་ནང་ཁོ་ཚོས་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་རིམ་པར་བསླངས་པ་མ་ཟད། དེང་གི་དུས་ན་ཡང་དངོས་ཡོད་ལ་སྒྲོ་སྐུར་བྱས་ཏེ་རང་གཞན་གཉིས་མེད་ཀྱི་བྱ་སྤྱོད་སྣ་ཚོགས་རྩོམ་བཞིན་པ་འདི་དག་གི་ཤུགས་རྐྱེན་ལ་ཚོད་འཛིན་ནན་མོ་ཡོང་བར་བོད་མི་ཚང་མས་ཕྱར་བ་གྲུ་འདེགས་གནང་བར་ཞུ།

སྔར་༸གོང་ས་ཐམས་ཅད་མཁྱེན་པས་འདས་པའི་བོད་ཀྱི་ལོ་རྒྱུས་ཁྲོད་བྱུང་བའི་དོན་རྐྱེན་དངོས་ཏེ། དོལ་རྒྱལ་བསྟེན་གསོལ་གྱི་བྱ་སྤྱོད་ལས་བྱུང་བའི་གྲུབ་མཐའི་བར་གྱི་ཆགས་སྡང་འཁོན་རྩོད་དང་། རྙིང་མ་བཀའ་བརྒྱུད་དང་དགེ་ལུགས་པའི་བར་དག་སྣང་ཡིད་ཆེས་རྩ་བརླག་ཏུ་གཏོང་བའི་བྱ་སྤྱོད་རིམ་པར་བྱུང་བ་དག་རྒྱུ་མཚན་དུ་བགྲངས་གནང་སྟེ། ཁོང་གི་སྐུ་ཚེ་འདིའི་མཛད་འགན་ཆེན་པོ་གསུམ་གྱི་ཡ་གྱལ་ཏེ་སྤྱིར་འཛམ་གླིང་གི་ཆོས་ལུགས་ཡོད་དོ་ཅོག་ཕན་ཚུན་མཐུན་སྒྲིལ་དང་། ཡང་དགོས་ནང་པའི་ཆོས་བརྒྱུད་ཁག་དབར་དད་པ་དག་སྣང་གིས་ཁྱབ་པ་ཞིག་འབྱུང་བར་དོལ་རྒྱལ་བསྟེན་ན་གནོད་ཚབས་ཆེ་བ་ལུང་རིགས་ཚད་མས་གསལ་སྟོན་གནང་བ་མ་ཟད། ལོ་རྒྱུས་བྱུང་བ་དཔང་པོར་བསྟན་གནང་སྟེ་བརྩེ་བ་ཆེན་པོས་དོལ་རྒྱལ་བསྟེན་མི་རུང་བའི་འབོད་སྐུལ་གནང་བའི་རྗེས། རང་ཉིད་སྤྲུལ་སྐུར་ངོས་བཟུང་མ་བྱས་པའི་འཁང་ཡུས་ཀྱིས་ང་བླ་མ་དང་།(མི་འདིས་རང་ཉིད་ཀུན་བདེ་གླིང་གི་སྤྲུལ་སྐུ་ཡིན་ཟེར་གྱི་ཡོད་ཀྱང་ཚད་ལྡན་ལྷ་དང་བླ་མ་སུས་ཀྱང་ཐག་གཅོད་ངོས་འཛིན་གནང་བ་བྱུང་མེད།) འཆི་མེད་ཚེ་རིང་སོགས་མི་ངན་རེ་འགས་དོལ་རྒྱལ་བསྟེན་གསོལ་གྱི་རང་དབང་ཁ་ལ་འཁྱེར་ཏེ་ཐད་ཀར་རྒྱ་ནག་གུང་ཁྲན་སྲིད་གཞུང་དང་ལག་འབྲེལ་གྱིས་ལྷ་མི་སྲུང་སྐྱོབ་ཚོགས་པ་ཟེར་བ་བཙུགས་པ་དང་། རྒྱལ་ཕྱི་ནང་ཀུན་ཏུ་འཇིགས་སྐུལ་དང་། རྫུན་སྒྲིག་གི་གཏམ་འཆལ་སྤེལ་ཐོག དགེ་བཤེས་རྫུན་མ་སྐལ་བཟང་(མི་འདི་ལ་གདན་ས་གང་ནས་ཀྱང་དགེ་བཤེས་ཀྱི་ཐོབ་གནང་མ་མྱོང་ཡང་རང་ཉིད་དགེ་བཤེས་སུ་སྒྲོག་གི་ཡོད།) གིས་དབྱིན་ཡུལ་དུ་ཆེས་ཐོག་མར་བོད་མིའི་སྒྲིག་འཛུགས་དང་༸གོང་ས་མཆོག་ལ་ངོ་རྒོལ་བྱས་ཤིང་། དོལ་ཚོགས་མི་འགས་མཁས་དབང་བློ་བཟང་རྒྱ་མཚོ་དགེ་སློབ་གསུམ་དམར་གསོད་བྱས་པ་དང་། ༸གོང་ས་མཆོག་ལ་ཉེས་འགེལ་གྱི་ཁྲིམས་གཏུགས་བྱས་པས་མཚོན་བོད་མི་མང་གི་སེམས་ལ་རྨ་ཁ་ཆེན་པོ་བཟོས་རྐྱེན་མཐར་རི་བོ་དགེ་ལུགས་པས་གྲྭ་དམངས་ཀྱི་འདུན་པ་ལྟར་དོལ་རྒྱལ་བསྟེན་མཁན་དང་ཁ་དང་ཁ་སྤུ་དབྱེ་འབྱེད་ཀྱི་ལས་འགུལ་དེ་བྱུང་བ་མཁྱེན་གསལ་ལྟར་རེད།

ད་ལྟའི་དོལ་ཚོགས་ཀྱི་འབོད་སྒྲ་ནི། གུང་ཁྲན་སྲིད་གཞུང་འོག་ཏུ་བདེ་སྐྱིད་ལྡན་པ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཀས་བཀོད་རྒྱུད་འཛིན་ལམ་ལུགས་སུ་ཡོད་པ། ༸གོང་ས་སྐྱབས་མགོན་ཆེན་པོ་སྒེར་གཅོད་པ་ཡིན་པ་སོགས་རྒྱ་ནག་དམར་གཞུང་གི་མགྲིན་ཚབ་ཏུ་མངོན་གསལ་འཛེམས་མེད་ཀྱིས་ལངས་ཡོད་པ་འདིས། དོལ་རྒྱལ་གྱི་རྙོག་གླེང་ཁ་ལ་ཁྱེར་བ་ཙམ་ལས་བསམ་བཞིན་དུ་བོད་མིའི་གཅིག་སྒྲིལ་དང་། བདེན་པའི་འཐབ་རྩོད་ཀྱི་ནུས་ཤུགས་ཉམས་དམས་སུ་གཏོང་བར་ཁོ་པ་ཚོས་ནུས་པ་གང་ཡོད་འདོན་གྱིན་པ་ཟུར་བལྟས་ལེབ་མཐོང་ཡིན་པ་དང། ད་ལྟ་གཞིས་ལུས་རྒྱ་ཆེའི་མི་མང་ཁྲོད་༸གོང་ས་ཐམས་ཅད་མཁྱེན་པའི་སྐུ་པར་ཁྱིམ་དུ་བཞག་པ་ཙམ་ལ་ཡང་བཙོན་འཇུག་རྡུང་བརྡེག་གི་མནར་གཅོད་མྱོང་བཞིན་པ་ཤེས་གསལ་ལྟར་ལ། དོལ་རྒྱལ་ཚོགས་པས་༸གོང་ས་ཐམས་ཅད་མཁྱེན་པའི་སྐུ་པར་ཐོག་ཁྱད་གསོད་ཀྱི་འདྲ་བཟོ་སྣ་ཚོགས་བྱས་ཏེ། བོད་མི་རིགས་ཀྱི་བརྩེ་སེམས་ལ་མཐོང་ཆུང་གིས་རྨ་ཁ་རིམ་པར་བཟོས་དང་བཟོ་བཞིན་ཡོད་པས། རང་ཅག་ཁ་བ་རི་བའི་ཆོས་སྲིད་ལ་བློ་དཀར་ཞིང་། མི་རིགས་ཀྱི་མ་འོངས་པར་འགན་འཁུར་བར་བསམ་པ་ཞིག་ཡིན་ཚེ་འདི་ལྟར་མུར་འཇོག་མི་བྱེད་པར། ༸གོང་ས་ཐམས་ཅད་མཁྱེན་པའི་སྐུ་ཕྱྭ་དང་། རྒྱལ་སྤྱིའི་ཐོག་གི་བོད་མིའི་ནུས་ཤུགས་དང་གཟི་བརྗིད་ལ་སྲུང་སྐྱོབ་ཀྱི་སླད་དུ་འཚེ་བ་སྤངས་པའི་དྲང་བདེན་གྱི་འབོད་ཚིག་དང་། དྲིལ་བསྒྲགས། འདུ་འཛོམས་སོགས་ཕྱོགས་ཡོངས་ནས་སྤེལ་བར་འབོད་སྐུལ་ནན་ཏན་ཞུ་རྒྱུ་ཡིན།

བོད་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་ལྷག་ལ་གཅེས་ཉར་དང་འཛིན་སྐྱོང་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་རྗེས་སུ་ཞུགས་བཞིན་དུ། ཧ་ཅང་ཁྲེལ་མེད་ངང་བོད་མི་རྣམས་ལོ་རྒྱུས་ཁྲོད་ཆེས་དཀའ་ངལ་དང་། ཆེས་གཉན་ཕྲང་གི་དུས་ཚོད་འདི་འདྲའི་ནང་རང་གིས་ལོངས་སུ་སྤྱོད་བཞིན་པའི་ཆོས་ལུགས་ཀྱི་བདག་པོ་བོད་མི་རིགས་ལ་རྒྱབ་སྐྱོར་བྱ་རྒྱུའི་ཚབ་ཏུ་ལྡོག་ཕྱོགས་སུ་འགྲེངས་ཏེ། བོད་མི་རིགས་ཀྱི་ལོ་རྒྱུས་སྲོལ་རྒྱུན་དང་། མི་རིགས་དང་ཆོས་ལུགས་ཀྱི་དད་གུས། བླ་སློབ་ཀྱི་བརྩེ་སེམས། བོད་མིའི་དམངས་གཙོའི་བསམ་འདུན་བཅས་ལ་རྡོག་བརྫིས་གཏོང་མཁན་ཕྱི་རྒྱལ་པ་རེ་འགའ་ཡོད་པ་དག་ལ་ཡང་ཁོངས་སོ་སོའི་རྒྱལ་ཁབ་དང་སྒྲིག་འཛུགས་ནས་གོ་སྐོན་གསལ་འདེབས་ཀྱི་སྐུལ་འདེད་གནང་བར་བོད་དང་བོད་ཀྱི་གྲོགས་པོ་དག་ནུས་པ་གཅིག་ཏུ་སྤུངས་པར་མཁྱེན་མཁྱེན།

འཛམ་གླིང་བོད་མིའི་བདེན་དོན་དང་བླངས་ལས་འགུལ་བས་སྤྱི་ལོ་༢༠༡༤ ཟླ་བ་༧ ཚེས་6 ཉིན།

༼འབོད་སྐུལ་ཞུ་ཡིག་འདི་ལ་མོས་པ་ཡོད་པའི་བོད་རིགས་དང་བོད་ཀྱི་གྲོགས་པོ་སུ་ཞིག་ཡིན་ཀྱང་རང་ཐད་ནས་དྲིལ་བསྒྲགས་འགྲེམས་སྤེལ་དང་འབྲེལ་ཡོད་བླ་སྤྲུལ་དགེ་བའི་བཤེས་གཉེན་དང་། ཚོགས་སྡེ་སོགས་ལ་འབུལ་གནང་ཡོང་བར་ཞུ།༽

གནས་ཚུལ་དངོས་ལ་འབྲེལ་ཐག་འདི་ནས་གཟིགས། www.globaltvt.org

གསལ་བསྒྲགས།

Post navigation

Previous Post: ཞྭ་དམར་རིན་པོ་ཆེའི་སྐུ་ཕུང་གདན་འདྲེན།
Next Post: ནུབ་ལ་དྭགས་ཀྱི་ལོ་རྒྱུས་དང་མཐོང་ཐོས་ངོ་སྤྲོད་དཔྱོད་ལྡན་མགུ་བའི་གཏམ།

Comments (15) on “བོད་དང་བོད་ཀྱི་གྲོགས་པོ་ཡོངས་ལ་ཕུལ་བའི་སེམས་ཀྱི་སྙན་སྒྲོན།”

  1. ཐུ་བ་རྒྱ་མཚོ། says:
    2014-07-24 at 9:06 am

    རེད། ང་ཚོས་སྔོན་ཆད་རྐུན་མ་ནང་ལ་བཞག་སྟེ་སྒོ་ལྕགས་ཕྱི་ལ་བརྒྱབ་ཟེར་པ་དེ་འདྲ་མང་པོ་བྱས་ཤག ད་ནས་བཟུང་སྟེ་འཛམ་གླིང་གི་ཡུལ་གྲུ་སོ་སོར་གནས་བཅས་པའི་རིགས་ཞེན་སྤུན་ཟླ་ཡོངས་ཀྱིས་ནང་རྐུན་དང་ཕྱི་རྐུན་མ་ནོར་པར་བྱས་ནས་ཐོག་མར་ནང་རྐུན་ཁྱི་ཕྲུག་དེ་ཚོ་ངོ་ཤེས་པ་བྱེ་དགོས་པར་འདུག ས་ཆེན་པོ་འཛམ་གླིང་གི་ཡུལ་གྲུ་ཀུན་ལ་གནས་པའི་བོད་མི་ཚང་མས་རང་ཉིད་ངོ་ཤེས་པའི་ཐོག་ནས་བདེན་དོན་དང་བླངས་ལས་འགུལ་ལ་དམིགས་ཡུལ་ལ་རྒྱབ་རོགས་དང་མཉམ་ཞུགས་བྱེད་ཐུབ་ན་བོད་མིའི་རྩ་དོན་དང་བསྟན་སྲིད་གཉིས་ལ་ཕན་ངེས་ཅན་རེད།

  2. ཨ་མ་ says:
    2014-07-24 at 7:37 pm

    ཕྱག་བྲིས་དེ་ཧ་ཅང་གི་ཡག་པོ་ཞིག་བྲིས་གནང་འདུག་པས་ཕལ་ཆེར་གཞུང་ཞབས་རྙིང་པ་ཞིག་གིསབྲིས་གནང་བ་འདྲ་་ སྐུ་ངོས་ལ་ཞུ་རྒྱུར་ དངོས་སུ་ང་ཚོའི་དགྲ་བོ་རྒྱ་མིར་འཛིང་རྒྱུའི་ལས་འགུལ་ཞིག་མིན་ན་ བོད་མི་ནང་ཁུལ་བལྟ་བ་དང་ལམ་ཕྱོགས་མ་མཐུན་པ་དང་ ཆོས་དང་སྲུང་མ་མ་མཐུན་པ་སོགས་ལ་རྡུང་རྡེག་གཏང་ནས་རྩ་མེད་བཟོ་རྒྱུའི་ལས་འགུལ་མ་སྤེལ་ན་དགའ་། དེ་ནི་ནང་པའི་ཆོས་དང་མི་མཐུན་ལ་རྒྱལ་སྤྱིའི་ཁྲིམས་དང་ཡང་མི་མཐུན་་ དེ་ལས་སྐུ་ངོས་ཁྱེད་ཀྱི་ཕྱག་བྲིས་ཀྱི་བརྗོད་བྱ་སོགས་བཙན་བྱོལ་སྤྱི་ཚོགས་ནང་ཤིན་ཏུ་ནས་བཀོན་པོ་ཡིན་པས་ དེ་བོད་མི་དོ་སྣང་ཡོད་པ་རྣམས་ལ་སློབ་ཁྲིད་གནང་ཐུབ་ན་ལས་འགུལ་གཞན་བརྒྱ་ལས་ཕན་ཐོག་ཆེ་བ་ཡོང་རྒྱུ་དོན་མ་ཟ་འོ།

  3. ཆུ་བ་འཕྲིན་བཟང་། says:
    2014-07-25 at 9:27 am

    ཨ་མ་ལགས། ཕྱག་བྲིས་ཡག་པོ་ཡིན་པའི་རྒྱུ་མཚན་གྱིས་གཞུང་ཞབས་་ཡིན་པར་ངོས་འཛིན་བྱས་པ་ནི་ངོ་མ་དགོད་སྤྲོ་བ་ཞིག་མ་རེད་དམ? དམིགས་བསལ་བཙན་བྱོལ་གཞུང་ཞབས་པའི་ཁྲོད་ན་ཟམ་གདོང་ཕུལ་བོད་ཡིག་འབྲི་རྩལ་ཅན་ག་ཚོད་ཡོད་མེད་ཁྱོད་ལ་རྒྱུས་མངའ་དོག་ཙམ་མེད་པ་འདྲ། གང་ལྟར་སུའི་བྲིས་མི་གཙོ་གང་བྲིས་གཙོ། དེ་ཡང་གང་ཟགས་མི་གཙོ་ཆོས་གཙོ་བའི་གནས་ལུགས་ཁྱོད་ཀྱིས་ཤེས་ན་འགྲིག། ད་དུང་ཁྱོད་ཀྱིས་ཤེས་དགོས་པ་ཞིག་ལ་ཕྱི་དགྲ་ལས་ནང་དགྲའི་སྡུག་ག་ཤེས་དགོས། ཁྱོད་ཀྱིས་བསམ་ན་དགྲ་བོའི་རྒྱུགས་ཁྱི་དེ་ཚོས་ཅི་བཤད་ན་གང་བྱེད་ན་ཁ་ཙུམས་ཏེ་ཁི་སིམ་མེར་སྡོད་དགོས་པ་ཡིན་ནམ། མཐའ་ན་ཁོང་ཚོས་ང་ཚོ་བོད་མི་ས་ཡ་དྲུག་གི་༧་སྐྱབས་དང་མགོན་དབུ་ཁྲིད་གཅིག་པོའང་རྫིན་མ་ཡིན་ཚུལ་དང་ཁྲམ་པ་ཡིན་ཚུལ་དགྲ་བོ་རྒྱ་དམར་ལས་སྡུག་བཤད་ཀྱིན་ཡོད་་ད་དུང་ཁྱོད་ཀྱི་སྤུན་ཟླ་ནང་ཁུལ་ཟེར་ནས་སྡོད་རྒྱུ་ཡིན་ནམ་་་་་་

  4. ཨ་མ་ says:
    2014-07-25 at 10:44 am

    འཕྲིན་བཟང་ལགས་ ངས་གཞུང་ཞབས་རྙིང་པ་ཞིག་ འདྲ་ ཟེར་བ་ལས་ གཞུང་ཞབས་རེད་ལབ་མེད་ འོན་ཀྱང་ཟམ་གདོང་བླ་མའི་ཕྱག་བྲིས་མཐོང་མ་མྱོང་ཀྱང་ཁོང་གིས་དམངས་གཙོ་ལ་མང་གཙོ་ཟེར་དགོས་བཤད་པ་དེས་ང་ཁོང་ལ་ཧ་མ་ལས་ ད་དུང་ཁྱོད་ཀྱི་ཤེས་དགོས་པ་ཞིག་ལ་ལོ་ཉི་ཤུའི་སྔོན་་ལ་ང་ཚོའི་སྤྱི་ཚོགས་ནང་རྩོད་རྙོག་ཕྲན་བུ་ཡོད་པ་ལས་ནང་དགྲ་ཞེས་པ་ག་ལ་ཡོད་ འོན་ཀྱང་ནང་ཁུལ་གྱི་རྩོད་རྙོག་དེ་ཐབས་ཤེས་འདྲ་མིན་གྱི་ཐོག་ནས་སེལ་ཐབས་མ་བྱས་པར་ལས་འགུལ་འདྲ་མིན་སྤེལ་ནས་ཕར་ཕྱོགས་དེ་རྩ་མེད་བཟོ་རྩིས་བྱས་པར་རྟེན་ད་ལྟའི་ནང་དགྲ་དེ་བཟོས་པ་རེད་ མེ་ལ་ཕུ་རྒྱབ་་ན་ཆེ་རུ་འགྲོ་བ་དང་ ཐལ་བ་གནམ་ལ་ཕྱར་ན་མིག་ལ་འཛུལ་ཟེར་བ་ལྟར་བྱུང་བ་རེད་ བོད་ཀྱི་ལོ་རྒྱུད་ཐོག་པན་ཆེན་བླ་མ་དང རྭ་ཕྲེང་བླ་མས་ཕམ་མཁར་རྒྱ་ནག་རྒྱབ་རྩར་བརྟེན་པ་ལྟར་ རྡོལ་ཚོགས་ནས་ཀྱང་དེ་ལྟར་བྱེད་རྒྱུ་ཡིན་པ་ཁྱོད་ཀྱི་ཤེས་དགོས་

  5. ཐུ་བ་རྒྱ་མཚོ། says:
    2014-07-25 at 6:36 pm

    ཨ་མ་ཟེར་པ་ལགས་ཉོན། ཁྱེད་ཀྱིས་དོལ་ཚོགས་ཟེར་པའི་ཁྱི་ཕྲུག་འགའ་ཤས་ག་ས་གང་དུ་རྒྱུགས་ཏེ་༧གོང་ས་མཆོག་ལ་ངན་སྨོད་གང་བྱུང་ཤོད་བཞིན་པའི་རྣམ་འགྱུར་དེ་ཚོ་མིག་གིས་མཐོང་བྱུང་ངམ། ད་ཆ་རྒྱ་ནག་གུང་གཞུང་གིས་ཀྱང་དོལ་ཚོགས་ལས་སྡུག་པའི་སྐད་ཆ་ཅིག་ཤོད་ཀི་མེད་ཚོད་རེད། མི་རིགས་ཀྱི་དབུ་ཁྲིད་དང་མི་རིགས་ཀྱི་སྐྱབས་མགོན་ལ་ངན་སྨོད་དང་སྐུར་འདེབས་བྱེད་པ་ནི་མི་རིགས་ལ་དམའ་འབེབས་དང་མཐོང་ཆུང་མ་ཡིན་ནམ།

  6. ཨ་མ་ says:
    2014-07-25 at 7:41 pm

    རྒྱ་མཚོ་ལགས་ ཁྱེད་རང་གིས་ངའི་མཆན་དེའི་ནང་དོན་ཤེས་སོང་ངམ་ རྡོལ་ཚོགས་ཀྱི་༧གོང་ས་མཆོག་ལ་མཚན་སྨད་ཞུས་པ་དེས་ཁྱེད་རང་གི་སེམས་ལ་ཕོག་གི་ཡོ་རེད་ ངའི་སེམས་ལའང་ཕོག་གི་འདུག་ དེས་བོད་སྤྱི་དོན་ལའང་གནོད་ཀྱི་རེད་ འོན་ཀྱང་ཁོང་ཚོ་ང་ཚོའི་མི་རིགས་དང་རྒྱལ་ཁབ་ཀྱི་དགྲ་ངོ་མ་རྒྱ་མི་ལས་སྡུག་པ་རྩིས་པ་ནི་ནོར་བ་རེད་ ཁོང་ཚོ བོད་པ་རེད་ ཁོང་ཚོ་མང་ཆེ་བ་་ང་རང་ཚོ་དང་གཅིག་པ་རེད་ ཁོང་ཚོའི་སེམས་ལ་ན་ཚ་ཞིག་ཡོད་པས་དེ་བཤད་ས་ཞིག་མེད་ཙང་མཚན་སྨད་ཞུ་གི་ཡོད་རེད་ མཚན་སྨད་དང་སྐྱོན་བརྗོད་བྱེད་མཆོག་པ་དེ་ཡག་པོ་རེད་ གལ་སྲིད་སྐྱོན་བརྗོད་རྩ་བ་ནས་བྱེད་མ་མཆོག་པའི་དབུ་ཁྲིད་འམ་ དཞུང་ཞིག་ཡིན་ན་དེ་ཡང་དག་པ་ཞིག་མ་རེད།

  7. ཐུ་བ་རྒྱ་མཚོ། says:
    2014-07-25 at 9:52 pm

    ཨ་མ་ཟེར་པ་ལགས། ང་ལ་ཆ་མཚོན་ན་བོད་བསྟན་སྲིད་སྤྱི་ལ་གནོད་པའི་མི་ཞིག་ཡིན་ན་རྒྱ་མི་དང་བོད་མི་ལ་ཁྱད་གང་ཡང་མེད། ད་དུང་བོད་མིའི་རང་གི་ནང་ཁུལ་ནས་རང་གི་དབུ་ཁྲིད་དང་བླ་མར་ངོ་ལོག་བྱེད་མཁན་དག་ནི་རྒྱ་མི་ལས་ཀྱང་སྡུག་གི་རེད་ལ་མི་རིགས་ཀྱི་དགྲ་བོ་དག་མ་འཁྲུས་པར་བརྩི་གི་ཡིན།

  8. ཐུ་བ་རྒྱ་མཚོ། says:
    2014-07-25 at 9:54 pm

    མི་རིགས་ཀྱི་དགྲ་བོ་དག་མར་བརྕི་གི་ཡིན།

  9. ཨ་མ་ says:
    2014-07-26 at 4:07 pm

    དེ་འདྲ་ཡིན་ན་ཡག་པོ་རེད་ འོན་ཀྱང་བོད་པ་ཕྱོགས་གཉིས་ཀར་ཕམ་ཉེས་ཡོང་རྒྱུ་དང་ རྒྱ་མིར་རྒྱལ་ཁ་ཐོབ་རྒྱུ་རེད་

  10. མཁར་འཕགས། says:
    2014-07-28 at 6:50 pm

    དང་པོ།
    བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན་དང་། ས་སྟེང༧རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག། བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་
    པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མའི་ངོ་བོ་དང་།དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་ཉག་གཅིག་རེད།
    ཁོང་གི་སྐུ་ཕྱཱའི་སྲུང་སྐྱོབ་ཀྱི་གནད་དོན་དེ་ནི་ཧ་ཅང་སེམས་ཚབ་ཆེན་པོ་བྱེད་དགོས་པའི་གནད་དོན་ཞིག་ཡིན་པའི་རང་རིགས་ལ་ཤ་ཞེན་ཡོད་པའི་བོད་མི་ཡངས་ཀྱིས་ཁོང་གི་སྐུ་ཕྱའི་སྲུང་སྐྱོབ་ལེགས་པོ་བྱེད་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱིས་གཡོལ་དུ་མེད་པའི་འོས་འགན་རེད།
    གཉིས་པ།
    ཕྱི་ལོ་༢༠༡༠ཕྱི་ཟླ་༦ནང་བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན་རྒྱ་མིའི་གསང་བའི་ལས་ཁུངས་ཀྱིས་བུད་མེད་ཁག་གཅིག་ལ་དམིགས་བསལ་སྦྱོང་བརྡར་སྤྲད་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱར་གནོད་འཚེ་བྱ་རྒྱུ་མ་ཟད། སྐུ་སྲུང་བའི་ཕྲུལ་ཆས་ཀྱིས་ཞིབ་གཤེར་བྱེད་སྐབས་
    ཤེས་ཚོར་དཀའ་བའི་མྱོས་རྫས་དུག་རིགས་ཀྱི་རྫས་སྦྱོར་ཧ་ཅང་ཡར་ཐོན་ཅན་དེ་འདྲ་བརྒྱུད་༸གོང་
    ས་མཆོག་གི་སྐུ་ཕྱཱར་གནོད་འཚེ་བྱ་རྒྱུའི་ཐབས་ལམ་འཚོལ་ཞིབ་བྱེད་བཞིན་ཡོད་པའི་གནས་ཚུལ་
    འབྱོར་ཡོད། ཕྱོགས་མཚུངས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ནང་གནས་ཚུལ་འབྱོར་གསལ་ལྟར་ན།རྒྱ་ནག་གསང་བའི་ལས་ཁུངས་ནས་གཡོ་ཐབས་ཀྱིས་༸གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ཀྱི་
    གནས་སྟངས་རྒྱུས་ལོན་བྱེད་ཐབས་བྱས་པ་ཙམ་མ་ཟད། མགོན་པོ་གང་ཉིད་མཆོག་གི་སྐུའི་གཟུང་
    ཁྲག་དང་། དེ་བཞིན་དབུ་སྐྲ་སོགས་རག་ཐབས་ཆེད་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཁག་གཅིག་ལ་ཆེད་མངགས་རྒྱུད་སྐུལ་བྱས་ཏེ་རྒྱ་གར་དུ་༸གོང་ས་མཆོག་མཇལ་བཅར་ཡིན་ཁུལ་གྱིས་
    གཏོང་ཐབས་བྱེད་བཞིན་ཡོད་པའི་གནས་ཚུལ་འབྱོར་ཡོད། ཉེ་བའི་ལོར་རྒྱ་ནག་གཞུང་གིས་བོད་ནང་དུ་༸གོང་ས་མཆོག་ལ་ངོ་རྒོལ་གྱི་ལས་འགུལ་སྔར་བས་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་དུ་ཆིབས་སྒྱུར་བསྐྱངས་སྐབས་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པ་འབྲེལ་ཡོད་རྒྱ་རིགས་ལས་བྱེད་པ་ཚོར་བཀོད་མངགས་བྱས་ཡོད། དེར་བརྟེན་༸གོང་
    ས་མཆོག་ཨ་རི་དང་ཡུ་རོབ། ཉེ་ཧོང་སོགས་སུ་ཆིབས་སྒྱུར་བསྐྱངས་སྐབས་ངོ་རྒོལ་དེ་རིགས་མང་
    དག་ཅིག་སྤེལ་ཡོད། ང་ཚོས་གནད་དོན་དེ་རིགས་ངེས་པར་དུ་གླེང་སློང་བྱེད་དགོས་ཀྱི་འདུག
    དེ་ལྟར་བྱས་ཚེ་རིམ་པས་མཐོ་རིམ་དཔོན་རིགས་ཚོས་ཀྱང་དོ་སྣང་བྱེད་དགོས་པ་ཞིག་དང་། འགན་
    ཟབ་ནན་ངང་ཁྱེར་དགོས་པ་གཟིགས་ངེས་ཡིན། རྩ་བའི་ཁོང་རྣམས་པས་འགན་བཞེས་མུས་ཡིན་པ་བརྗོད་མེད་རེད། འོན་ཀྱང་། དེ་བས་ཀྱང་ཟབ་ནན་གནང་དགོས་པ་དེ་ཧ་ཅང་གི་གལ་ཆེར་མཐོང་།
    དེར་བརྟེན། ང་ཚོ་བོད་རིགས་མི་རེ་ངོ་རེས་རྡ་འཕྲིན་འཕྲུལ་ཆས་ཀྱི་ཁེ་ཕན་སྤྱད་དེ་སྒྲོ་འདོགས་དང་།
    རྫུན་གཏམ་སྤངས་ནས་དྲང་པོའི་སྒོ་ནས་གནས་ཚུལ་དེ་རིགས་སྤྱི་ཚོགས་སུ་སྤེལ་དགོས་པ་རེད།དེ་ནི་ཧ་ཅང་གི་གལ་ཆེེར་མཐོང་ངོ་།
    གསུམ་པ།
    ༧གོང་ས་མཆོག་མེད་ཉིན་མོར་ང་ཚོ་བོད་མི་ཚང་མ་ཚར་རེད་། རྒྱ་དམར་ནས་རྒྱལ་བ་ཤི་སྒུག་རྒྱག་ནས་བསྡད་ཡོད་ལ། ཁོང་གི་སྐུ་ཚེ་ལ་བར་ཆད་བྱུང་ན་བོད་འདི་བརླག་ཉེན་ཡང་མེད་པ་མ་རེད་སྙམ།གང་ལྟར་རྒྱལ་བའི་སྐུ་ཕྱ་དེ་ཁོང་ཉིད་ལས་ང་ཚོར་གལ་ཆེ་བ་ཆགས་ཡོད་པས། ང་ཚོས་གསོལ་
    འདེབས་རེ་བཅོལ་ཙམ་དང། ཞབས་རིམས་གསོག་འདོན་ཙམ་གྱིས་མཐའ་འཁྱོལ་ཐབས་ཙམ་མིན་
    པར། བོད་རིགས་ཡོངས་དང་ཚོགས་པ་སྐྱིད་སྡུག་ཚང་མས་གཟབ་གཟབ་དོ་དོ་ནན་ཏན་གནང་རྒྱུ་ནི།བོད་དོན་འགྲུབ་པའི་ཐབས་ལམ་ཤིག་ཀྱང་ཡིན། གཞིས་ལུས་བོད་རིགས་སྤུན་ཟླ་ཚོས།རང་གི་སྲོག་ཀྱང་ལྕེབས་ནས་རྒྱལ་བའི་ཞལ་མཇལ་བར་བཏང་ན། ང་ཚོས་གཞིས་ལུས་སྤུན་ཟླར་གདོང་ཇི་ལྟར་
    བསྟན་ཕོད་དམ། ༧གོང་ས་མཆོག་གི་སྐུ་ཕྱཱའི་ཐད་ངེས་པར་དུ་གཞུང་ཕྱོགས་ནས་གཏམ་བཤད་ཙམ་དང། ཚོགས་པ་ཁག་གི་གྲོས་ཆོད་བཞག་པ་ཙམ་དང། སྒེར་གྱི་ཚོར་བ་བཏོན་པ་ཙམ་མིན་པར།ཆུ་མ་ཡོང་གོང་ལ་རག་དང། རྐྱེན་མ་བྱུང་སྔོན་ལ་བཟློག་པ་ཞེས་གསུངས་པ་ལྟར།
    གཞུང་ཚོགས་སྒེར་གསུམ་གྱིས་ཆེས་རྩ་ཆེའི་ནང་གི་རྩ་ཆེན་དེ་ནི། མགོན་པོ་གང་ཉིད་ཀྱི་སྐུ་ཕྱཱ་ཡིན་པ་ངོས་འཛིན་ཐོག་ཚང་མས་མགྲིན་གཅིག་དང་དབྱངས་གཅིག ལག་ལེན་གཅིག་གི་ཐོག་ནས་ཡུལ་
    དུས་ངེས་པ་མེད་པར་གཟབ་གཟབ་ཏན་ཏན་བྱེད་དགོས།

    བཞི་པ།
    རང་རིགས་ལ་ཤ་ཞེན་ཡོད་པའི་བོད་མི་ཡངས་ཀྱིས་ངེས་པར་དུ་མཁྱེན་དགོས་པ་ནི་དོལ་རྒྱལ་རྗེས་
    འབྲང་པ་ཚོས་༧གོང་ས་མཆོག་ལ་གཞི་མེད་བསྙོན་འཛུགས་བྱས་པ་དེ་ནི་བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས་ལ་གཞི་མེད་བསྙོན་འཛུགས་བྱས་པ་ཡིན་པས་དེ་ལ་བློ་ཕམ་ཆེན་པོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། མཁྲེགས་བཟུང་ཅན་དེ་དག་ཁྲོད་ལྷ་མི་སྲུང་སྐྱོབ་ཚོགས་པ་
    (Shugden Devotees Charitable and Religious Society) ཟེར་བ་དེ་གཙོ་བོ་ཆགས་ཡོད། ཚོགས་པ་དེའི་ལས་ཁུངས་ཨ་མ་དེ་ཕྱི་ལོ་ ༡༩༩༦ ཕྱི་ཟླ་ ༥ ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཙུགས་ཡོད། ཚོགས་པ་དེའི་རྗེས་འབྲང་པ་ཚོ་ཕལ་ཆེར་གདུག་རྩུབ་ཆེ་ཤོས་ཆགས་ཡོད། རྒྱ་གར་ཉེན་རྟོག་པས་ཚོགས་པ་དེའི་མི་སྣས་ཕྱི་ལོ་ ༡༩༩༧ ཕྱི་ཟླ་ ༢ ནང་༸གོང་ས་མཆོག་གི་ཞུགས་སྒར་ཕོ་བྲང་དང་ཧ་ཅང་ཉེ་བའི་སར་དགེ་འདུན་པ་གསུམ་དམར་གསད་བཏང་ཡོད་པ་ངོས་འཛིན་ཐུབ་སྟེ་ནག་ཉེས་བཙུགས་ཡོད། དགེ་འདུན་པ་གསུམ་གྱི་ཁོངས་ནས་གཅིག་སྐུའི་གསུང་བསྒྱུར་ཡིན། དེར་བརྟེན་ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༦ནང་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་ (Interpol) ཀྱིས་ལག་དམར་བ་གསུམ་འཛིན་བཟུང་ཆེད་བརྡ་ཁྱབ་བཏང་ཡོད། རྒྱ་ནག་གཞུང་ནས་ཀྱང་གསང་བའི་ཐོག་ནས་དོལ་རྒྱལ་རྗེས་འབྲང་པ་ཚོར་རྒྱབ་སྐྱོར་བྱེད་བཞིན་ཡོད་པའི་གནས་ཚུལ་རིམ་པར་ཐོན་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༣ ནང་བཙུགས་པའི་བྱང་ཨ་རིའི་དགེ་ལུགས་མཐུན་ཚོགས། ཟེར་བའི་དོལ་རྒྱལ་ཚོགས་པའི་འགོ་གཙོ་ཁག་གཅིག་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་རྒྱ་ནག་སྐམ་སའི་དཔོན་
    རིགས་ཁག་གཅིག་དང་ཐེངས་འགའ་ཐུག་འཕྲད་བྱས་ཡོད་པ་མ་ཟད། རྒྱ་ནག་ཏུའང་ཡང་སེ་བསྐྱོད་
    བཞིན་ཡོད། རྒྱ་གར་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱའི་སྲུང་སྐྱོབ་ཐོག་ཐུགས་འཁུར་ཧ་ཅང་ཆེན་པོས་ལས་གཞི་དང་མཐུན་འགྱུར་ཚགས་ཚུད་ཞུ་དང་ཞུས་མུས་ཡིན་པར་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཚང་མའི་འཚབ་ཞུས་ཏེ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱའི་གནད་དོན་ཐོག་འབྲེལ་ཡོད་བོད་མི་ཚང་མས་
    གཟབ་དྲུང་དགོས་པ་བོད་མིའི་སྒྲིག་འཛུགས་ཀྱིས་ནན་བརྗོད་ཞུ་དགོས།ཉེ་ཆར་ཨ་རིའི་ཀོ་ལམ་པི་ཡའི་སློབ་གྲྭ་ཆེན་མོའི་སྙན་གྲགས་ཅན་གྱི་སློབ་དཔོན་ནང་ཆོས་མཁས་དབང་རོ་ཐ་ཊི་བྷ་ཊི་ཐར་མན་ལགས་(RobertThurman)ཀྱིས་ཉེ་ཆར་ཧ་ཧྥིན་ཊོན་(Huffington post)གསར་འགྱུར་དྲ་ཚུགས་སུ་སྤེལ་བའི་རྩོམ་ཡིག་
    ནང་། དོལ་རྒྱལ་ཚོགས་པའི་ལས་འགུལ་ཁག་ལ་རྒྱ་གཞུང་གིས་རོགས་དངུལ་གཏོང་གི་ཡོད་པའི་སྐོར་བྲིས་ཡོད་ལ། ཉེ་ཆར་རྒྱ་ནག་གཞུང་གི་ཤུགས་རྐྱེན་འོག་ནོར་ཝེའི་གཞུང་ནས་༧གོང་ས་མཆོག་དང་མཇལ་འཕྲད་མ་གནང་བ་དེར་དོལ་རྒྱལ་རྗེས་པ་ཚོས་དགའ་བསུ་ཞུས་ཡོད། གནས་ཚུལ་དེས་རྒྱ་ནག་དང་དོལ་རྒྱལ་བར་ལག་འབྲེལ་ཡོད་པ་གསལ་བོ་རེད། བོད་པས་བོད་པ་བཅོམ་ཞིང་བོད་པས་བོད་པ་རྩ་གཏོང་རྒྱུ་དེ་རྒྱ་ནག་གཞུང་གེས་བོད་ལ་འཛིན་པའི་རྩ་བའི་སྲིད་ཇུས་ཤིག་ཡིན་བོད་མི་ཡིང་ཀྱིས་ངས་པར་དུ་མཁྱེན་དགོས།།

  11. རྭ་འཕྲིན says:
    2014-07-29 at 1:35 am

    ཨ་མ་ལགས་སུ། ཁྱོད་ལ་ཅི་ཁག། བསམ་ཚུལ་འདི་འདྲ་བ་འདོན་མཁན་ཁྱོད་ཉིད་གཅིག་བུ་ག་ལ་ཡིན། འོན་ཀྱང་ཉོན་ཅིག་ཨ་མ་ལགས། དང་པོ་ང་ཚོ་ཚང་མའི་དོལ་རྒྱལ་གདོན་འདྲེ་ཚོགས་པའི་བྱེད་ལས་དང་ངོ་བོ་དེ་གསལ་བོ་ཤེས་དགོས་བ་གལ། ད་ལྟའི་དོལ་རྒྱལ་ཚོགས་པའི་བྱེད་ལས་དང་ངོ་བོ་སྔོན་མ་དང་གཏན་ནས་མི་འདྲ་སྟེ། རྒྱུ་མཚན་གང་ཞེ་ན། ༧རྒྱལ་དབང་ལྔ་བ་ནས་བཟུང་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བའི་དོལ་རྒྱལ་བཀག་འགོག་གནང་བའི་ཡར་སྔོན་ཡིན་ན་འདི་ལྷ་འདྲེ་ཙམ་གྱིས་གནད་དོན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ལ་དེ་དངོས་ཡོད་ཡང་རེད། དེ་དུས་དོལ་རྒྱལ་བའམ་དོལ་རྒྱལ་ལ་བསྟེན་གསོལ་བྱེད་མཁན་ཚོར་ཡང་ལྷ་འདྲེ་དང་སྲུང་མའི་འདུ་ཤེས་ཙམ་ལས་མེད། གལ་སྲིད་ཚོགས་པ་འདི་སྤྱི་ལོ་༡༩༩༦ ལོའི་ཡར་སྔོན་ཞིག་ལ་བཙུགས་པ་ཡིན་ན་ངོ་མ་བོད་མི་རང་གི་ནང་འཁྲུག་ཁོ་ན་ལས་གཞན་མ་མཆིས། འོན་ཀྱང་ད་སྐབས་ཀྱི་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་བ་ཚོ་མི་ངན་ཁ་ཤས་ནས་མགོ་ཁྲིད་ཏེ་དོལ་རྒྱལ་ཚོགས་པར་གྱུར་ཡོད་ལ། ཁོང་ཚོའི་བྱེད་ལས་ནི་བོད་ནང་ཁུལ་ལ་དཀྲུགས་ཤིང་བཟོ་རྒྱུ་དང་། དཔེར་ན་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཚོ་དང་མ་བསྟེན་མཁན་ཚོ་གཉིས་ཀའི་བར་ལ་འགལ་ཟླ་གཏོང་རྒྱུ་དང་། རྒྱ་ནག་གི་མགྲིན་ཚབ་བྱས་ནས་༧གོང་ས་མཆོག་དང་བཙན་བྱོལ་བོད་མའི་སྒྲིག་འཛུགས་ལ་གཞི་མེད་སྐྱོན་བརྗོད་དང་མ་ཉེས་ཁག་གཡོགས་བྱེས་ཏེ་བོད་མི་ཡོངས་ཀྱིས་སེམས་པར་རྨ་ཁ་བཟོས་བའི་མ་ཚད། བོད་མི་མང་གཞིས་བྱེས་ཞལ་འཛོམས་ཀྱི་ཕུག་བསམ་ལ་གཏོར་བརླག་གཏོང་བ་སོགས་བྱེད་ལས་ངན་པ་རབ་དང་རིམ་པ་བཞིན་སྤེལ་ཡོང་དུས་ང་ཚོའི་ད་དུང་ཤེས་བཞིན་དུ་ཁོང་ཚོའི་བསམ་ངན་དང་རྒྱ་ནག་གི་གཡོ་ཇུས་དེ་ལེགས་འགྲུབ་བྱུང་དུ་འཇུག་དགོས་སམ། དེང་སྐབས་དོལ་རྒྱལ་ཚོགས་པའི་དམིགས་ཡུལ་དང་རྒྱ་ནག་གི་དམིགས་ཡུལ་གཉིས་ངོ་བོ་གཅིག་ཏུ་གྱུར་ཡོད་པ་ངེས་བར་ཤེས་དགོས་བའི་གནད་དོན་ཞིག་ཏུ་མཐོང་། བྱས་ཙང་། ད་ལྟའི་དུས་སུ་ང་ཚོར་མཚོན་ན་ཕྱི་དགྲ་ནང་དགྲ་གཉིས་ཡོད་ལ་ཕྱི་ཡིས་དགྲ་བོར་འཐབ་དགོས་ན་དང་པོ་དེ་ང་ཚོའི་ནང་དགྲ་ཚང་མ་གཙང་མ་བཟོ་དགོས་ལ། དེ་ལྟར་བྱས་ཚེ་ང་ཚོའི་ད་གཟོད་རྡོག་རྩ་གཅིག་ཏུ་དྲིལ་ཐུབ་ལ་ང་ཚོའི་ཕྱི་དགྲ་ལ་འཐབ་ན་ཡང་འཐབ་རན་ཞིག་ཡོད། ད་དུང་དོལ་རྒྱལ་ཚོགས་པ་ལ་ཁ་གཏད་གཅོག་དགོས་བའི་རྒྱུ་མཚན་ཧ་ཅང་མང་པོ་ཡོད་ཀྱང་འདིར་མ་སྨོས། ཆུ་ཚོད་ཡང་མི་འདུག་པའི་གནས་སྐབས་སུ་མཚམས་འཇོག་རྒྱུ་ཡིན། བདེ་མོ།

  12. བཙན་པོའི་སྲས་མོ། says:
    2014-07-29 at 12:17 pm

    ཨ་མ་ལགས། ཁྱོད་ཨ་མ་ཞིག་ཡིན་ས་མ་རེད། གང་ཡང་ཟེར་ན་ཨ་མ་ཞིག་ཡིན་ན་ཕྱི་ནང་གི་དགྲ་ངོ་མ་ཤེས་པ་ཡོང་མ་སྲིད་པ་ཞིག་རེད། བོད་མི་ཁག་ཅིག་གིས་དོལ་རྒྱལ་ཁ་ལ་འཁུར་ནས་བོད་མི་ནང་ཁུལ་དང་ཕྱི་ཡི་རྒྱལ་ཁབ་ནང་བོད་མི་རང་གི་དབུ་ཁྲིད་དང་བླ་མར་ངོ་ལོག་བྱེད་མཁན་ཚོ་ནི་ནང་གི་ཞབས་འདྲེན་ཡིན་པས་ཨ་མ་ཞིག་ཡིན་ན་དེ་ཚོ་ཕྱི་ཡི་དགྲ་ལས་སྡུག་པ་ཡོད་པ་ཤེས་དགོས་མ་རེད་དམ།

  13. རྟོགས་སད་པ། says:
    2014-07-30 at 2:08 am

    ང་ཚོས་ཁ་ནས་མ་ཎི་ཟློ་ཟློཟློ་བའི་ཐམས་ཆད་མཁྱེན་པར་འདོད་པའང་ཐམས་ཅད་མཁྱེན་གྱི་མེད་པ་དུས་ད་ཆ་ཁ་གསལ་རྟིང་གསལ་ཆགས་ཟིན་པས་ད་ཁྱེད་ཅག་གཉིད་ལས་སད་རན་རེད། བོད་མི་ཡོད་དོ་ད་ཆ་ཆོས་བརྒྱུད་དང་ཆོས་ཁ། རྒྱལ་ཁབ་སྲུང་མ་ཐུབ་པར་གཞན་ཡུལ་དུ་ང་ཚོ་མི་བུ་ཕལ་པ་ཞྀག་དང་གཉིས་་སུ་མ་མཆིས་པར་སྐྱབས་བཅོལ་དུ་སླེབས་པའང་ང་ཚོས་མིག་མཐཽང་ལག་ཟིན་ཡིན་སོང་། ད་སྐྱབས་བཅོལ་ཡུལ་ཞྀག་ཏུ་རེ་ནས་བོད་མི་ཕན་ཚཱུན་དབར་འགལ་རྩོད་དང་མི་དགའ་བ་བྱེད་དོན་རྩ་ནས་ལྷགས་མེད་པ་མཁྱེན་པར་མཛོད་ཅིག དུས་གསུམ་མཁྱེན་པའི་དབུ་ཁྲིད་གཅིག་ང་ཚཽར་ཡོད་ན་ད་ཆ་ང་ཚོ་འདི་འདྲའི་གནས་སུ་གྱར་དགོས་པ་ཨེ་རེད་སྙམ། གལ་ཏེ་དུས་གསུམ་ཀུན་མཁྱེན་ཡོད་པའི་དབང་དུ་བཏང་ནའང་རྒྱལ་ཁབ་དང་མི་རིགས་ལ་ཆག་འཇིག་གི་གནས་ཚུལ་འདི་ལྟ་བུ་འབྱུང་རྒྱུ་དང་དེ་དག་ལ་གདོང་ལེན་བྱ་བའི་ཐབས་སྟོན་མ་ཐུབ་པར་ཕབ་ཁ་འདི་འདྲ་བྱུང་སྐབས་ཀུན་མཁྱེན་ཡིན་ཡང་ཡིན་གོ་མ་ཆོད་པས་ཀུན་མཁྱེན་དགོས་པ་མེད། ཆོས་དད་རང་དབང་ཟེར་བ་ནི་དད་ཡུལ་འགྲིག་མིན་ལ་ཤེན་བྱ་དགོས་མེད་པར་སོ་སོའི་འདཔད་མོས་བཞིན་བྱས་ཆོག་པ་ལ་གཞན་སུ་ཡིན་ཡང་བཀག་རྒྱ་བྱས་མི་ཆོག་པ་ཤེས་དགོས་སོ།

  14. ཐུ་བ་རྒྱ་མཚོ། says:
    2014-07-30 at 1:32 pm

    རྟོགས་ཟད་པ། གཉིད་སད་རན་རེད། དངོས་ནས་གཉིད་སད་རན་རེད། རྨོངས་གཉིད་ཀྱི་འདམ་ལ་ཟུག་ཅིང་དཔྱད་སྟོབས་ཀྱི་ལོང་ཏོག་མཐུག་ཅིང་སྙིང་རྗེའི་ཡུལ་དུ་གྱུར་པའི་གླེན་པ་ཁྱི་ཕྲུག་འགའ་ཤས་ཡུ་རོ་དང་ཨ་རིའི་ས་ཆ་ག་ས་གང་དུ་རྒྱུགས་ཏེ་འགྲོ་བའི་རྣ་ལ་དྲག་ཏུ་གཟན་པའི་སྨྱོ་གཏམ་དང་ཁྱི་སྐད་འཚེར་འཚེར་སྒྲོག་པ་དེ་ཚོ་དངོས་ནས་གཉིད་སད་རན་པས་མི་ཚད་འཕྱིས་དྲག་པ་རེད། སྙིང་མ་རྗེ་རང་ཉིད་མི་གྲལ་ནས་ཕུད་ཞོར་མི་རིགས་ཀྱི་རྐང་འདྲེན་དང་གདོན་འདྲེ་ཡི་གཡོག་པོ། རྒྱ་གཞུང་གི་དབྱུག་པར་གྱུར་འདུག་པ་མ་ཤེས་པར་དངོས་ནས་སྙིང་མ་རྗེ། གལ་སྲིད་སྐྱེ་བ་ད་ཐེངས་བོད་མིའི་མི་གྲལ་དུ་ཡོང་འདོད་ཡོད་ན་གདོན་འདྲེ་དང་ཁ་རིང་དུ་གྱེས་ནས་མི་གསོན་པོ་ཞིག་བྱེད་འདོད་པའི་གོ་སྐབས་ད་དུང་དུས་ཚོད་ཡོད་པ་རེད། མ་མཐར་ཡང་འདི་ཙམ་ཤེས་པར་བྱས་ན་མི་གྲལ་དུ་ཚུད་པའི་རེ་བ་ཡོད་ན་བསམ་བློ་གཏོང་རན་རེད།

  15. རྭ་འཕྲིན says:
    2014-07-31 at 2:28 pm

    དོལ་རྒྱལ་ཚོགས་པ་ཞེས་བ་འདི་དང་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཟེར་འདི་གཉིས་ཀྱིས་དབྱེ་མཚམས་དེ་བོད་མི་ཡོངས་ནས་ངེས་པར་དུ་ཤེས་དགོས་བ་ཞིག་རེད་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme