Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་སྐད་ཡིག་ཐོག་ནས་སློབ་གསོ་མི་རིགས་ཅན་དུ་འགྱུར་རྒྱུ།

Posted on 2014-08-172014-08-17 By ཁ་བརྡ་ 5 Comments on བོད་ཀྱི་སྐད་ཡིག་ཐོག་ནས་སློབ་གསོ་མི་རིགས་ཅན་དུ་འགྱུར་རྒྱུ།

འོས་སྦྱོར་བ། གཅན་རྣམ་ཐར།

 

བོད་ཀྱི་སྐད་ཡིག་ཐོག་ནས་སློབ་གསོ་མི་རིགས་ཅན་དུ་འགྱུར་རྒྱུར་མདུན་ལམ་ཆེན་པོ་ཡོད་པའི་སྐོར།

དུང་དཀར་བློ་བཟང་འཕྲིན་ལས།

ནང་དོན་གནད་བསྡུས། བོད་ཡིག་དང་བོད་སྐད་ཐོག་ནས་སློབ་གསོ་མི་རིགས་ཅན་དུ་བསྒྱུར་ཐུབ་པར་མ་ཟད། བོད་ཀྱི་ཡི་གེ་ལ་མི་རིགས་གཞན་གྱི་ཡི་གེ་དང་མི་འདྲ་བའི་ཁྱད་ཆོས་བདུན་ཡོད་པ་བརྗོད་ཡོད།
གནད་འགག་མིང་བརྡ། བོད་སྐད་ཡིག སློབ་གསོ། མི་རིགས་ཅན།
བོད་ཡིག་དང་བོད་སྐད་ཐོག་ནས་དེང་རབས་རིག་གནས་གསར་བའི་སློབ་གསོ་མི་རིགས་ཅན་དུ་བསྒྱུར་ཐུབ་པ་ཙམ་དུ་མ་ཟད། དེའི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཡོད། རང་རེའི་བོད་ཀྱི་སྔར་ཡོད་རིག་གནས་རྣམས་མེས་རྒྱལ་མི་རིགས་ཁག་གི་རིག་གནས་ནོར་བུའི་བང་མཛོད་ནང་གི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པའི་ཐོག འཛམ་གླིང་རིག་གནས་ཀྱི་གྲལ་སྟར་ནང་དུའང་བོད་རིག་པ་ཞེས་གལ་ཆེའི་ཞིབ་འཇུག་བྱ་ཡུལ་དང་མཐོང་ཆེན་བྱེད་ས་ཞིག་ཏུ་གྱུར་པ་དེ་ནི་བོད་ཀྱི་ཡི་གེ་ལ་མི་རིགས་གཞན་གྱི་ཡི་གེ་དང་མི་འདྲ་བའི་ཁྱད་ཆོས་བདུན་ཡོད་པར་བརྟེན་ནས་བྱུང་བ་ཡིན།

༡༽ བོད་ཡིག་འདི་བྱུང་ནས་ད་བར་ཡུན་རིང་གི་ལོ་རྒྱུས་ཡོད་པ་སྟེ། སློབ་དཔོན་ཐོན་མི་སམྦྷོ་ཊས་ད་ལྟ་ང་ཚོས་བེད་སྤྱོད་བྱེད་པའི་ཡི་གེ་འདི་བཟོ་གནང་མཛད་ནས་ད་བར་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་གྱི་དུས་ཡུན་རིང་པོ་སོང་བ་དང༌།དེའི་རིང་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་མིང་དང་ཚིག་གསར་བ་མང་པོ་ཁ་སྣོན་དང༌། ལེགས་བཅོས། ཞུན་ཐར་ཆོད་པ་བཅས་ཀྱི་གོ་རིམ་བརྒྱུད་རིམ་བཞིན་ཆ་ཚང་བ་དང༌། ཕུན་སུམ་ཇེ་ཚོགས་སུ་གྱུར་པའི་རྨང་གཞིའི་ཐོག་དེང་རབས་སྤྱི་ཚོགས་གསར་བའི་དགོས་མཁོ་དང་མཐུན་པའི་ལོ་རྒྱུས་དང༌། དཔལ་འབྱོར། ཆབ་སྲིད། མཚན་ཉིད། རྩོམ་རིག་སྙན་ངག་བཅས་ཀྱི་ནང་དོན་གསར་བ་མང་པོ་ཞིག་སྔར་ཡོད་བོད་ཡིག་འདི་རང་གི་ཐོག་ནས་ཁ་སྣོན་དང་ཡར་རྒྱས་གོང་འཕེལ་བྱུང་བ་མ་ཟད། སླད་ཕྱིན་ང་རང་ཚོ་རང་གིས་འབད་བརྩོན་བྱས་ན་དེང་རབས་ཀྱི་རིག་གནས་དང་ཚན་རིག་ལག་རྩལ་གྱི་ཤེས་བྱ་ཡོད་ཚད་ད་ལྟའི་བོད་ཡིག་འདི་རང་གི་ཐོག་ནས་ཆ་ཚང་བ་བསླབས་ཤེས་ཐུབ་པའི་མདུན་ལམ་ཆེན་པོ་ཡོད་པ་ཞིག་རེད།

༢༽ ད་ལྟའི་བོད་ཡིག་འདི་ནི་སློབ་དཔོན་ཐོན་མིས་ཐོག་མར་གསར་གཏོད་མཛད་སྐབས་དུས་སྐབས་དེའི་བོད་ཡིག་ས་གནས་སྤྱིའི་ཐུན་མོང་གི་ཡུལ་སྐད་གཞིར་བཟུང་བ་ནས་བཟོས་པ་ཡིན་པས་བོད་རིགས་སྡོད་སའི་ས་ཕྱོགས་ཚང་མར་ཁྱབ་ཆེ་བའི་ཡི་གེ་ཡིན། བོད་ཡིག་ནི་མཚོ་སྔོན་དང༌། ཀན་སུའུ། ཟི་ཁྲོན། ཡུན་ནན་སོགས་ཞིང་ཆེན་ཁག་དང༌། འབྲས་ལྗོངས་དང༌། འབྲུག་ཡུལ། རྒྱ་གར་སོགས་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་བཅས་བོད་རིགས་གང་ན་ཡོད་པ་ཚང་མའི་གཅིག་གྱུར་གྱི་ཡི་གེ་ཡིན་པས་ལུང་པ་སོ་སོའི་ཡུལ་སྐད་ཐོག་བྲིས་ན་མི་འདྲ་བ་ཙམ་མ་གཏོགས་ཕལ་སྐད་ཐོག་བྲིས་ན་ཚང་མས་གོ་བ་ལེན་ཐུབ་པ་དེ་འདྲ་ཡིན།

༣༽ དབྱངས་དང་གསལ་བྱེད། མིང་གཞི། སྔོན་འཇུག རྗེས་འཇུག ཚིག་ཕྲད་སོགས་རྣམ་གྲངས་ཉུང་བས་སློབ་སྦྱོང་བྱེད་བདེ་བོ་ཡོད་པ་གོང་དུ་བཤད་ཟིན་པ་ལྟར་ཡིན།

༤༽ དུས་སྐབས་དང་མཐུན་པའི་མིང་དང་ཚིག་གསར་སྣོན་བྱེད་སྐབས་མིང་དང་ཚིག་གསར་བ་བཟོ་རྒྱུ་མ་གཏོགས་ཡིག་གཟུགས་གསར་བ་བཟོ་མི་དགོས་པ་ཡིན། བོད་ཡིག་འདི་འདྲ་གཟུགས་ཡི་གེ་དང་མི་འདྲ་བར་སྒྲ་སྦྱོར་ཡིན་པས་བོད་མི་རང་གི་སྐད་ཀྱི་ཐོག་ནས་ཆོས་སྐད་དང་འཚོ་བའི་ནང་གི་སྐད་ཆ་སོགས་གང་འདྲ་ཞིག་བཤད་དགོས་པ་ཚང་མ་ཡིག་ཐོག་ཏུ་བཀོད་ཐུབ་ཀྱིན་ཡོད་པར་བརྟེན། བོད་ཀྱི་ལོ་ཙཱ་བ་ཆེན་པོ་ཐམས་ཅད་ཀྱི་དང་པོ་སློབ་དཔོན་ཐོན་མི་སམྦྷོ་ཊ་ནས་བཟུང༌། དུས་རབས་བཅུ་བདུན་པའི་དཀྱིལ་དུ་སྨིན་གྲོལ་གླིང་ལོ་ཆེན་དྷརྨ་ཤྲི་བྱོན་པའི་བར་ལོ་གྲངས་ཆིག་སྟོང་བརྒྱ་མེད་བདུན་ཅུ་དོན་བདུན་རིང་བོད་ཀྱི་ལོ་ཙཱ་བ་མཁས་པ་སྔ་རྗེས་བསྡོམས་བདུན་བརྒྱ་ལྷག་ཙམ་བྱུང་བ་དེ་ཚོས་རྒྱ་ནག་དང༌། རྒྱ་གར། བལ་ཡུལ། ཁ་ཆེ། ཞང་ཞུང༌། ལི་ཡུལ་བཅས་ཀྱི་སྐད་ནས་ནང་བ་སངས་རྒྱས་ཀྱི་གཞུང་ཆེན་པོ་ལྔ་དང༌། གསང་སྔགས། གསོ་རིག སྐར་རྩིས། སྙན་ངག སྒྲ་རིག་པ། གཏམ་རྒྱུད། རྩོམ་ཡིག ཟློས་གར་བཅས་ནང་དོན་ཧ་ཅང་རྒྱ་ཆེ་ཞིང་རྣམ་གྲངས་མང་ལ་གཏིང་ཟབ་པ་བཅས་འབོར་ཆེན་པོ་དེ་ལྟ་བུ་ཞིག་བོད་སྐད་དུ་བསྒྱུར་ནས་བཀའ་འགྱུར་པོད་བརྒྱ་དང་བཅུ་གཅིག

བསྟན་འགྱུར་པོད་ཉིས་བརྒྱ་དང་བརྒྱད་ཡོད་པ་རེད། དེ་ཚོ་ཚང་མ་ཨང་དང་པོའི་མ་ཡིག་གི་གོ་དོན་ཆ་ཚང་བ་ཤེས་པ་མཛད་ནས་བསྒྱུར་བ་གནང་ཙང་བསྒྱུར་སྟངས་ཐད་བོད་ཀྱི་རྩོམ་པ་པོས་བྲིས་པ་དང་ཁྱད་མེད་པའི་འགྱུར་ལེགས་ཤིང༌། གོ་དོན་གནད་ལ་ཁེལ་བ་དེ་འདྲ་བྱུང་ཡོད་ཙང་རྒྱལ་ནང་གི་མི་ཆེས་ཉུང་ཤས་ཕུད། བོད་ཀྱི་རིག་གནས་དང་ལོ་རྒྱུས་མཁྱེན་མཁན་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོས་བསྟོད་བསྔགས་འདི་འདྲ་གནང་ཡོད་པ་སྟེ། བོད་ཀྱི་མཁས་པ་ཚོས་རྒྱ་གར་དང་མི་རིགས་གཞན་དག་གི་རིག་གནས་ལ་ཞིབ་འཇུག་བྱེད་པའི་གྲུབ་འབྲས་ནི་རྒྱ་གར་རང་གི་མཁས་པ་ཚོ་ལས་ཀྱང་ལྷག་པ་བྱུང་ཡོད་པ་དང༌། རྒྱ་གར་རང་གི་སྐད་ཀྱི་ཐོག་ནས་གོ་བ་ལོན་ཁག་པོ་ཡོད་པ་རྣམས་བོད་ཡིག་གི་བསྒྱུར་དཔེའི་ཐོག་ནས་དང་པོའི་མ་ཡིག་གི་གོ་དོན་ཇི་མ་ཇི་བཞིན་ཤེས་ཐུབ་པ་ཡོང་གི་ཡོད་པ་དེའི་ཐོག་ནས། བོད་ཀྱི་སྐད་ཡིག་ལ་ནང་དོན་ཕུན་སུམ་ཚོགས་ཤིང་ཆ་ཚང་བའི་མིང་དང་ཚིག་སྣེ་འཛོམས་པོ་ཡོད་པར་བརྟེན་ནས་བྱུང་བ་རེད་ཅེས་མགྲིན་དབྱངས་གཅིག་གྱུར་གྱིས་བསྔགས་བརྗོད་གནང་གི་ཡོད།

༥༽ གོ་རིམ་ལྡན་པ་དང་ཆ་ཚང་བའི་བརྡ་སྤྲོད་རིག་པ་ཁུངས་བཙན་ཡོད་པ་རེད། མི་རིགས་གཞན་དག་འགའ་ཞིག་གི་ཡི་གེ་བྱུང་ནས་ལོ་སྟོང་ཕྲག་གཉིས་ལྷག་ཙམ་སོང་ཚར་ཡང༌། དེ་དང་མཐུན་པའི་བརྡ་སྤྲོད་རིག་པ་བྱུང་ནས་ལོ་བརྒྱ་མ་ཟིན་ཙམ་ལས་སོང་མེད་ཅིང༌། དེ་ཡང་ཕྱི་རྒྱལ་དང་མི་རིགས་གཞན་དག་གི་བརྡ་སྤྲོད་རིག་པ་ནས་ཚུར་བླངས་པ་ཞིག་རེད། རང་རེའི་བོད་ཀྱི་བརྡ་སྤྲོད་རིག་པ་ནི་དུས་རབས་བདུན་པའི་འགོར་སློབ་དཔོན་ཐོན་མི་སམྦྷོ་ཊས་སྐབས་དེའི་བོད་སྤྱིའི་ཕལ་སྐད་ལ་བརྟག་དཔྱད་ནན་ཏན་མཛད་པའི་རྨང་གཞིའི་ཐོག་སུམ་ཅུ་བ་དང་རྟགས་འཇུག་སོགས་བོད་ཀྱི་སྒྲ་རིག་པའི་བསྟན་བཅོས་བརྒྱད་བརྩམས་པ་གནང་བ་ནས་ད་བར་ལོ་ཆིག་སྟོང་སུམ་བརྒྱ་ཉི་ཤུ་ལྷག་ཙམ་སོང་ཚར་བ་རེད།

༦༽ ལོ་ངོ་སྟོང་ཕྲག་གི་དུས་ཡུན་སོང་ན་ཡང་བོད་ཀྱི་སྐད་ཡིག་གི་ཆུ་ཚད་ངེས་ཅན་ཡོད་པའི་མིས་ཀློག་ཐུབ་པ་མ་ཟད། གོ་བ་ཡང་ལོན་ཐུབ་ཀྱི་ཡོད་པ་རེད། མི་རིགས་གཞན་དག་གི་གནའ་རབས་ཡི་གེ་མང་ཆེ་བ་མཁས་པའི་དབང་བོ་རྣམས་ཀྱིས་ཀྱང་ཡུན་རིང་བརྟག་དཔྱད་གནང་ན་མ་གཏོགས་ཀློག་རྒྱུ་དང་གོ་རྒྱུ་ཧ་ཅང་ཁག་པོ་ཡོད། བོད་ཡིག་ནི་དེ་དང་མི་འདྲ་བར་དཔེར་ན་དེ་སྔོན་དུས་རབས་བརྒྱད་པའི་དཀྱིལ་དུ་བཙུགས་པའི་ཞོལ་རྡོ་རིང་ཕྱི་མ་དང་དུས་རབས་དགུ་བའི་དཀྱིལ་དུ་བཙུགས་པའི་ལྷ་ས་གཙུག་ལག་ཁང་མདུན་གྱི་རྡོ་རིང་ཐོག་གི་བོད་ཡིག་རྣམས་ལྟ་སྐབས། བརྡ་རྙིང་པ་ཉུང་ཤས་མ་གཏོགས་དེ་བྱིངས་མང་ཆེ་བ་བོད་ཀྱི་སྐད་ཡིག་གི་ཆུ་ཚད་ངེས་ཅན་ཡོད་པའི་མིས་ཀློག་ཐུབ་པ་མ་ཟད། གོ་བ་ཡང་ལེན་ཐུབ་ཀྱིན་ཡོད་པ་དེ་རེད།

༧༽ བོད་ཡིག་འདི་སྒྲ་སྦྱོར་ཡི་གེ་ཡིན་ཙང༌། སྐད་ཡིག་གཞན་དག་གི་སྒྲ་སྦྱོར་བྱེད་རྒྱུ་དང༌། མིང་ཚིག་གསར་བ་ཁ་སྣོན་གང་བྱས་ཀྱང་ད་ཡོད་ཡིག་འབྲུ་བཞི་སྟོང་ལྷག་ཙམ་དེ་རང་གི་སྟེང་ནས་བྱེད་ཆོག་པ་ཡིན། མི་རིགས་གཞན་དག་གི་ཡི་གེ་དང་སྐད་སྒྲ་སྦྱོར་བྱས་ནས་བོད་ཡིག་འདི་རང་གི་ཐོག་ནས་བྱེད་ཆོག་པ། སྔར་གྱི་བོད་ཡིག་དཔེ་ཆ་མང་པོའི་ནང་གི་ཡུལ་སྐད་དང༌། རྒྱ་གར་སྐད། ཞང་ཞུང་སྐད། དབྱིན་ཇིའི་སྐད་བཅས་སྒྲ་སྦྱོར་བྱས་པ་དེ་ཚོ་མི་རིགས་གཞན་དག་གི་ཡི་གེའི་ཐོག་ནས་སྒྲ་སྦྱོར་ལས་ཧ་ཅང་གིས་སྒྲ་དག་པ་དང་ཡག་པ་ཡོད། རྒྱཡིག་གི་ཐོག་མི་རིགས་གཞན་དག་དང་བོད་ཀྱི་སྐད་སྒྲ་སྦྱོར་བྱས་པས་དེ་ཚོ་སྒྲ་དག་པོ་མེད་པར་བརྟེན་མི་རིགས་གང་འདྲ་ཞིག་གི་སྐད་ཡིན་མིན་ངོ་མ་ཆོད་པ་དེ་འདྲ་ཡོང་གི་ཡོད། (ཁོང་གི་གསུང་འབུམ་ཇ་པོད་ལས་བཤུས།)

བགྲོ་གླེང་།

Post navigation

Previous Post: རྣམ་བཅུ་དབང་ལྡན་འདི་གཉིས་ལས་གང་ཞིག་ཁུངས་དང་ལྡན་ནམ།
Next Post: རྒྱང་རིང་གི་སེམས་འཕྲིན།

Comments (5) on “བོད་ཀྱི་སྐད་ཡིག་ཐོག་ནས་སློབ་གསོ་མི་རིགས་ཅན་དུ་འགྱུར་རྒྱུ།”

  1. ཀླུ་སྨྱོན། says:
    2014-08-18 at 12:20 am

    ཚེ་ཏན་ཞབས་དྲུང་གི་འཁྲུངས་ཡུལ་ན་རྒྱ་ཡིག་མ་གཏོགས་བོད་ཡིག་སློབ་ཀྱི་མི་འདུག འདི་ཕངས་པ་ལ།
    http://www.qhtb.cn/qhtv/xzh/2014/07-26/8665.html

  2. གྱེར་ནག་ཚང་། says:
    2014-08-18 at 7:34 am

    སྐྱབས་སུ་མཆི། “སློབ་དཔོན་ཐོན་མི་སམྦྷོ་ཊས་བོད་ཡིག་མཛད་འདུག་”ཅེས་ད་རུང་ཆགས་སྡང་གིས་ཨུ་ཚུགས་མཛད་ཀྱི་འདུག་རིན་པོ་ཆེ་རང་རེད།
    བོད་ཡིག་བྱུང་ནས་“ད་བར་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་གྱི་དུས་ཡུན་རིང་པོ་”སོང་བ་རེད་ཅེས་གསུངས་་ཀྱི་འདུག ལོ་ངོ་༡༣༠༠། རིང་པོ་རེད་ངོམས་སོ་མཛད་ཀྱི་འདུག

  3. སྟག་རྒྱལ་པོ། says:
    2014-08-18 at 7:48 am

    ༸ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་དང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་དབུས་རང་མི་རིགས་ཆེད་རླབས་ཆེན་གྱི་བྱ་གཞག་སྒྲུབ་མཁན་ཁྱེད་རྣམས་འཇིག་རྟེན་འདི་ནས་ཞལ་གྱེས་རྒྱུ་སྔ་དྲགས་སོང། ད་ཆ་ཁྱེད་རྣམ་པས་རང་ཉིད་ཀྱི་མིག་འབྲས་ལྟར་གཅེས་སྐྱོང་བྱས་པའི་མི་རིགས་ཀྱི་བླ་སྲོག་ལ་བཅོས་མའི་གར་སྟེགས་ཐོག་མཆུ་རྩེར་ནས་བོད་མི་རིགས་ཀྱི་སྐད་ཡིག་གལ་ཆེ་ཡིན་ཚུལ་ཁོ་ན་སྒྲོག་བཞིན་པའི་གནས་འདི་ནས་གོད་ཆག་གི་ཐལ་རླུངས་འཚུབ་བཞིན་འདའ། །

  4. གནམ says:
    2014-08-18 at 10:16 am

    ༼ལུང་པ་སོ་སོའི་(ཡུལ་སྐད)་ཐོག་བྲིས་ན་མི་འདྲ་བ་ཙམ་མ་གཏོགས་(ཕལ་སྐད)་ཐོག་བྲིས་ན་ཚང་མས་གོ་བ་ལེན་ཐུབ་པ་དེ་འདྲ་ཡིན།༽
    ཅི་བརྫོ་ལེ་ཡོད་པ་རེད། དཔེ་མི་སྲིད་པ་ཞིག་གསུངས་ཡོད་པ་འདྲ། དཔེ་ཡག་མོ་རེད། ཧ་ཧ་ཧ།

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-08-19 at 10:12 am

    བདག་གི་བློར་ཐོན་མི་སམྦྷོ་ཊ་ཡིས་རྒྱ་གར་གུཔྟའི་ཡི་གེ་ལ་བོད་ཀྱི་མིང་ཚིག་བརྗོད་པ་རྣམས་འབྲི་ཐུབ་པའི་ངོ་སྤྲོད་མཛད། འོན་ཀྱང་གུཔྟའི་ཡི་གེ་ལ་མེད་པ། ཅ་ཆ་ཇ་གསུམ་ཡིན་ནམ། ཙ་ཚ་ཛ་གསུམ་གང་ཡིན། དིང་སང་གི་རྒྱུ་གར་དབུས་ཀྱི་བརྗོད་སྟངས་ལ་ལྟ་རྟོག་དགོས་པ་དང་་། བུ་སྟོན་རིན་པོ་ཆེས། གཟུགས་ཁ་ཆེ་ཡི་གེ་དང་བསྟུན་ནས། ཞེས་པ་དག་ལ་དཔྱད་ན། མཁས་མཆོག་ཐོན་མི་ཁ་ཆེའི་ཡུལ་དུ་མ་གཏོགས། རྒྱ་གར་དབུས་སུ་ཕེབས་མེད་པར་གྲུབ། དེ་དུས་ཀྱི་ཁ་ཆེའི་སྒྲ་གདངས་དང་བསྟུན་ཏེ། ཅ་ཆ་ཇ་ཞ་ཟ་འ་སྟེ། ཡི་གེ་དྲུག་བོད་སྐད་ལ་མཁོ་བས། གསར་དུ་བཟོ་བར་མཛད། མཁས་དབང་དགེ་ཆོས་ཀྱིས་གསུངས་པ་ལྟར་བོད་ཡིག་གི་གཟུགས་དེ་གུཔྟའི་ཡིག་གཟུགས་རང་ཡིན་འདུག གལ་ཏེ་ཐོན་མི་སམྦྷོ་ཊས་བོད་ཡིག་གསར་དུ་བཟོས་པ་ཡིན་ན། ངེས་པར་དུ་སྔོན་འཇུག་དང་རྗེས་འཇུག་གི་ཡི་གེ་རྣམས་མིང་གཞིའི་ཡི་གེ་དག་དང་གཟུགས་མི་འདྲ་བ་བཟོ་ངེས་ལ། དེ་འདྲ་བཟོ་བའི་ངལ་བ་མ་མཛད་པར་ཚེག་མེད་པ་ཁོ་ནས་སྔོན་རྗེས་ངོས་གཟུང་དགོས་པ་བྱུང་།
    ་
    གལ་ཏེ་བོད་རིང་ལུགས་ཡོད་དགོས་ན། བོད་མཁས་པས་གཏན་ལ་འབེབས་པའི་དག་ཆ་ལ་རྩི་དགོས། དེ་འདྲ་མ་ཡིན་པར་སྟབས་བདེ་བྱས་ན། ལ་དྭགས་པའི་ཁ་རྒྱུན་དུ།
    ་
    ཉེ་ལམ་བཅད་ན། ཤི་ལམ།
    ་
    ཞེས་པའི་དཔེ་རུ་མ་སོང་བ་གལ་ཆེའོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme