Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་གངས་ཅན་གྱི་སོན་རྩ་ལགས།

Posted on 2012-11-142012-11-14 By ཆུ་སྐྱེས་སྒྲོལ་མ། 8 Comments on བོད་གངས་ཅན་གྱི་སོན་རྩ་ལགས།

བསམ་གླིང་ཚེ་རིང་ལྷ་མོ།

༼འདེ་ནི་བྱིས་པའི་དུས་ཆེན་གྱི་ཉིན་མོར་གུས་མོས་སློབ་ཕྲུག་ཚོར་ཆེད་དུ་སྒྲོགས་སྦྱང་ཞུས་པའི་སྙན་ཚིག་ལགས་སོ།༽

གཅེས་ཕྲུག་ཚོ། བོད་གངས་ཅན་གྱི་སོན་རྩ་ཚོ། ང་ཚོས་གྲངས་བྱ་རེ་རེ་བཞིན་ཞིམ་ཞིམ་མངར་མངར་གྱིས་ཕར་ལ་བསྐྱལ་ཏེ། མདུན་ལམ་དང་ཕུག་བསམ་གྱི་དགའ་མ་མདུན་དུ་བསུ་བཞིན། ཤེས་བྱ་ཡོན་ཏན་གྱི་ནོར་བུ་དུ་མ་ང་ཚོའི་ཁོག་ཏུ་བཅུག་བཞིན་ཡོད་ཨང་། བོད་གངས་ཅན་གྱི་ཕ་ཡུལ་དང་བྲལ་བའི་གཅེས་ཕྲུག་ཚོ། བོད་རྒྱལ་ཁབ་ཀྱི་ས་ཆ་ཡོད་ཚད་རྒྱ་དམར་གྱིས་ཁེངས་ནའང་འདྲ། བོད་གངས་ཅན་གྱི་རྒྱལ་ཁང་ཕོ་བྲང་པོ་ཏ་ལར་རྒྱ་ནག་དམར་པོའི་དར་ཆ་བཙུགས་ནའང་འདྲ།

གང་ལྟར་བོད་རྒྱལ་ཁབ་ཀྱི་ས་ཆ་ནི་ང་ཚོ་རང་གི་ཡིན་ལ། བོད་སྐད་བཤད་ཤེས་ལ་བོད་ཆས་གྱོན་ཤེས་པ། བོད་ཀྱི་རིག་གཞུང་ལ་སྦྱང་པ་ལྷོད་མེད་བྱེད་ཀྱིན་པའི་ལོ་ན་ཕྲ་ལ་རྣམ་དཔྱོད་ལྡན་པའི་བོད་ཕྲུག་ང་ཚོ་ནི་བོད་རྒྱལ་ཁབ་ཀྱི་བདག་པོ་ངོ་མ་ཡིན། ང་ཚོ་ནི་བོད་གངས་ཅན་གྱི་སོན་རྩ་ངོ་མ་ཡིན།

བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་དར་གུད་ཀྱི་ལམ་བུ་ཀྱག་ཀྱོག་དུ་མ་ཞིག་བརྒྱུད་མྱོང་ཡོད་ནའང་འདྲ། གང་ལྟར་ང་ཚོས་འདས་ཟིན་པ་ནས་བསླབ་བྱ་ལེན་གྱིན་དུ་མདུན་དུ་བསྐྱོད་བཞིན་ཡོད་ལ། འདས་ཟིན་པ་ནས་ཉམས་མྱོང་དུ་མ་བསགས་ཀྱིན་དུ་མདུན་བསྐྱོད་བྱེད་བཞིན་ཡོད།

ང་ཚོའི་འདས་ཟིན་པའི་བྱུང་རབས་ནང་རླུང་དམར་གཡོ་བ་ལྟ་བུའི་དམག་འཁྲུག་གི་དུས་རབས་བྱུང་ཡོད་ལ། ཞི་ཞིང་བདེ་ལ་ལོངས་སྤྱོད་འཛོམས་པའི་དུས་རབས་ཀྱང་བྱུང་མྱོང་། མཁྱེན་བྱུང་ངམ། གངས་ཕྲུག་ཚོ། ང་ཚོའི་བྱུང་རབས་ནང་དུས་ནམ་ཡང་བཙན་འཛུལ་པའི་དབང་འོག་ཏུ་མགོ་བོ་སྒུར་ནས་སྡོད་མཁན་གྱི་མི་རིགས་ཤིག་མིན་ལ། མི་རིགས་གཞན་ལ་གཞན་དབང་སྟབས་བསྟུན་གྱིས་གྱི་ནར་བསྡད་པའི་མི་རིགས་ཤིག་དེ་བས་མིན། ང་ཚོ་ནི་ཤར་གླིང་ཨེ་ཤེ་ཡའི་རྒྱལ་ཁབ་དུ་མ་དབང་དུ་འདུ་མྱོང་ཡོད་པའི་དཔའ་བོའི་མི་རིགས་འགྲན་ཟླ་བྲལ་བ་དེ་ཡིན།

ཁ་སང་དང་དེ་རིང་གི་ཉིན་མོ་དེ་དག་ནང་། བོད་གངས་ཅན་ལྗོངས་སུ་ང་ཚོའི་ཤ་རུས་གཅིག་པའི་དཔའ་བོ་དང་དཔའ་མོ་དུ་མ་ཞིག་གིས་བོད་གངས་ཅན་གྱི་ལས་དབང་ལ་ཁ་ལོ་སྒྱུར་བཞིན་འདུག ། ཁོང་ཚོའི་ལང་ཚོ་དང་བདེ་སྐྱིད་ཡོད་ཚད་བོད་གངས་ཅན་པ་རྣམས་ལ་ཕུལ་བཞིན་འདུག་ལ། ཁོང་རྣམས་པ་ཚོས་རང་གི་ཡོད་ཚད་དང་ཡོད་ཚད་དམར་པོའི་མེ་ལ་བསྲེགས་བཞིན་འདུག ། ད་དུང་བོད་གངས་ཅན་གྱི་འདས་ཟིན་པའི་རྒྱལ་རབས་ལོ་རྒྱུས་ལ་གད་དར་གནང་བཞིན་འདུག་ལ། ད་ལྟ་དང་འབྱུང་འགྱུར་གྱི་སྨག་རུམ་ཡོད་ཚད་མར་མེའི་འོད་ཀྱིས་གསལ་བར་བྱེད་བཞིན་འདུག ། སྤུན་ཟླ་ཚོ་ད་དུང་དམར་པོའི་མེ་ལ་འབར་བཞིན་འདུག་ལ། སྤུན་ཟླ་ཚོ་ད་དུང་ཡང་བཙན་པོ་གོང་མ་ཚོའི་ཕྱི་རྗེས་སྙེགས་བཞིན་འདུག ། ད་དུང་ཡང་ཁོང་རྣམས་པ་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་མེ་ཕུང་དང་ལྷན་དུ། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བསྐྱོད་བཞིན་འདུག །

གངས་ཕྲུག་ལགས། གསན་པ་ཨེ་བྱུང་། གངས་ཕྲུག་ལགས་གཟིགས་པ་ཨེ་བྱུང་།

འོན་ཀྱང་ང་ཚོས་དམའ་མཐའ་སར་ཡང་ཁོང་རྣམས་པ་ཚོའི་བཀའ་དྲིན་སེམས་ཁོངས་སུ་བཞག་ནས་ད་ལྟ་བ་དང་འབྱུང་འགྱུར་གྱི་དུས་རབས་ནང་། བློ་རྩ་གྲུང་པོ་དང་ཁེ་གྱོང་ལ་རྟོགས་ཞིབ་བྱེད་ཤེས་པ་བྱས་ཏེ། ང་ཚོའི་མེས་པོས་སྐྲུན་པའི་རྒྱལ་ཁབ་དེའི་ཆེད་དུ། ཁྲག་དམར་གྱི་འགྲོ་སོང་གཏོང་དགོས་ངེས་རེད་ཨང་།

ང་ཚོ་དུས་རབས་འདིའི་ན་གཞོན་ཚོར་ཡོད་པ་ནི་རྒྱ་མཚོ་ལས་གཏིང་ཟབ་པའི་རིག་གཞུང་ལ་ངོམ་མེད་སྤྱོད་བཞིན་ཡོད་ལ། མི་རིགས་ཀྱི་ལ་རྒྱ་དང་ཤེས་ཡོན་གྱིས་ཕྱུག་པའི་མི་རབས་གསར་པའང་ཡིན། ང་ཚོ་མི་རབས་གསར་པ་ནི་འདམ་གྱི་དྲི་མས་མ་འགོས་པའི་པད་མ་དཀར་པོ་ཡིན་ལ། ང་ཚོས་ཆོལ་ཁ་དང་ཆོས་རྒྱུད། ལུང་ཚན་གྱི་འཐེན་འཁྱེར་ཕ་མཐར་བསྐྲད་ཟིན།

ད་ནི་ང་ཚོས་ལོ་རྒྱུས་ལ་ནག་ཐིག་ཏིལ་འབྲུ་ཙམ་ཡང་ཕབ་ཀྱི་མིན་ལ། མི་རིགས་ཀྱི་རིག་གཞུང་ཡར་བརྩོན་དང་སྔོན་ཐོན་གྱི་བསམ་བློས་ཕྱུག་པའི་ཤེས་ལྡན་པ་འདབ་གཤོག་གཉིས་ལྡན་ཞིག་བྱེད་དགོས་ངེས་ཡིན། ད་ཆ་ནི་ང་ཚོས་ཁ་སང་འདས་ཟིན་པའི་ནག་ཐིག་ལ་འགྱོད་སེམས་སྐྱེས་ནས་སྡོད་ཀྱི་མིན་ལ། དེ་རིང་གྱི་དཀའ་སྡུག་ལ་ཡིད་ཞུམ་དགོས་དོན་དེ་བས་མི་འདུག ། དེ་ལས་ལྡོག་པར་ང་ཚོས་འབྱུང་འགྱུར་གྱི་མདུན་ལམ་དེ་ངོ་ཚ་དང་འགྱོད་གདུང་གྱིས་བསུ་མི་དགོས་པར། སྤོབས་སེམས་དང་ལ་རྒྱ་དགའ་སྤྲོ་འབུམ་གྱིས་བསུ་ཐུབ་པའི་བརྩོན་ལེན་བྱེད་ཐག་གཅོད་ཡིན།

ང་ཚོས་སྐར་ཆ་རེ་དང་ཆུ་ཚོད་རེ། ཉིན་མཚན་རེ་ནས་གཟའ་འཁོར་རེ། མདོར་ན་ཟླ་བ་དང་ལོ་སྒྲིལ་ནས་རང་ཡུལ་གྱི་ཆེད་དུ་འབད་རྒྱུ་ཡིན་ལ། རང་ཡུལ་གྱི་ཆེད་དུ་བརྩོན་གྱི་ཡིན། ང་ཚོའི་མེས་པོ་ཚོས་ང་ཚོར་གཟིགས་ནས་བཞུགས་ཡོད་ལ། ང་ཚོའི་འབོད་སྒྲར་གསན་ནས་བཞུགས་ཡོད། ང་ཚོས་མེས་པོ་ཚོའི་ཐུགས་བློ་ཕམ་དུ་འཇུག་གི་མིན། ང་ཚོས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནང་བའི་དྲོ་སྐྱིད་ཚོར་བཞིན་དུ། རང་གཞུང་དང་ཕ་མ་ཉེ་འབྲེལ་ཚོའི་རེ་བ་ཆུད་གཟོད་དེ་བས་གཏོང་མི་ཉན།

ན་གཞོན་ལགས། གངས་ཕྲུག་ལགས། སློབ་མ་ལགས། བྱིས་པ་ལགས་ང་ཚོ་ངེས་པར་དུ་རྨོངས་གཉིད་ལས་སད་པའི་དུས་ལ་སླེབས་ཡོད། ང་ཚོས་བློ་རྩེ་སྒྲིམས་ཤོག ། ང་ཚོ་ངེས་པར་དུ་བློ་རྩ་བསྒྲིམ་པའི་དུས་ཡིན་ལགས།

ཡང་སྒོས་དེ་རིང་ལོ་ཆུང་བྱིས་པ་རྣམས་ཀྱི་དུས་ཆེན་ལ་འཚམས་འདྲིའི་བཀྲ་ཤིས་བདེ ་ལེགས་ཞུ་རྒྱུ་དང་འབྱུང་འགྱུར་གྱི་ལོ་ཟླའི་ནང་ཤེས་ཡོན་གྱི་འདབ་གཤོག་རྒྱས་ཤིང་། བོད་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་བྱེད་མཁན་གྱི་རྒྱལ་གཅེས་པ་ལྷག་བསམ་རྣམ་དག་ཅན་ཤ་སྟག་ཏུ་འགྱུར་བའི་སྨོན་འདུན་ཞུ་རྒྱུ་ཡིན།

སྙན་ངག

Post navigation

Previous Post: ཝི་སི་ཀོན་སིན་གཙུག་ལག་སློབ་གྲྭར་ (མལ་ཌི་སིན་) ཁྱི་རྒན་ཞེས་པའི་གློག་བརྙན་གཟིགས་འབུལ།
Next Post: གཞིས་ལུས་བོད་མིའི་ཚབ་བྱས་ཏེ་རྒྱལ་ཚོགས་ལ་པུས་མོ་བཙུགས་པའི་ལས་འགུལ།

Comments (8) on “བོད་གངས་ཅན་གྱི་སོན་རྩ་ལགས།”

  1. སོག་མདའ་ says:
    2012-11-14 at 4:40 pm

    ཁྱེད་ཅག་ནི་ཁ་བའི་རྒྱུད་འཛིན་པ་ཡིན་ལ།མི་རིགས་འདི་ཡི་བདག་པོ་ཡིན།།སྙན་རྩོམ་ཡག་བྱུང་།ཐུགས་རྗེ་ཆེ།།

  2. གནམ says:
    2012-11-14 at 5:43 pm

    དགེ་མོ་ཞིག་ཡིན་པས་གོ་ཆོད་འདུག། ཨ་མ་ཞིག་ཡིན་པས་ཤ་ཚ་འདུག། བོད་མོ་ཞིག་ཡིན་པས་སེམས་དཔའ་འདུག།
    ཨ་ཅེ་ཁྱོད་སློབ་གྲྭ་གང་ཟིག་གི་དགེ་རྒན་ཡིན། རྗེས་མར་བུ་རྒྱུད་འདྲ་ཡོད་ན་ཁྱོད་ལ་གཏོད་དགོས་བ་འདྲ།

  3. BONPO says:
    2012-11-15 at 8:43 am

    བསམ་གླིང་ཚེ་རིང་ལྷ་མོ་ལགས།
    རྡུང་ལེན་མཁན་པོ་དཔལ་མགོན་ལགས་ལ་བཅར་འདྲི་བྱས་པ་་་་ཞེས་པའི་ལེ་ཚན་ཞིག་མཚོ་སྔོན་པོ་དྲ་བར་བཀོད་འདུག་པས་ངས་འདི་ནས་ཁྱེད་ལ་སྤྱན་འབུལ་ཞིག་ཞུ་འདོད་བྱུང་། དུས་ཚོད་ཡོད་ན་ཅིས་ཀྱང་གཟིགས་པར་འཚལ།
    དཔལ་མགོན་ལགས་ཀྱིས་འདི་ལྟར་གསུངས་པ། ༼དམངས་གླུ་ནི་བོད་ཀྱི་སྲོལ་རྒྱུན་གྱི་དབྱངས་རྟ་ཞིག་ཡིན་པ་དང་། བོད་ཀྱི་ཕ་མེས་ཡང་མེས་ཀྱི་ཐུན་མོང་གི་བློ་གྲོས་ཀྱི་བཅུད་ལས་ཐོན་པ་ཡིན་པས། རྡུང་ལེན་གྱི་དབྱངས་རྩོམ་དུས་དམངས་གླུའི་དབྱངས་རྟ་གཞི་རྩར་བྱས་ཏེ་བརྩམས་ན་ཀུན་གྱིས་རྣ་བའི་གསོས་སུ་འགྱུར་བའི་དབྱངས་སྙན་ལེགས་པོ་ཞིག་འཁྱོངས་ཐུབ་པའི་ཁར། ངག་ནས་ལེན་བདེ་ཞིང་ཉན་མཁན་རྣམས་ཀྱིས་གོ་བདེ་པོ་འདུག གལ་ཏེ་སྐྱེས་བུ་གང་ཞིག་གིས་དེང་རབས་ཀྱི་དབྱངས་རྟ་ལྟར་བརྩམས་པ་ཞིག་ཡིན་ན་བོད་ཀྱི་རྡུང་ལེན་གྱི་གཉུག་མའི་བྲོ་བ་ཡང་འགྱུར་ངེས་ལ། ཉན་པ་རྣམས་ཀྱི་རྣ་བར་མི་བདེ་བས་བོད་ཀྱི་གླུ་ཞིག་མིན་པར་འདོད་ངེས།༽
    ཡང་ཁོང་གིས་ནན་གྱིས་གསུངས་པ། ༼རྡུང་ལེན་ལ་ཚད་ལྡན་ཡིན་མིན་དེ་གཞུང་ལུགས་སྟེང་གཏན་ཁེལ་བྱེད་དཀའ་མོད་ཀྱང་། ཚིག་གི་ཐད་ནས་བཤད་ན། དམངས་གླུའི་ཚིག་རྩ་བར་བྱེད་པའམ་དེ་དང་མཐུན་པར་བྱས་ན་ཚད་ལྡན་ཞིག་རེད་བསམ་གྱིན་འདུག གལ་ཏེ་ཡིག་སྐད་ཀྱི་ཤན་ཞུགས་དྲགས་ན་ནང་དོན་ལེགས་ཀྱང་། ཉན་མཁན་རྣམས་ཀྱིས་གོ་མི་བདེ་ཞིང་རྣ་བར་སྙན་པོར་མི་འདུག དམངས་གླུ་ནི་མི་རབས་ནས་མི་རབས་སུ་རྒྱུད་པའི་སྲིད་པའི་གླུ་ཞིག་ཡིན་ཞིང་། ཇི་ལྟར་ཉན་ན་དེ་ལྟར་ཇེ་སྙན་ཇེ་འཇེབས་སུ་འགྲོ་ངེས་པས། ཚིག་ལ་གཙོ་བོ་དམངས་གླུ་གཞིར་བྱས་ན་ལེགས་པོ་འདུག དབྱངས་ཀྱི་ཐད་ནས་བཤད་ན། སྲོལ་རྒྱུན་གྱི་དབྱངས་རྟ་སྟེ་དམངས་གླུའི་འགུག་ནང་དུ་ཡོད་ཚེ་ཉན་ན་སྙན་མོ་འདུག་ཅིང་བོད་དམངས་རྣམས་ཀྱིས་ཉན་པར་སྤྲོ་བ་ཞིག་འཁྱོངས་ངེས།༽ གསུངས་བཤད་འདི་ཚོ་ལ་བསམ་གཞིགས་ཡག་པོ་གནང་ནས་བོད་ཀྱི་རྩོམ་པ་པོ་ཚོས་ཁ་ཕྱོགས་དེ་བོད་རང་གི་རང་ཁྱིམ་དྲོན་མོར་དགུག་ཐུབ་ན་ཤིན་ཏུ་ལེགས་པ་ཞིག་རེད་དྲན། །
    http://www.amdotibet.cn/html/zt/rwft/2012-11/13867.html

  4. སྙེ་ལྷའི་ཐུགས་སྲས། says:
    2012-11-15 at 9:00 am

    ཉིད་ཀྱི་གནང་བའི་སྨོན་ཚིག་གི་རམ་འདེགས་སུ་ཁོ་བོས་ཡང་དེ་བཞིན་ཞུ་བ་ཡིན།

    ཐུགས་རྗེ་ཆེ། དེ་ཡང་ཁྱེད་ཀྱིས་སུ་གང་གི་མི་གནང་བའི་སློབ་མའི་དུས་ཆེན་ཉིན་གྱི་ལེགས་སྐྱེས་རིན་ཆེན་ཞིག་གནང་འདུག

  5. བསམ་གླིང་ཚེ་རིང་ལྷ་མོ། says:
    2012-11-15 at 11:16 am

    དྲ་གྲོགས་རྣམས་པ་ལྷན་རྒྱས་ལ་ཕེབས་བསུ་དང་ཐུགས་རྗེ་ཆེ་ཞུ།

  6. བཀྲ་ཤིས། says:
    2012-11-16 at 1:06 am

    ད་ཐེངས་ཁྱོད་ཀྱི་སྙན་ངག་བཞུར་སའི་སྨྱུ་གུ་དེ་ལ་སྐྱོན་ཞིག་ཤོར་ཟིན་པ་ཐག་གཅོད་རེད། ཡིག་ནོར་གྱི་སྙན་ངག་ཅིག་བཞེངས་འདུག ང་རང་སྙན་ངག་འདུན་པ་ཡང་ཡིག་ནོར་གྱི་ཉེན་རྟོག་པ་དེ་ཚོས་བཀག་སོང་། རྗེས་ཕྱོགས་འུ་ཚོའི་སྙན་ངག་པ་ཚོའི་ཁ་ཤོམ་འཐེན་སྟངས་ཤར་མར་དུ་བྲིས་ལྟ་བུ་ཟེར་འདོད་ཡོད་ན། ཡིག་ནོར་ལ་གཟབ་ལྟ་ཞིག་བྱ་རོགས། རྗེས་མ་བཀླག་རྒྱུ་ཡིན།

  7. རྔ་རྒྱལ། says:
    2012-11-16 at 1:04 pm

    ཤེས་རབ་ནི་ཐབས་ལས་བྱུང་བ་ཡིན་ལ་ཐབས་ནི་ཤེས་རབ་ཀྱི་མཚོན་ཆ་ལྟ་བུ་ཡིན། བོད་ལ་མཚོན་ན་གངས་རིའི་རིག་གནས་ལས་འཕྲོས་པའི་ཡོན་ཏན་བརྩོན་འགྲུས་རྗེས་འབྲང་ཡིན་ཞེས་པའི་ལྟ་བ་ལ་གཞིགས་ན། འབྱུང་འགྱུར་ལ་ཡར་རྒྱས་དང་བདེ་སྡུག་ཅི་འབྱུང་ནི་གཙོ་བོ་ང་ཚོ་མི་རབས་འདིས་བྱ་བ་གང་ལྟར་སྒྲུབ་པ་ལ་རག་ལས་པའམ་ལྟོས་པ་ཞིག་རེད་སྙམ་མོ། །

  8. རྔ་རྒྱལ། says:
    2012-11-16 at 1:26 pm

    དུས་རབས་ཉེར་གཅིག་པའི་རྣམ་པར་རྒྱལ་བའི་ཁང་བཟང་ནང་དུ་འཛུལ་ལ་ཁད་ཀྱི་སྐབས་སུ་འགྲོ་བ་མིའི་རིགས་ཐམས་ཅད་ཀྱི་འབྱུང་འགྱུར་མདུན་ལམ་གྱི་ཆ་ནས་བལྟས་ན། འདྲ་མཉམ་དང་ཞི་བདེ། མཐུན་སྒྲིལ་དང་བདེ་སྐྱིད་ཅིག་གི་འགོ་འཛིན་པའི་དུས་རབས་གསར་བ་ཞིག་གི་ལམ་དུ་ཞུགས་པའི་འཕེལ་རྒྱས་ཀྱི་ཉི་མ་འོད་པོ་ཆེས་འཇིག་རྟེན་གྱི་རི་ར་བ་ཁང་ཁྱིམ་དུ་ཁྱབ་པར་འགྱུར་བ་ཡིན་པས་འགྲོ་བ་མིའི་རིགས་ཡོངས་ཀྱིས་འབྱུང་བར་འགྱུར་ལ་ཉེ་བའི་དུས་རབས་ཉེར་རབས་པ་ལ་རེ་བ་ཆེན་པོ་བཅངས་ཡོད་ཅིང་། དེ་རིང་ཁ་སང་གི་སྤྱི་ཚོགས་འཕེལ་འགྱུར་སྒྱུ་མའི་གོམ་འགྲོས་ལྟར་མགྱོགས་པའི་དུས་སུ་འགྲོ་བ་མིའི་རིགས་ཡོངས་ཀྱིས་མ་འོངས་པར་བདེ་སྐྱིད་འབྱུང་བར་སྨོན་པ་ཙམ་གྱིས་མི་ཆོག་པར་ལུས་ངག་ཡིད་གསུམ་གྱི་སྒོ་ནས་རེ་བ་ཆེན་པོ་དེ་འགྲུབ་པའི་ཕྱིར་དུ་འབད་བརྩོན་དགོས་ལ། ང་ཚོས་དེ་རིང་ཟས་ཟ་བ་ནི་ཚེ་སྲོག་གི་རྒྱུན་སང་ཉིན་དུ་འཚོ་བའི་དོན་ཡིན་ནའང་། ཚེ་སྲོག་གི་རྒྱུན་སང་ཉིན་དུ་འཚོ་བ་ནི་ཟས་ཟ་བ་ཁོ་ནའི་དོན་གཏན་ནས་མིན་པར་གྲུབ། དེ་ན་འབྱུང་འགྱུར་དུ་འཚོ་བ་ལ་ཐོག་མར་མ་འོངས་པར་བདེ་སྡུག་ཅི་འདྲ་ཞིག་འབྱུང་བའི་རྗེས་དཔག་བྱ་དགོས། དེ་ལས་འབྱུང་འགྱུར་རྟོགས་པའི་ཤེས་རབ་དགོས་ལ། འབྱུང་འགྱུར་སྐྱོང་བའི་ཐབས་ལམ་དམ་པ་ཞིག་ནི་དེ་ནས་ཀྱང་དགོས་སོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme