Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་གཞུང་མང་ཚོགས་ཆེན་ཐེངས་གཉིས་པར་ཕུལ་བའི་བསམ་འཆར་འགའ།

Posted on 2011-05-17 By དབང་ཕྱུག་ 13 Comments on བོད་གཞུང་མང་ཚོགས་ཆེན་ཐེངས་གཉིས་པར་ཕུལ་བའི་བསམ་འཆར་འགའ།

བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས།

ཚོགས་ཆེན་འདིའི་དམིགས་བསལ་འགན་འཁྲི་ནི་བཅའ་ཁྲིམས་བསྐྱར་བཅོས་ཐད་ལ་བསམ་ཞིབ་གནང་རྒྱུ་དེ་ལགས་པས། གུས་པས་འདིར་གནད་དོན་འགའ་ཞིག་ཐོག་བསམ་འཆར་འགའ་འདོན་དགོས་བྱུང།
སྔོན་འགྲོའི་ཆ་རྐྱེན་གཅིག༽ ཐེངས་འདིའི་འགྱུར་བ་འདི་༸གོང་ས་མཆོག་གི་རླབས་ཆེན་དགོངས་གཞི་ལགས་ཤིང། འདིའི་ཐད་ལ་མི་དམངས་ཀྱིས་ད་དུང་ཡང་ངོས་འཛིན་ཡང་དག་ཐུབ་ཀྱིན་མེད་པས། ཚོགས་ཆེན་གྱི་ཉིན་དང་པོར་ངེས་པར་༸གོང་ས་མཆོག་སྤྱན་འདྲེན་གནང་ནས་བཀའ་སློབ་ཟབ་རྒྱས་ཤིག་གནང་ན་ཚོགས་འདུ་ལམ་ལྷོང་ཡོང་བར་ཕན་རླབས་ཆེ་ངེས།
གཅིག༽ བཙན་བྱོལ་བོད་གཞུང་ཞེས་པ་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་པར་མིང་བསྒྱུར་ཐད་ལ།
ད་ལྟ་བར་བོད་གཞུང་ ཟེར་བ་དེ་བོད་མིའམ་བོད་མི་རིགས་ཀྱི་གཞུང་ལ་གོ་ཞིང་དེ་ཡང་དགའ་ལྡན་ཕོ་བྲང་བའི་གཞུང་ལ་གོ་དགོས། མདོར་ན་བོད་རྒྱལ་ཁབ་ཅེས་པའི་གོ་དོན་ཡོད། གཞུང་དེ་ཉིད་བཙན་བྱོལ་དུ་འབྱོར་བས་ན་བཙན་བྱོལ་བོད་གཞུང་ངོ།
བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་པར་ཡང་ཕྱོགས་གཅིག་ནས་གོ་དོན་དེ་རང་འཇགས་ཡོད་པའི་བཟོ་ཞིག་དང། ཕྱོགས་གཅིག་ནས་བཙན་བྱོལ་ན་ཡོད་པའི་བོད་མི་ཚོའི་སྒྲིག་འཛུགས་ཙམ་ཞིག་ལའང་གོ་བས། ཆབ་སྲིད་ཀྱི་ཐ་སྙད་འདི་རིགས་ལ་ངེས་པར་གོ་དོན་ཐག་གཅོད་གཅིག་གྱུར་ཅིག་དགོས་ན་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ནས་མཆན་འགོད་གནང་རོགས་ཞུ།
བདག་གི་བསམ་ཚུལ་ལ། རི་བོ་དགེ་ལུགས་པའམ་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་དབང་འཛིན་ལམ་ལུགས་འདི་ཉིད་མཚམས་འཇོག་གིས་དེང་རབས་དམངས་གཙོའི་བོད་གཞུང་གསར་བ་ཞིག་གི་ལམ་ལུགས་ལ་ལེགས་སྒྱུར་གནང་བའི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་ལ་ངོས་འཛིན་གྱིན་ཡོད་པས། བོད་གཞུང་ཟེར་བའི་ཡིག་འབྲུ་འདི་གཉིས་རང་སོར་བཞག་ན་འོས་པར་མཐོང།
དེ་མཚུངས་གཞུང་ཐམ་ངོས་ལ། བདེན་པ་ཉིད་རྒྱལ་གྱུར་ཅིག ཅེས་པར་གོ་དོན་ཟབ་མོ་ཡོད་ཚོད་ཀྱང།་དེ་ལས། འཚེ་མེད་བདེན་སྐྱོང་བོད། ཡང་ན། བཙན་བྱོལ་མང་གཙོའི་བོད་གཞུང་་་ཞེས་བཏགས་ན་མིང་དོན་མཚུངས་པར་འདོད།
གཉིས།༽ བཅའ་ཁྲིམས་དོན་ཚན་བཅུ་དགུ་པའི་ནང། གཞུང་གི་འགན་འཛིན་དབང་ཆ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཡོད་་་ཅེས་པའི་ཚབ་ཏུ། བཀའ་བློན་ཁྲི་པ་ལ་ཡོད་་ཅེས་པ་དང། ཡང།
དོན་ཚན་སུམ་ཅུ་པའི་ནང་ལ། གཞུང་གི་འགན་འཛིན་ལས་དོན་ཐམས་ཅད་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཚན་ཐོག་ནས་གནང་རྒྱུ་་་ཞེས་པར་་་་་སྒྲིག་འཛུགས་ཀྱི་ལས་དོན་ཐམས་ཅད་བཀའ་བློན་ཁྲི་པའི་མིང་ཐོག་ནས་བྱ་རྒྱུ་དང་་་་་ཞེས་པ་འདི་ལྟར་ན། བཀའ་ཁྲིའི་དབང་ཚད་༸གོང་ས་མཆོག་གི་དབང་ཚད་དང་དོ་མཉམ་པར་སླེབས་ཡོད་ལ། ཡང།
དོན་ཚན་ཉེར་ལྔ་པར། བཀའ་བློན་ཁྲི་པའི་དམ་འབུལ་སྐོར།
་་་༸གོང་ས༸སྐྱབས་མགོན་ཆེན་པོའི་སྐུ་མདུན་དུ་ ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་ཁུར་དང་གསང་བའི་དམ་བཅའ་འམ་ཁས་ལེན་ཞུ་དགོས། ཞེས་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་་་་་ཞེས་པར་མཚོན་ན། ཡང་ཁྲིམས་ཞིབ་པ་ཆེ་བ་གང་ཆེས་མཐོ་སར་འཕགས་ཡོད་ལ། དེ་བཞིན།
དོན་ཚན་སོ་དྲུག་པར། ་་་་ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅས་པ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོག་མཆན་ཞུ་དགོས། ཞེས་པར་་་སྤྱི་འཐུས་ཚོགས་གཙོས་སྤྱི་ལྷན་ནས་གཏན་འབེབས་བྱས་པའི་ཚད་འཛིན་དང་མིང་རྟགས་བཀོད་དགོས། ཞེས་པའི་སྐབས་སུ་ཡང་སྤྱི་འཐུས་ཚོགས་གཙོ་ཆེས་མཐོ་སར་སླེབས་ཡོད།
དེ་ལྟར་མང་གཙོའི་ཀ་ཆེན་གསུམ་པོ་སྐབས་སྐབས་སུ་གཅིག་ལས་གཅིག་མཐོ་བའི་རྣམ་པ་འདིའི་ཆ་ནས་བལྟས་ན། གཞུང་གི་འགན་འཛིན་དབང་ཆ་བཀའ་ཁྲི་ལ་ཡོད་་ཅེས་པ་མིང་དོན་མི་མཚུངས་པར་མ་ཟད་འགལ་བ་ལྟ་བུ་ཞིག་ཆགས་ཡོད།
འོ་ན་འདི་ནི་༸གོངས་མཆོག་བཀྲེས་ཡོལ་དུ་ཕེབས་པའམ་སྐུ་དབང་ཕྱིར་བསྡུས་པ་དང་ལྷན་དུ་ཁོང་གི་སྐུ་ཚབ་ལྟ་བུའི་དབང་འཛིན་པ་ཞིག་མེད་པའི་རྣམ་པའང་གསལ་བོ་ཆགས་པར་བརྟེན། བཙན་བྱོལ་མང་གཙོའི་བོད་གཞུང་གི་འགན་འཛིན་དབང་ཆ་མང་གཙོའི་ཀ་ཆེན་རྣམ་གསུམ་ལ་ཡོད་་་ཅེས་བཀོད་ན་མིང་དོན་ཡོངས་སུ་མཚུངས་ལ་མི་འོས་པ་ཡང་མེད་པར་འདོད།
གསུམ།༽དོན་ཚན་ཉེར་གཉིས་པ། བཀའ་བློན་བསྐོ་བཞག
འོས་ཐོན་ཐོག་དམ་འབུལ་ཟིན་པའི་བཀའ་བློན་ཁྲི་པ་དེས་རང་གི་བཀའ་ཤག་ལྷན་ཚོགས་སུ་བཀའ་བློན་ཇི་དགོས་མང་མཐའ་བདུན་ལས་མ་བརྒལ་བ་ཞིག་བསྐོ་གཞག་བྱ་དགོས།
དེ་སྔའི་བཀའ་བློན་འོས་གཞི་རྣམས་གྲོས་ཚོགས་ནང་མང་མོས་ཐག་གཅོད་གནང་དགོས་པ་དེ་བཀའ་ཁྲིས་ཐད་ཀར་བསྐོ་འཇོག་གནང་རྒྱུ་འདིར་ཡང་བསམ་ཞིབ་གནང་འོས། འདི་ནི་སྐབས་རེར་བཀའ་ཁྲིས་ཐད་བསྐོས་བཟང་ལ་སྐབས་རེར་གྲོས་ཚོགས་ནང་བརྒྱུད་ན་ཡང་བཟང། གཉིས་ཀ་ལ་དགེ་སྐྱོན་ཡོད་པ་ཞིག་རེད། བཀའ་ཁྲིས་འོས་གཞི་བཏོན་པར་གྲོས་ཚོགས་ནང་སྤྱི་མོས་དང་མང་མོས་ཐོན་ཚེ་གཟི་བརྗིད་ཆེ་བ་ཡོད།
བཞི།༽དོན་ཚན་རེ་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ།
སྤྱི་འཐུས་ལྷན་ཚོགས་ཀྱི་འོས་བསྡུའི་ལམ་ནས་མང་མོས་ཐོབ་པས་་་ ཞེས་པ་འདི་ནི་དེ་སྔ་བཞིན་རྩ་འབོར་སུམ་ཆ་གཉིས་ཡན་གྱི་མང་མོས་ངེས་པར་དགོས། རྒྱུ་མཚན་བཀའ་སྤྱི་གཉིས་ཀས་དམ་བཅའ་འམ་ཁས་ལེན་ཞུ་ཡུལ་ལམ་མང་གཙོའི་ཁྲིམས་ལུགས་ཀྱི་དབང་བོ་ཡིན་པས་སོ།
འདིར་དམ་བཅའ་ཞེས་པ་དཀོན་མཆོག་དཔང་བཙུགས་ཀྱིས་མནའ་སྐྱེལ་དགོས་པ་ཞིག་དང། ཁས་ལེན་ཞེས་པ་ཆོས་དད་མེད་མཁན་དག་གི་དམ་འབུལ་འཇོག་ཚུལ་ལ་གོ་དགོས།
བདག་གི་བསམ་ཚུལ་ལ། མང་གཙོའི་ཀ་ཆེན་གསུམ་པོས་གཙོས་དམ་འབུལ་བ་རྣམ་པས་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་ཕྱག་འཚལ་དང་བཅས་བཅའ་ཁྲིམས་རིན་པོ་ཆེ་སྙིང་གར་སྦྱར་ནས་དམ་འབུལ་ཞུ་ལུགས་ཤིག་གཏན་འབེབས་གནང་ན་ལེགས་པར་འདོད། རྒྱུ་མཚན་གཙོ་བོ་དམ་བཅའ་འབུལ་ཡུལ་གང་ཟག་དེ་ལ་ཡིད་ཆེས་ཐུབ་མིན་ཅི་རིགས་འབྱུང་བ་དང། ༸གོང་ས་མཆོག་གི་སྐུ་དྲིན་རྗེས་དྲན་དང་བླ་མེད་མཚན་མཐོང་མཚོན་པ་སོགས་ཀྱི་དགོས་པ་ཆེ་སྙམ་མོ།

ལྔ༽ དོན་ཚན་དང་པོ། བོད་མི་རིགས་ཀྱི་༸སྐྱབས་མགོན་དང་མཚོན་རྟགས།
༸གོང་ས༸སྐྱབས་མགོན༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་ནི་འཕགས་མཆོག་སྤྱན་རས་གཟིགས་དབང་མིའི་རྣམ་པར་རོལ་བའི་སྐྱེ་འགྲོ་སྤྱི་དང་ཡང་སྒོས་བོད་མི་རིགས་ཀྱི་འདི་ཕྱིའི༸སྐྱབས་མགོན་དང། བླ་ན་མ་མཆིས་པའི་དབུ་ཁྲིད་ཡིན་པར་མ་ཟད། འཛམ་གླིང་ཞི་བདེའི་དེད་དཔོན་དམ་པའང་ལགས་པས། བོད་མི་རིགས་རིག་གནས་དང་བཅས་པའི་རླབས་ཆེན་གྱི་མཚོན་རྟགས་སུ་གྱུར་ཡོད། དེ་བས་ཐུན་མོང་མ་ཡིན་པའི་ཐུགས་འགན་དང་སྐུ་དབང་འགའ་ནམ་ཡང་རང་ཆས་སུ་ཡོད།
༡༽ བོད་མི་ཡོངས་ཀྱི་སྐུ་ཚབ་ཀྱི་ངོས་ནས་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པའི་གཙོས་གལ་ཆེའི་མི་སྣ་རིགས་ལ་དུས་ནས་དུས་སུ་རང་དབང་གི་མཇལ་འཕྲད་གནང་རྒྱུ།
༢༽ དགོས་དབང་གིས་བོད་ཀྱི་རྩ་དོན་སྒྲུབ་སླད་དམིགས་བསལ་དང་སྤྱིར་བཏང་སྐུ་ཚབ་ཡིག་ཚང་ཁག་རང་འཇགས་གནས་ཐབས་གནང་རྒྱུ།
༣༽ དུས་རྒྱུན་དུ་བོད་ཀྱི་ཆོས་སྲིད་རིག་གནས་དང་བཅས་པའི་ཕྱོགས་ཡོངས་ལ་གཟིགས་ཞིབ་དང་བཀའ་སློབ་ལམ་སྟོན་གནང་རྒྱུ།
༤༽གོང་གསལ་དོན་ཆེན་གསུམ་ལས་གཞན་ཡང་། ཡུལ་དུས་གནས་བབ་ལ་གཟིགས་ཏེ་བོད་མི་མང་གི་འཕྲལ་ཡུན་ཕན་བདེའི་མཛད་འཕྲིན་ཅི་རིགས་སྐྱོང་གནང་ཡོང་བ་བཅས་སོ།

གོང་གསལ་ནི་བཅའ་ཁྲིམས་ཀྱི་དོན་ཚན་དང་པོའི་ཚིག་བརྗོད་དང་གོ་རིམ་ཐད་ལ་ངས་སྒྱུར་བཅོས་ཆེ་ཙམ་བཏང་པའི་བསམ་འཆར་ཡིན། མ་ཡིག་ནང་གི་དོན་ཚན་གཉིས་པ་དེ་དོན་གྱིས་དོན་ཚན་དང་པོའི་ནང་དུ་ཚུད་ཡོད་ལ། ནང་དོན་ཆ་ནས་རེ་རེ་བྱས་ནས་འདྲེན་མི་དགོས་པར་སྤྱི་ཡོངས་ཀྱི་ཆ་ནས་བརྗོད་ན་འོས་པར་མཐོང་ནས་དོན་ཚན་གསུམ་པར་བཅོས་ཡོད། སྐབས་སུ་བབ་པའི་གལ་ཆེ་ཤོས་དེ་མ་ཡིག་གི་དོན་ཚན་གསུམ་པ་རེད། དེ་ངས་དབྱེ་བ་གཉིས་སུ་ཕྱེས་ཏེ། དོན་ཚན་དང་པོ་དང་གཉིས་པར་བཞག་ཡོད། གཞི་རྩའི་ནང་དོན་རྣམས་རང་འཇགས་ཡིན་ཐོག་དོན་ཚན་བཞི་བ་ཞིག་ཁ་སྣོན་གྱིས་༸གོང་ས་མཆོག་གི་ཐུགས་འགན་དང་སྐུ་དབང་ཡངས་པོར་ཕྱེས་ཡོད། མདོར་ན། ཚིག་བརྗོད་སྟབས་བདེ་དང་ནང་དོན་རྒྱ་ཆེར་བཏང་ཡོད།
གཙོ་བོ་གཞིས་ལུས་མི་མང་གི་མངོན་འདོད་དང་བཙན་བྱོལ་བའི་གནས་བབ་ཀྱི་ཆ་ནས་ཀྱང་ང་ཚོར་༸གོང་ས་མཆོག་གི་ཐད་ཀའི་གཟིགས་སྐྱོང་ཞིག་ཧ་ཅང་དགོས་གལ་ཆེ་བས་བཅའ་ཁྲིམས་ཀྱི་དོན་ཚན་དང་པོ་འདི་གཏན་འབེབས་ཡང་དག་ཅིག་གནང་དགོས།
གུས་པ་གྲོས་ཚོགས་སྔོན་མའི་༸གོང་ས་མཆོག་གི་གསུང་འཕྲིན་རིན་པོ་ཆེ་ཉམས་ལེན་ཐད་ཆེད་བཙུགས་གནང་བའི་ལས་རིམ་ཚོགས་ཆུང་ནང་ཡོད་མོད། སྐབས་དེར་བཀའ་ཁྲི་མཆོག་གིས་སྔ་ས་ནས་ཐུགས་ཞིབ་དང་གྲ་སྒྲིག་གང་ལེགས་གནང་ཟིན་པའི་མ་ཟིན་ཐོག་ལ་ང་ཚོས་ཉིན་གཅིག་ལྷག་གི་དུས་ཡུན་ནང་བསམ་ཞིབ་གོ་བསྡུར་བྱས་ཏེ་རྒྱབ་གཉེར་སྙན་ཞུ་དེ་ཕུལ་བ་ན་ཡང། དོན་ཚན་རེ་རེ་དང་ཐ་སྙད་རེ་རེ་ནས་གོ་བསྡུར་གནང་ལོང་མེད་པས་ཡོངས་སུ་འཐུས་ཚང་དང་ཡང་དག་ཡིན་པའི་ངེས་པ་མེད། ང་ཚོའི་གཞི་རྩའི་ལས་འཆར་གྱི་ལམ་སྟོན་ད་དུང་འོས་ཤིང་འཚམས་པར་མཐོང་གི་ཡོད་མོད། གྲོས་ཚོགས་དང་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གཉིས་ཀྱི་ངོས་ནས་ཀྱང་ང་ཚོའི་ལས་འཆར་རྒྱབ་གཉེར་སྙན་ཐོར་ཧ་ཅང་ཞིབ་ཚགས་ངང་འདོར་ལེན་གནང་ཐུབ་མེད་པ་མཐོང་བས། ད་ལྟ་ཚོགས་ཆེན་ཐོག་ལ་རང་གི་བསམ་འཆར་འདི་རིགས་ཟུར་ལྟའི་དཔྱད་གཞིར་འབུལ་འདོད་བྱུང།
ཤེས་ནས་སྨྲ་བ་དག་གིས་དགོངས་འཆར་ལྷུག་གནང་དང། སྤྱི་འཐུས་རྒྱུན་ལས་ནས་ཀྱང་ཕྲན་གྱི་བསམ་འཆར་སྔ་ཕྱི་འདི་དག་ཚོགས་ཆེན་གྱི་ཚོགས་ཆུང་ཚང་མར་འགྲེམས་སྤེལ་གནང་རྒྱུའི་རེ་སྐུལ་བཅས། བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་༢༠༡༡།༥།༡༦ལ་ཕུལ་ལོ།།

དཔྱད་རྩོམ།

Post navigation

Previous Post: རང་བཙན་གླུ
Next Post: ཨ་ན་མ་ན་ཡིན།

Comments (13) on “བོད་གཞུང་མང་ཚོགས་ཆེན་ཐེངས་གཉིས་པར་ཕུལ་བའི་བསམ་འཆར་འགའ།”

  1. རྨ་མགུར་སངས་རྒྱམ། says:
    2011-05-17 at 10:45 am

    ༸གོང་ས་མཆོག་ཚོགས་འདུའི་ཐོག་ཏུ་ལན་བརྒྱར་སྤྱན་འདྲེན་གནང་ཡང་ཕན་ཐོགས་མེད། དམངས་གཙོའི་ལམ་སྲོལ་དེ་མི་དམངས་རང་ཉིད་ཀྱི་ལག་ལེན་ཁྲོད་ནས་འཕེལ་རྒྱས་སུ་འགྲོ་དགོས་པ་ཞིག་ཡིན།
    རི་བོ་དགེ་ལུགས་པའམ་དགའ་ལྡན་ཕོ་བྲང་གི་དབང་འཛིན་ལམ་ལུགས་དེ་ནི་གནའ་དེང་གཉིས་ཀྱི་དམངས་གཙོའི་ལམ་སྲོལ་དང་མཐུན་པ་ཞིག་ཡིན་པས་དེང་རབས་དམངས་གཙོའི་ལམ་སྲོལ་དུ་ཅི་ལྟར་བསྐྱོད་ཀྱང་༸གོང་ས་ཏཱ་ལའི་བླ་མ་ནི་བོད་ཀྱི་དབུ་ཁྲིད་དུ་བཞུགས་ཐུབ་ངེས་ཡིན།
    བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་པ་དང་བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་པ་གཉིས་ནི་བོད་ཀྱི་བཙན་བྱོལ་པའི་སྲིད་གཞུང་དུ་བཅོས་བསྒྱུར་གནང་ན་ལེགས།

  2. ས་མཐའི་བུ་ says:
    2011-05-17 at 11:19 am

    བོད་མི་མང་སྤྱི་འཐུས་མཆོག་ལ་འཚམས་འདྲི་དང་འབྲེལ་གོང་གསལ་གྱི་དོན་ཚན་དེ་དག་ལེགས་བཅོས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞར་ལ་ངའི་རེ་བ་ཞིག་ལ་༼བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་༽ཞེས་པར་སྒྱུར་བ་མ་གནང་ན་ཡག་པོ་འདུག་སྙམ། གང་ཡིན་ཅེས་ན་དེ་ནི་ལོ་ངོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་ང་ཚོའི་བོད་རྒྱལ་ཁབ་ཆེན་པོའི་མཚན་གནས་ཁྱབ་བརྒྱ་ཆེ་ཤོས་ཡིན་པས་ང་ཚོར་མཚོན་ན་ལོ་རྒྱུས་ཀྱི་དཔང་པོ་ཞིག་ངེས་པར་དུ་དགོས་བས་དེ་མ་བཞག་ན་རྗེས་ཕྱོགས་ང་ཚོའི་མིང་ཚིག་དེ་དག་ལ་བཙན་བྱོལ་བོད་མི་འདུས་སྡོད་ཆུང་ས་ཞིག་ནས་ཡར་སྒྱུར་མར་སྒྱུར་མང་པོ་བྱས་པ་ཡིན་ན་ཉིན་ཞིག་སུ་གཅིག་གིས་ཀྱང་ཁས་མི་ལེན་པ་ཞིག་ཆགས་ན་ཅི་ལྟར་བྱ། བསམ་བློ་བཏང་དགོས་པ་ཞིག་རེད།

  3. དམག་ལོག་ says:
    2011-05-17 at 1:29 pm

    ཡང་མིན་ན། ༼བོད་གཞུང་དམངས་གཙོའི་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་༽ཞེས་པར་སྒྱུར་བ་གནང་ན་ཡག་པོ་འདུག་སྙམ།

  4. ལྷ་མོ་དོན་གྲུབ says:
    2011-05-17 at 2:02 pm

    ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས་དེ་མེད་པར་མི་འགྱུར། འགྱུར་བ་ནི་ལོ་རྒྱུས་ཀྱི་འཕེལ་འགྲིབ་གསར་བ་རེད། དཔེར་ན་ཨ་ཕ་བཀྲ་ཤིས་ཀྱི་བུ་ལ་ཀྲུང་ཧྭ་བཏགས་ན་ཡང་དོན་གྱི་འགྱུར་བ་ཅང་མེད། འོན་ཀྱང་རྒྱ་མ་བོད་ཞིག་ལ་སྒྲོལ་མ་ཞེས་བཏགས་ཀྱང་ངོ་བོ་འགྱུར་ཡོད། དཔེ་དེ་བཞིན་ད་ལྟའི་བོད་འདི་བོད་མ་རྒྱ་ཡི་སྒྲོལ་མ་དང་འདྲ་བས། ད་བོད་མིང་གཙང་མ་ཞིག་གམ་ཡབ་མེས་ཀྱི་རུས་མིང་ཞིག་བཏགས་ཀྱང་དགོས་ཕན་མེད་དོ། དེ་ལས་སྒྲོལ་མ་ལ་གྲོ་མ་དང། བཀྲ་ཤིས་ལ་དྲ་ཤི་་བཏགས་ན་མི་རིགས་སམ།

  5. འདོད་ལྷ་ཁམས་པ། says:
    2011-05-17 at 3:35 pm

    སྤྱི་མཐུས་མཆོག་གི་ལྷག་བསམ་དག་པའི་དགོངས་འཆར་ལ་རྒྱབ་སྐྱོར་དང་རྗེས་སུ་ཡི་རངས་ཞུ།
    དགོངས་ཚུལ་འདི་འདྲ་བ་ནི་ཚོགས་ཆེན་མ་འཚོགས་གོང་རོལ་དུ་བརྡར་ཤ་ནན་མོ་བཅད་ནས་ཚོགས་འདུ་ལ་གྲ་སྒྲིག་གང་ཡག་ཡག་གནང་ཐུབ་ན་ཕན་ཐོགས་ཡོང་རྒྱུ་ཉག་གཅིག་རེད།
    རེད། ༧གོང་ས་མཆོག་ངེས་པར་དུ་ཚོགས་མགོན་ལ་གདན་ཞུས་གྱིས་ཟབ་རྒྱས་བཀའ་སློབ་གནང་སྐྱོང་ཐུབ་ཚེ་ཚོགས་ཆེན་འདི་དོན་སྙིང་ལྡན་པ་ཞིག་ཡོང་རྒྱུར་ཕན་ངེས་རེད།
    གཞུག་གི་ལས་ཐམ་དང་རྒྱལ་རྟགས་ཐོག་གི་༼དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་༽ ཡིག་འབྲུ་འདི་བཞིན་སྔ་སོར་བཞག་ན་ལེགས་པར་མཐོང་། བདེན་པ་ཉིད་རྒྱལ་གྱུར་ཅིག་ཟེར་པ་ནི་རང་བཞིན་བཟང་བོའའི་སྨཽན་ཚིག་སྤྱི་བཏང་བ་ཞིག་ལས་་་དེས་ཐུན་མིན་མི་རིགས་ཤིག་གི་རྒྱལ་རྟགས་མཚོན་བྱེད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཚིག་ནུས་ཅན་གང་ཡང་མ་རེད།
    དགའ་ལྡན་ཕོ་བྲང་ཞེས་པའི་ཡིག་འབྲུ་ཡོད་པ་ཙམ་གྱིས་བཙན་བྱོལ་བོད་གཞུང་འདི་བཞིན་དགེ་ལུགས་པའི་གཞུང་ལ་འགྱུར་གི་མ་རེད། ཡིན་ཡང་མ་རེད། ཆོལ་ཁ་གསུམ་དང་ཆོས་རྒྱུད་ལྔའི་ཐུན་མོང་གི་གཞུང་ཡིན་པ་དེ་ཀུན་གྱིས་མཁྱེན་་གསལ་རེད།
    ད་རུང་་་་ཞུ་འདོད་པ་ཡོད་མོད་་་་་་དུས་ཚོད་ཀྱི་ལོང་མི་འདུག བཀྲ་ཤིས་བདེ་ལེགས།

  6. བོད་པ་ཚང says:
    2011-05-17 at 4:08 pm

    བཙན་བྱོལ་བོད་གཞུང་ཞེས་བཏགས་ན་རྒྱ་གར་གཞུང་གིས་ཆོག་མཆན་མ་རེག་པ་ཡིན་ན་མིང་གཞན་ཞིག་དགོས། གཞན་གང་འདོགས་ཞེས་ན་བཙན་བྱོལ་ལྟེ་གནས་ཚོགས་པ་བཏགས་ན་མི་ལེགས་སམ། དྲང་མོར་བཤད་ན་
    གཞུང་ཞེས་པའི་བོད་ཚིག་འདིའི་ནང་དོན་ཇི་བཞིན་དབྱིན་ཇིའི་ནང་བྲི་ན་རྒྱལ་ཁབ་སུས་ཀྱང་ངོས་ལེན་མི་
    བྱེད་པ་དེ་རེད་དོ། ཟམ་གདོང་ལྟར་ན་ཕལ་ཆེར་བཙན་བྱོལ་ལེགས་སྒྲིག་འདོགས་་རྩེད་མོ་ཡིན།
    གང་ལྟར་བོད་ཕྱི་ནང་ཀུན་གྱིས་གོ་བདེ་བ་ཞིག་དགོས་སོ

  7. དབང་འདུས། says:
    2011-05-17 at 7:37 pm

    བོད་གཞུང་འདི་དགའ་ལྡན་ཕོ་བྲང་བས་འཛིན་སྐྱོང་འོག་ཏུ་སྡོད་རྒྱུ་མཇུག་སྒྲིལ་བ་ཙམ་ལས། བོད་གཞུང་མཇུག་སྒྲིལ་བ་མིན་པས་བཙན་བྱོལ་བོད་གཞུང་ཞེས་བརྗོད་ལོས་ཆོག དཔེར་ན་ཨ་རིའི་སྲིད་འཛིན་རེ་རེ་བརྗེ་མཚམས་སུ་འཛིན་སྐྱོང་ལྷན་ཚོགས་ཀྱི་མིང་བརྗེ་འགྲོ་བ་ཙམ་ལས། United state of America ཞེས་པ་དེ་བརྗེ་བསྒྱུར་མི་དགོས་པ་ལྟར་མིན་ནམ།
    དེ་ལས་གཞན་པའི་བརྗེ་བསྒྱུར་ཐལ་དྲགས་པ་དེ་འདྲ་བྱས་ནས་རྒྱ་གཞུང་ཐུགས་མཉེས་ཏེ་དངོས་གྲུབ་ཐོབ་ཆེད་མིན་ན། མཐར་གཟུང་འཛིན་གཉིས་སྟོང་གི་རང་རིག་བདེན་གྲུབ་ཅིག་ཏུ་འགྱུར་ཉེན་འདུག

  8. བཟོད་པ་ལྷ་རྩེ་ says:
    2011-05-18 at 12:42 am

    གོ་སྐབས་རེ་ཤོར་བ་དང་མགོ་བསྐོར་རེ་ཐེབས་པ། བཙན་བྱོལ་གཞུང་གི་བཙའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གིས་བཙའ་ཁྲིམས་ཟིན་བྲིས་ནང་བཙན་བྱོལ་བོད་གཞུང་ཞེས་པའི་མཚན་གནས་དེའི་ཚབ་ཏུ་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་བཞེས་བཀོད་པ་ནས་བཟུང་བོད་མི་མང་པོ་ཞིག་གི་སེམས་ལ་རྨ་ཁ་དང་ཡིད་ནས་རེ་བལྟེས་བཅོལ་ཡུལ་མེད་པ་སྟོང་སྟོང་ལྷང་ལྷང་གི་འཚོ་བ་སྐྱུར་མོ་ཞིག་སྦྱིན་ཡོད་པ་ཀུན་གྱི་མཐོང་ཆོས་ཡིན།

    རེད་ཡ་འདས་པའི་ལོ་རབས་དེ་དག་ལ་ཕྱིར་མིག་ཞིག་བལྟས་པ་ཡིན་ན་དངོས་སུ་མཐོང་བ་ནི་གོ་སྐབས་རེ་ཤོར་བ་དང་ལྷན་དུ་མགོ་བསྐོར་རེ་ཀྱང་ཐེབས་ཡོད་པ་མ་ཡིན་ནམ། གོ་སྐབས་ཤོར་མཁན་ནི་རྒྱལ་བོད་གཉིས་ཀ་ཡིན་ཀྱང་མགོ་བསྐོར་ཐེབས་མཁན་ནི་བཙན་བྱོལ་བ་ང་ཚོ་མིན་ནམ། ངས་འདས་པའི་ལོ་རྒྱུས་མང་པོ་མི་ཤེས་ཀྱང་ངེད་རང་བྱིས་པའི་སྐབས་ཞིག་ལ་རྒྱ་ནག་གི་དབུ་འཁྲིད་ཏེང་ཞོའོ་ཕིང་གིས་རང་བཙན་གྱི་སྐད་ཆ་མ་བཤད་ན་དེ་མིན་ག་རེ་བཤད་ཀྱང་གྲོས་མོལ་གྱི་ལམ་ནས་ཐག་གཅོད་ཐུབ་ལུགས་ཞིག་བཤད་ཡོད།
    གཅིག་བྱས་ན་དེ་ཡང་མགོ་བསྐོར་གཏོང་ཐབས་ཞིག་དང་བསླུ་ཁྲིད་བྱ་ཐབས་ཤིག་ཡིན་ངེས་ཀྱང་སྐབས་དེ་དུས་བཙན་བྱོལ་ནང་རང་བཙན་གཙང་མའི་ལངས་ཕྱོགས་ཞིག་བཟུང་ཡོད་པས་ཐ་ཀར་འབྲེལ་བ་བྱུང་མེད་པ་ནི་རྒྱ་བོད་གཉིས་ཀྱི་གྲོས་མོལ་གྱི་གོ་སྐབས་ཤིག་ཤོར་བ་རེད་སྙམ།

    དེའི་དབང་ལས་བཙན་བྱོལ་ནང་ལྟ་སྒྲུབ་འདྲ་མིན་ཞིག་དར་མགོ་ཚུགས་དེ་ཡང་༼རང་བཙན་གཙང་མ་༽དང་། ༼རང་བདག་རང་གཅོད༽ ༼བདེན་པའི་དབུ་འཛུགས༽ ༼དབུ་མའི་ལམ་༽སོགས་མི་མང་ལ་འདེམས་ཀ་སྤྲད་པ་ཡིན། འོན་ཀྱང་སྐབས་དེ་དུས་ཀྱི་མི་མང་གིས་ཆབ་སྲིད་ཀྱི་གོ་མཐོར་ག་འདྲ་ཞིག་ཡོད་ངས་འགྲེལ་བརྗོད་བྱ་དགོས་མེད།

    སེམས་ཤུགས་ནི་ད་ལྟ་ལས་ཆེ་བ་མེད་ནའང་ཆུང་བ་རྩ་བ་མེད། རིམ་པ་དེ་འདྲ་ཞིག་རྒྱུད་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་འགྱུར་བ་ཐེབས་ནས་༼དབུ་མའི་ལམ་༽ནི་བོད་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་ཞིག་ཏུ་གཏན་འབེབས་བྱས་པ་ནས་བཟུང་རྒྱལ་སྤྱིའི་ནང་ཕྱི་ཚུགས་ཀྱི་རྒྱབ་བསྐྱོར་མང་དག་ཞིག་ཐོབ་ཡོད་ཀྱང་རྩ་དོན་ལ་དམན་པའི་རྒྱབ་བསྐྱོར་ཞིག་ད་བར་དུ་རེག་མེད།

    ཕྱི་ལོ་ ༡༩༩༥ གཡས་གཡོན་ནང་༼ལོ་དུས་གསལ་པོ་མ་ཤེས་༽ཡོ་རོབ་མཉམ་སྦྲེལ་ནས་རྒྱ་དམར་གནོན་ཤུགས་སྤྲད་དེས་དུས་ཚོད་ངེས་ཅན་ནང་བོད་ཀྱི་བདེ་དོན་ཆེད་༸གོང་ས་རྒྱལ་བ་རིན་པོ་ཆེ་དང་བཀའ་མོས་མ་གནང་ན་བཙན་བྱོལ་གཞུང་དེ་ཁྲིམས་མཐུན་གྱི་གཞུང་ཞིག་ཏུ་ངོས་འཛིན་བྱ་རྒྱུ་ཡིན་ཞེས་བཤད་པས་རྒྱ་དམར་ལམ་སེང་གོ་སྐབས་དམ་འཛིན་བགྱིས་ནས་བཙན་བྱོལ་གཞུང་དང་འབྲེལ་བ་བྱས།

    བཙན་བྱོལ་གཞུང་ནས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་རྒྱ་གཞུང་གི་བཤད་པ་ལྟར་གྲོས་མོས་ཐེངས་དགུ་བར་རྒྱུད་ནས་གོ་སྐབས་དེ་ཤོར་དུ་བཅུགས་པ་མ་ཟད་མི་ལོ་མང་པོ་ཞིག་རིང་མགོ་བསྐོར་བཏང་ཡོད། འདི་ལོའི་བོད་གཞུང་གི་མཚན་བརྗེ་སྒྱུར་གྱི་བྱ་བ་དེ་ཡང་ངས་བལྟས་ན་ཡང་བསྐྱར་མགོ་བསྐོར་ཞིག་ཐེབས་ཀྱི་མེད་དམ་སྙམ་ནས་སེམས་པ་སྐྱོ་ཞིང་སྐྱོ་ཞིང་ཟིན་བྲིས་འདི་ཉིད་སྤེལ་བ་ཡིན་པས་ནོར་འཇོལ་ཡོད་ན་བཟོད་པར་མཛོད་ཅིག

  9. བཙན་བྱོལ་བ། says:
    2011-05-18 at 9:54 am

    བཟོད་པ་ལྷ་རྩེས་བཤད་པ་ལ་མི་བདེན་རྒྱུ་ཆེར་མིན་འདུག

  10. ཨ་མདོ་བ། says:
    2011-05-18 at 12:55 pm

    བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་པ་འདིས་ཁ་གཡང་ཁྲོད་ནས་ཉི་མ་བསྐྱལ་རྒྱུ་ཡིན་པའི་བཟོ་ལས་ཐོན་གྱི་མི་འདུག་པས། བཙན་བྱོལ་མང་གཙོའི་བོད་གཞུང་ཞེས་པ་འདི་འཚམས་ཤོས་རེད་འདོད་ཡོད། གང་ལྟར་ད་ཐེངས་ཀྱི་མིང་འདི་ཆོས་ལུགས་ཀྱི་མིང་དང་ཐག་རིང་ས་ཞིག་ནས་འདོགས་ཐུབ་ན་ལེགས་པར་བསམ་ཡོད། ཞེས་མདོ་སྨད་ཕྱོགས་ཀྱི་གཞིས་པ་ཞིག་གིས།

  11. བརྩོན་རྒྱམ། says:
    2011-05-19 at 9:41 am

    གོང་དུ་ལྷ་མོ་སྐྱབས་ལགས་ཀྱི་གནད་འགག་ཅན་འགའ་ཤས་བྲིས་འདུག་བས་ད་དུང་འདི་ལྟ་བུ་གང་མང་ཞིག་བྲིས་ན་ཅུང་ཙམ་ཐན་ངེས་རེད།

  12. དབང་འདུས། says:
    2011-05-19 at 10:21 pm

    ད་སྐབས་བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་བྲིས་ཏེ། དོན་གྱིས་བདེན་པ་མང་ཆེ་བ་རྒྱ་མིར་སྤྲོད་བཞིན་པ་དེས་རྒྱ་མི་རྒྱལ་གྱུར་ཅིག་ཅེས་པ་དང་གཅིག་མཚུངས་སུ་མི་འགྱུར་རམ། བཙོན་བྱོལ་གཞུང་གིས་ད་ལོ་རྒྱ་གཞུང་ཐུགས་མཉེས་ཆེད་དུ་བློས་གཏོང་སྣ་ཚོགས་བྱེད་བཞིན་པ་སྟེ།

    གཅིག སྔོན་གྱི་དུས་རྒྱ་མིས་བཙོན་བྱལ་གཞུང་གིས་བོད་མིའི་ངོ་བོ་མཚོན་མི་ཐུབ་པར་བཤད་པ་དེར་བཙན་བྱོལ་གཞུང་དམངས་གཉིས་ལན་གང་ཤེས་དང་གང་ལྕོགས་བརྒྱབ་ཏེ། བཙོན་བྱོལ་གཞུང་འདིས་བོད་མིའི་ངོ་བོ་མཚོན་ཐུབ་པར་བཤད་ཡོད། ད་ལོ་དེ་ཡང་རྒྱ་མས་བཤད་པ་བདེན་པའི་ཚུལ་གྱིས་མིང་བརྗེ་བསྒྱུར་བྱ་རྒྱུ་འདྲ།
    གཉིས། སྔོན་དུས་དགའ་ལྡན་ཕོ་བྲང་འདི་ཆོལ་ཁ་གསུམ་ལས་དབུས་གཙང་གཅིག་པུའི་གཞུང་ཡིན་ཚུལ་རྒྱ་མིས་བརྗོད་པར་དགག་པ་གང་ཐུབ་པ་བརྒྱབ་མོད། ད་ལོ་དེ་ཡང་རྒྱ་གཞུང་གིས་བཤད་པ་ལྟར་བདེན་ཡིན་པས་ཁྱབ་བསྒྲགས་བྱས་ཟིན་སོང་།
    གསུམ། སྐྱབས་མགོན་མཆོག་གི་སྐུ་ཚབ་ཁག་དང་གྲོས་མོལ་བྱེད་བཞིན་པ་འདི་བཙོན་བྱོལ་གྱི་སྲིད་གཞུང་དང་འབྲེལ་བ་མེད་ལུགས་རྒྱ་མིས་བཤད་པ་དེར་གསལ་པོར་བཟོས་པ་ལྟར་ཁོང་གཞུང་གི་ཆབ་སྲིད་ལམ་ནས་བགྲེས་ཡོལ་དུ་ཕེབས་པར་ང་ཚོས་གཞུང་གིས་ངོ་ལེན་བྱས་པ་རེད།

    བཞི། རང་དབང་དང་རང་བཙན་སོགས་ཀྱི་ལས་དོན་ནི་སྔོན་ནས་མཚམས་བཞག་ཟིན་པ་རེད།

    དེ་ལྟར་བཙོན་བྱོལ་གཞུང་འཛིན་པ་ཚོས་འགྱུར་བ་སྣ་ཚོགས་བཏང་བ་དེར་མི་མང་གིས་དགག་པ་དང་བསམ་འཆར་སྣ་ཚོགས་ཤིག་མ་ཞུས་ཚེ་ཚད་ལས་བརྒལ་བའི་གནད་དོན་ཞིག་ཏུ་འགྱུར་སྲིད། གཞུང་གི་དབང་འཛིན་པ་ཚོས་འགྱུར་བ་སྣ་ཚོགས་ཤིག་བཏང་དགོས་པ་དེ་ནི་གོང་ཞུས་ལྟར་སྲིད་དོན་གྱི་གནད་འགག་ཅིག་ཏུ་ཆགས་པ་རེད། འོན་ཀྱང་མི་མང་ཚོས་གཞུང་འཛིན་པ་ཚོས་གང་བྱས་དང་ལེན་བྱས་ནས་མི་སྡོད་པར་སོ་སོའི་ལྟ་གྲུབ་གསལ་སྟོན་བྱེད་རྒྱུ་ཤིན་ཏུ་གལ་ཆེ་བའི་དུས་ཡིན།

  13. སྐྱུ་རྩི་ནས། says:
    2011-05-19 at 10:48 pm

    བཙན་བྱོལ་བོད་གཞུང་དེ་ཉིད་ཐག་རིང་ས་ནས་བཤད་ན་བོད་རྗེ་བཙན་པོ་རིམ་བྱོན་ནས་ད་ལྟའི་གཞུང་ས་དགའ་ལྡན་ཕོ་བྲང་བར་གྱི་གཞུང་གི་སྒྲིག་འཛུག་དེ་ཡིན། རྒྱ་གཞུང་ནས་ཀྱང་ལོག་སྤྱོད་དང་། ཁྲིམས་འགལ་གྱི་གཞུང་ཞེས་མིག་གི་གྲ་མར་བརྩི་ཞིང་། གཞུང་དེའི་ཆེད་དུ་རང་རིགས་ས་ཡ་མང་པོའི་སྲོག་གི་མཆོད་པ་ཕུལ་ཡོད་ལ་གཞིས་བཞུགས་གདོང་དམར་བ་ཀུན་གྱི་རེ་བའི་དམིགས་པུ་བསྟོད་ས་ཡང་ཡིན་ན་(བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས)ཅེས་སྟབས་བདེ་བོས་བསྒྱུར་བཅོས་བཏང་ན་འགྲིག་པ་ཞིག་ཨེ་ཡིན་ནམ། འཛམ་གླིང་རྒྱལ་ཁབ་གཞན་པའི་རྩ་ཁྲིམས་ལ་བསྒྱུར་བཅོས་གཏོང་སྐབས་མཁས་པའི་དབང་པོའི་ཚོགས་ཆུང་ཟུར་བཙུགས་ཐོག་ལོ་ནས་ལོ་བསྟུད་དེ་སྲེད་བཅད་བརྡར་གསུམ་བྱས་ནས་བསྟན་ལ་ཕབ་པ་ལས་གཟའ་འཁོར་ཁ་ཤས་ནང་ཚང་མ་མཇུག་བསྒྲིལ་བ་དེ་འདྲ་ལུགས་སྲོལ་མེད་པས་གཟབ་གཟབ་གནང་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme