Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་”རྩོམ་རིག་ལོ་རྒྱུས་”ཞེས་པའི་བརྡ་ཆད་དང་དེའི་ཁྱབ་ཁོངས་ལ་དཔྱད་པ།

Posted on 2012-11-272012-11-27 By ཁ་བརྡ་ 3 Comments on བོད་ཀྱི་”རྩོམ་རིག་ལོ་རྒྱུས་”ཞེས་པའི་བརྡ་ཆད་དང་དེའི་ཁྱབ་ཁོངས་ལ་དཔྱད་པ།

ཙན་མེ་སྟག  ས་རཱ་མཐོ་སློབ།

སྤྱིར་བཏང་”རྩོམ་རིག་ལོ་རྒྱུས་”ཞེས་པའི་རིག་ཚན་འདི་འཛམ་གླིང་གི་སྐད་མཛོད་ནང་དུ་གནའ་སྔ་མོ་ནས་ཡོད་པའི་ཐ་སྙད་རྙིང་གྲས་ཤིག་མ་ཡིན་པར་དུས་རབས་བཅོ་བརྒྱད་པར་གཞི་ནས་གཏན་ལ་ཕབ་པའི་བརྡ་ཆད་སོ་མ་ཞིག་རེད།   ལོ་ངོ་སུམ་བརྒྱ་ཡས་མས་ཤིག་གི་སྔ་རོལ་དུ་ཡོ་རུབ་གླིང་ལ་རྩོམ་རིག་ལོ་རྒྱུས་ཞེས་པའི་རིག་པ་འདི་ཅུང་འཐུས་སྒོ་ཚང་བ་ཞིག་དར་ཡོད་ཚོད་འདུག  ས་སྒང་གོ་ལ་འདིར་འཚོ་ཞིང་གནས་པའི་མི་རིགས་དང་རྒྱལ་ཁབ་ཡོད་དོ་ཅོག་ལ་རང་རིགས་ཀྱི་རྩོམ་རིག་གི་འབྱུང་ཁུངས་དང་འཕེལ་འགྲིབ་ཀྱི་ལེའུ་རིང་མོ་ཞིག་བརྒྱུད་ནས་ཡོང་བ་ནི་ཆོས་ཉིད་ཡིན་ཙ་ན།  གདོད་མའི་གནས་སྐབས་སུ་འགྲོ་བ་མིའི་རིགས་ཀྱིས་ཐོན་སྐྱེད་ངལ་རྩོལ་ལ་བརྟེན་ནས་རིམ་གྱིས་སྐད་ཆ་བྱུང་ཞིང་།  སྐད་ཆ་དེའང་ཀྱག་ཀྱོག་ཆེ་བའི་བགྲོད་ལམ་གྱི་གཞུར་རྒྱུན་ཁྲོད་ནས་སྐད་ཆ་དང་གླུ་གཉིས་སུ་གྱེས་པ་ཡིན

འགྲོ་བ་མིའི་རིགས་ཀྱི་རྩོམ་རིག་གི་འབྱུང་ཁུངས་ཀྱང་མཐར་གཏུགས་ན་གདོད་མའི་དམངས་ཁྲོད་ལ་དར་ཁྱབ་ཏུ་སོང་བའི་སྙན་འཇེབས་ཀྱི་གླུ་དབྱངས་དེ་ཡིན་པར་འདོད།  དེ་ཡང་དབྱིན་ཇིའི་སྙན་ངག་ཞིབ་འཇུག་པ་ཞིག་གིས། “གདོད་མའི་དུས་སྐབས་སུ་ཐོན་སྐྱེད་ངལ་རྩོལ་ཁྲོད་སྐད་ཆ་བྱུང་ཞིང་། སྐད་ཆའང་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་ནས་སྤྱིར་བཏང་གི་སྐད་ཆ་དང་གླུ་གཉིས་སུ་གྱེས་”ཞེས་བཤད་པ་ནི་དངོས་ཡོད་ལ་གཞོལ་ཞིང་རྩོམ་རིག་གི་སྤྱི་འགྲོས་ལ་བྱང་བའི་བདེན་གཏམ་ཞིག་ཏུ་འཁུམས།  བོད་ལའང་འཛམ་གླིང་སྤྱི་འགྲོས་ལྟར་མིའི་རིགས་ཀྱི་སྐད་ཆ་བྱུང་བ་ནས་རིམ་གྱིས་རང་བྱུང་ཁམས་ལ་ངོས་འཛིན་གྱི་དཔྱད་འབྲས་མི་ཉུང་བ་ཞིག་དྲི་བའི་ལམ་ནས་གདངས་སུ་གྱེར་བ་དང་། དུས་རབས་ཀྱི་འཕོ་འགྱུར་ལ་བརྟེན་ནས་དགའ་སྐྱོ་ཆགས་སྡང་གི་གསང་གནད་ཕྲ་མོ་དག་ངག་ཏུ་བསྡེབས་ཤིང་།  ཕུན་སུམ་ཚོགས་པའི་ཚིག་རྒྱན་གྱིས་རམ་འདེགས་ཀློང་ནས་བརྡོལ་བའི་བརྩམས་ཆོས་ཁ་གྲངས་ལོངས་པ་ཞིག་ཅིས་ཀྱང་ཡོད་མོད།   བོད་ཀྱི་མཁས་པའི་མིང་འཛིན་པ་ཚོས་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ཡར་སྔོན་ནས་དར་ཞིང་འཕེལ་བའི་ཆོས་ཉིད་ཀྱི་གོ་རིམ་ལྡན་ལ། ད་ལྟའང་གླེང་ན་རིན་ཐང་ལྡན་པའི་རྩོམ་རིག་གི་ལེགས་ཉེས་ཀྱི་ཆ་ལ་འདེང་འཇོག་དང་དཔྱད་གཏམ་སྤེལ་བ་སོགས། འདོད་བློ་ཁེངས་ཤིང་ཡི་གར་འབབ་པ་ཞིག་གཏན་ནས་མིན།

 “རྩོམ་རིག་ལོ་རྒྱུས”ཞེས་པའི་བརྡ་ཆད་ཀྱི་ཁུངས།

གོང་དུ་གླེང་སློང་ཟུར་ཙམ་བྱས་པ་ལྟར་”རྩོམ་རིག་ལོ་རྒྱུས་”ཞེས་པའི་བརྡ་ཆད་འདི་འཛམ་གླིང་གི་ཡིག་མཛོད་ནང་དུ་སྔ་མོ་ནས་ཡོད་པའི་ཐ་སྙད་རྙིང་གྲས་ཤིག་གཏན་ནས་མིན། དུས་རབས་བཅོ་བརྒྱད་པར་གཞི་ནས་ཡོ་རུབ་གླིང་ལ་གསར་དུ་དར་ཞིང་ལོ་ངོ་སུམ་བརྒྱ་ཡས་མས་ཤིག་གི་ལོ་རྒྱུས་ལས་མེད་པའི་བརྡ་ཆད་གསར་བ་ཞིག་རེེད། རྩོམ་རིག་ལོ་རྒྱུས་ཞེས་པ་འདི་ལ་དབྱིན་ཡིག་གི་ཡི་གེའི་ནང་ History  of Literature  ཞེས་བྲིས་འདུག བརྡ་ཆད་འདི་དུས་རབས་བཅོ་བརྒྱད་པར་ཡོ་རུབ་གླིང་ལ་གསར་དུ་དར་བའི་”རྩོམ་རིག་ལོ་རྒྱུས་”ཞེས་པ་དེ་ཡིན།  དེ་ནས་རྒྱུན་རིང་བོ་མ་འགོར་བའི་སྔ་རོལ་དུ་རྒྱ་ནག་ལའང་བརྡ་ཆད་འདི་གསར་དུ་དར་བ་ཡིན་ལ། རྒྱ་ནག་པས་བརྡ་ཆད་འདི་ལ་ 文学史 ”ཝུན་ཞོ་ཧྲི”ཞེས་བརྗོད་ཀྱིན་ཡོད། “文学史“ཝུན་ཞོ་ཧྲི་“ཞེས་པའི་བརྡ་ཆད་འདི་བོད་པའི་སྐད་ཀྱི་སྟེང་ལ་ཐད་བསྒྱུར་བྱས་པ་ནས་བཟུང་བོད་ལ་“རྩོམ་རིག་ལོ་རྒྱུས་“ཞེས་པའི་ཐ་སྙད་འདི་བྱུང་བར་འདོད།

དེ་ཡང་“ཕྱི་ལོ་ ༡༩༧༦ ལོར་བརྩམས་གྲུབ་པའི་《རྒྱ་བོད་ཤན་སྦྱར་ཚིག་མཛོད་》(མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན) ཀྱི་ཤོག་ངོས་ ༡༠༥༠ པར་རྒྱ་ཡིག་གི་文学史“ཝུན་ཞོ་ཧྲི་“ཞེས་པའི་བརྡ་ཆད་འདི་“རྩོམ་རིག་ལོ་རྒྱུས་“ཞེས་དངོས་སུ་ཐད་བསྒྱུར་བྱས་ཡོད་པ་དེ་ཡིན། ཕྱི་ལོ་ ༡༩༧༦ ཡར་སྔོན་དུ་ང་ཚོར་“རྩོམ་རིག་ལོ་རྒྱུས་“ཞེས་པའི་བརྡ་ཆད་འདི་ཕལ་ཆེར་ཡོད་ཚོད་མི་འདུག
གང་ཡིན་ཞེ་ན།  ང་ཚོ་ཚང་མར་རྒྱུས་མངའ་ཡོད་པ་ལྟར་“རྩོམ་རིག་“ཅེས་པའི་ཐ་སྙད་འདི་རྒྱ་ནག་གི་文学“ཝུན་ཞོ་“ཞེས་པ་ཐད་བསྒྱུར་བྱས་པ་ནས་བོད་པའི་ཚིག་མཛོད་ནང་དུ་ཐོག་མར་“རྩོམ་རིག་“ཅེས་པའི་ཐ་སྙད་འདི་བྱུང་བར་མཁས་པ་མང་བོ་ཞིག་གིས་ཕལ་ཆེར་ཐག་བཅད་ཟིན་པ་རེད།

དེ་ལྟ་ན་“རྩོམ་རིག་ལོ་རྒྱུས་“ཞེས་པའི་བརྡ་ཆད་འདི་“རྩོམ་རིག་“ཅེས་པའི་ཐ་སྙད་ཀྱི་སྔ་རོལ་དུ་བྱུང་མི་སྲིད་པ་རིགས་འདེད་ཅུང་ཟད་བྱས་པ་ཙམ་གྱིས་རྟོགས་སླ་བ་མ་ཡིན་ནམ། མདོར་ན་”རྩོམ་རིག་”དང་”རྩོམ་རིག་ལོ་རྒྱུས་”ཞེས་པའི་བརྡ་ཆད་གཉིས་《རྒྱ་བོད་ཤན་སྦྱར་ཚིག་མཛོད་》ནང་དུ་གཞི་ནས་ཡོང་བའི་ཐ་སྙད་གསར་བ་གཉིས་ཡིན་པ་དེ་རེད།   དེས་ན་“རྩོམ་རིག་ལོ་རྒྱུས་“ཞེས་པའི་བརྡ་ཆད་འདི་གོང་དུ་བཤད་ཟིན་པའི་《རྒྱ་བོད་ཤན་སྦྱར་ཚིག་མཛོད་》དེའི་ནང་ནས་རྒྱ་ནག་གི་文学史“ཝུན་ཞོ་ཧྲི་“ཞེས་པ་ཐད་བསྒྱུར་བྱས་པ་ནས་“རྩོམ་རིག་ལོ་རྒྱུས་“ཞེས་པའི་བརྡ་ཆད་འདི་བོད་ཀྱི་སྐད་ཡིག་ནང་དུ་བསླེབས་ནས་དེ་རིང་བར་དུ་ཏག་ཏག་ལོ་ངོ་སུམ་ཅུ་སོ་དྲུག་སོང་ཡོད་པ་ཤེས་གལ་ཆེ། 

བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་གྲངས་ཚད་དང་དཔྱད་བསྡུར།

     ཡོ་རུབ་གླིང་ལ་རྩོམ་རིག་ལོ་རྒྱུས་ཞེས་པའི་རིག་པའི་གཞུང་ལུགས་འདི་དར་ནས་ཕལ་ཆེར་མི་ལོ་སུམ་་་བརྒྱ་ཡས་མས་ཤིག་སོང་ཡོད་ཚོད་འདུག རྒྱ་ནག་ལ་མཚོན་ན་རྩོམ་རིག་ལོ་རྒྱུས་ཞེས་པའི་རིག་ཚན་འདི་བྱུང་ནས་ལོ་ངོ་བརྒྱ་ཕྲག་ལྷག་འགྲོ་བཞིན་ཡོད་པ་ཡིན་ལ། ཆེས་ཐོག་མར་རྒྱ་ནག་གི་རྩོམ་རིག་ལོ་རྒྱུས་འབྲི་མཁན་ནི་ཨུ་རུ་སུ་དང་། ཉི་ཧོང་།  དབྱིན་ཇི།  འཇར་མན་སོགས་ཀྱི་མཁས་པ་ཤ་སྟག་ལས་མ་འདས། རྒྱ་ནག་རང་གི་མཁས་པས་བརྩམས་པའི་རྩོམ་རིག་ལོ་རྒྱུས་ཐོག་མ་ནི་ཧོང་རིན་ཞེས་པའི་མཁས་པ་དེས་བྲིས་པའི་(ཕྱི་ལོ་༡༩༠༤____༡༩༠༧ ལོའི་བར་ལ་དཔེ་སྐྲུན་བྱས།) 《ཀྲུང་གོའི་རྩོམ་རིག་ལོ་རྒྱུས་》ཞེས་པ་དེ་ཡིན།  དེ་ནས་བཟུང་ད་ལྟ་བར་དུ་རྒྱ་ནག་གི་མཁས་པ་ཚོས་བརྩམས་པའི་རྩོམ་རིག་ལོ་རྒྱུས་ཀྱི་བསྟན་བཅོས་མི་འདྲ་བ་སྣ་མང་གྲངས་ཚད་ལོན་དཀའ་བའི་ཚོད་དུ་སྣང་། 《བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན་》 ཞེས་པའི་ནང་དུ། “རྒྱ་མི་རིགས་ལ་མཚོན་ན་ལོ་ངོ་བརྒྱ་ལྷག་གི་རིང་ལ་རིག་པ་འདི་དར་རྒྱས་ཆེན་པོ་བྱུང་ཡོད་དེ། མིག་སྔའི་དུས་འདིར་བསླེབས་ཀྱི་བར་དུ་རྒྱའི་རྩོམ་རིག་ལོ་རྒྱུས་ཀྱི་བསྟན་བཅོས་མི་འདྲ་བ་ཆིག་སྟོང་དྲུག་བརྒྱ་ལྷག་བྱུང་ཡོད་པར་གྲགས་“ཞེས་པ་དེས་རྒྱ་ནག་ལ་རྩོམ་རིག་ལོ་རྒྱུས་ཞེས་པའི་རིག་པ་འདི་དར་ནས་འཕེལ་རྒྱས་ཅི་ཙམ་ཞིག་སོང་ཡོད་མེད་རགས་ཚོད་ཅིག་ཤེས་ནུས་པ་མ་ཡིན་ནམ། བོད་ལ་མཚོན་ན་ཐོག་མར་བྱུང་བའི་རྩོམ་རིག་ལོ་རྒྱུས་ཀྱི་བསྟན་བཅོས་ནི་རྒྱ་ནག་གི་མཁས་པས་བརྩམས་པ་ཡིན།

རྒྱ་ཡིག་གི་ལམ་ནས་བརྩམས་པའི་བོད་ཀྱི་”རྩོམ་རིག་ལོ་རྒྱུས་”ཐོག་མ་ནི་”ཕྱི་ལོ་༡༩༨༥ ལོར་དཔེ་སྐྲུན་བྱས་ཤིང་ཀྲུང་དབྱང་མི་རིགས་སློབ་གླིང་གི་སྐུ་ཞབས་ཀེང་དབྱི་ཧྥང་སོགས་ཀྱིས་སྒྲིག་རྩོམ་བྱས་པའི་《བོད་ཀྱི་རྩོམ་རིག་ལོ་རྒྱུས་》ཞེས་པ་དེ་ཡིན།  དེ་ནས་ལོ་གསུམ་གྱི་རྗེས་ཏེ་”ཕྱི་ལོ་ ༡༩༨༨ ལོར་ནུབ་བྱང་མི་རིགས་སློབ་གླིང་གི་སྐུ་ཞབས་ཝང་ནོན་དང་ཅིན་ཧྥུ་གཉིས་ཀྱིས་བརྩམས་པའི་《བོད་ཀྱི་རྩོམ་རིག་ལོ་རྒྱུས་མདོར་བསྡུས》ཞེས་པ་དཔེ་སྐྲུན་བྱས།  ཕྱི་ལོ་ ༡༩༧༦ ལོར་བོད་ལ་”རྩོམ་རིག་ལོ་རྒྱུས་”ཞེས་པའི་བརྡ་ཆད་བྱུང་བ་ནས་ད་ལྟ་བར་དུ་མི་རིགས་གཞན་གྱིས་བརྩམས་པའི་”བོད་ཀྱི་རྩོམ་རིག་ལོ་རྒྱུས་”འདི་གཉིས་ལས་མེད།

བོད་པ་རང་གི་མཁས་པས་བརྩམས་ཤིང་བོད་ཡིག་གི་ལམ་ནས་བྲིས་པའི་”བོད་ཀྱི་རྩོམ་རིག་ལོ་རྒྱུས་”ཆེས་ཐོག་མ་དེ་ཕྱི་ལོ་༡༩༩༩ ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་དཔའ་རྩེ་དང་ལྷ་རྒྱལ་ཚེ་རིང་གཉིས་ཀྱིས་སྒྲིག་རྩོམ་བྱས་པའི་(ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན)

༡. 《བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས་”ཞེས་པ་དེ་ཡིན། དེ་ནས་བཟུང་བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་གཏོགས་པའི་དཔེ་དེབ་འགའ་ཞིག་ཐོན་ཡོད་པ་རྣམས་རེ་རེ་བཞིན་གཤམ་དུ་ངོ་སྤྲོད་བྱ་རྒྱུ་ཡིན།  ཕྱི་ལོ་ ༢༠༠༡ ལོར་དགེ་འདུན་རབ་གསལ་གྱིས་བརྩམས་པའི་(ཝཱ་ཎ་ཤིཝམ་དཔར་ཁང་དུ་དཔར་འདེབས་ཞུས)
༢. 《བོད་ཀྱི་རྩོམ་རིག་གི་བྱུང་བ་བརྗོད་པ་རབ་གསལ་མེ་ལོང་》ཞེས་པ་དེ་དཔེ་སྐྲུན་བྱས།  ཕྱི་ལོ་ ༢༠༠༢ ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་དགེ་རྒན་རྒྱ་ཡེ་བཀྲ་བྷོ་སོགས་ཀྱིས་སྒྲིག་རྩོམ་བྱས་པའི་(མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན)
༣.《བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན》 ཞེས་པ་དཔེ་སྐྲུན་བྱས། ཕྱི་ལོ་ ༢༠༠༣ ལོར་སྐུ་ཞབས་ལྷག་པ་ཆོས་འཕེལ་གྱིས་བརྩམས་པའི་ ༤ 《བོད་ཀྱི་རྩོམ་རིག་ལོ་རྒྱུས་མུན་སེལ་སྒྲོན་མེ》 ཞེས་པ་དཔར་དུ་བསྐྲུན། ཕྱི་ལོ་ ༢༠༠༥ ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དེབ་ཀྱི་ཆེད་དུ་མགོན་པོ་བཀྲ་ཤིས་སོགས་ཀྱིས་བསྡུ་སྒྲིག་བྱས་པའི་(སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན)
༥. 《བོད་ཀྱི་རྩོམ་རིག་ལོ་རྒྱུས་སྤྱི་བཤད་》 ཅེས་པ་དཔེ་སྐྲུན་བྱས།  ཕྱི་ལོ་ ༢༠༠༩ ལོར་ཆབ་འགག་རྡོ་རྗེ་ཚེ་རིང་དང་བུ་བཞི་བསམ་པའི་དོན་གྲུབ་སོགས་ཀྱིས་སྒྲིག་རྩོམ་བྱས་པའི་(བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན)
༦. 《བོད་ཀྱི་རྩོམ་རིག་ལོ་རྒྱུས་》 བཅས་དེབ་ཕྲེང་དྲུག་པོ་དེ་ཡིན།

ཁྱོན་བསྡོམས་ན་རྒྱ་ཡིག་གི་ལམ་ནས་བརྩམས་པའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་བསྟན་བཅོས་གཉིས་དང་། བོད་ཡིག་གི་ལམ་ནས་བྲིས་པའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་ཁོངས་སུ་གཏོགས་པའི་དཔེ་དེབ་དྲུག་བཅས་བརྒྱད་པོ་དེ་ཡིན།  བོད་ལ་”རྩོམ་རིག་ལོ་རྒྱུས་”ཞེས་པའི་བརྡ་ཆད་བྱུང་བ་ནས་མི་ལོ་སུམ་ཅུ་ལྷག་གི་རིང་ལ་གཞན་གྱི་མཁས་པ་དང་རང་གི་མཁས་པ་གཉིས་ཀས་བརྩམས་ཤིང་།  བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་གཏོགས་མིན་ཇི་ལྟར་ཡང་ཡོད་ཚད་སྡུད་གསོག་བརྒྱབས་ནའང་གོང་དུ་དྲངས་པའི་དཔེ་དེབ་དེ་ག་ཙམ་ལས་མེད།

                    རྒྱ་ནག་ལ་གཞན་གྱི་མཁས་པས་བརྩམས་པའི་བསྟན་བཅོས་རྣམས་ཕུད། རྒྱ་མི་རིགས་རང་གི་མཁས་པ་ཚོས་བརྩམས་པའི་བསྟན་བཅོས་ཀྱི་གྲངས་ཚད་ལོ་ངོ་བརྒྱ་ཡས་མས་ཤིག་གི་རིང་ལ་ཆིག་སྟོང་དྲུག་བརྒྱ་ལྷག་བརྒལ་ཡོད་པ་ནི།
བོད་ཀྱི་ཤེས་ཡོན་པའི་སྡེ་གྲལ་ན་ཡིད་ཚིམ་ཞིང་བློ་བདེ་བར་བཞུགས་པའི་མཁས་པ་ཚོས་ཅིས་ཀྱང་བསམ་གཞིག་གི་སྙིང་དཀྱིལ་དུ་གཟུང་དགོས་སྙམ། མ་གཞི་འོ་སྐོལ་ཚོའི་མི་རིགས་འདི་ཁ་ཕོ་དང་འུར་བརྗོད་ལ་དགའ་བ་ལས་དོན་དམ་པར་ཤི་གསོན་གྱི་སོ་ཁ་ན་གནས་ཤིང་ཤེས་ཡོན་གྱི་མུ་གེ་ཐེབས་པའི་སློང་མོ་བ་ཞིག་ལས་མ་འདས། ང་ཚོའི་བོད་པ་ཚང་གི་ཡིད་སྐྱོ་ཞིང་ཞེ་སྨྲེང་བའི་སྐྱོ་གར་གྱི་ལེའུ་འདི་དུས་ནམ་ཞིག་ལ་མཇུག་སྒྲིལ་ཐུབ་བམ།

བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་སྟོང་ཆ་དང་ཁ་གསབ།

           མི་རིགས་གང་ཞིག་གི་རྩོམ་རིག་གི་འབྱུང་ཁུངས་དང་འཕེལ་རིམ་གྱི་ཆོས་ཉིད་ལ་བརྩི་འཇོག་དང་ལེགས་ཉེས་ཀྱི་ཆ་ལ་དཔྱད་བརྡར།  དེ་བཞིན་དུས་རབས་མི་འདྲ་བའི་དབང་གི་མིའི་བསམ་བློའི་འགྱུར་བ་དང་ཆབ་སྲིད་ཀྱི་འཕོ་འགྱུར་སོགས་ལ་བརྟེན་ནས་རྩོམ་རིག་གི་ཕྱིའི་རྣམ་པ་དང་ནང་གི་སྲོག་སྙིང་གི་ཆ་ལ་ཞིབ་འཇུག  དེ་མིན་ངག་ཐོག་གི་རྩོམ་རིག་དང་ཡིག་ཐོག་གི་རྩོམ་རིག སྲོལ་རྒྱུན་རྩོམ་རིག་དང་དེང་རབས་སོགས་ཀྱི་བརྒལ་མཚམས། བྱེ་བྲག་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་བསམ་བློའི་འཕོ་འགྱུར་སོགས་ལ་བསྟུན་ནས་རྩོམ་རིག་གི་དུས་མཚམས་རེ་རེ་བཞིན་གསལ་བར་བཀར་ཏེ་འཚོལ་ཞིབ་དང་འདེང་འཇོག་བྱ་དགོས་པ་ནི་རྩོམ་རིག་ལོ་རྒྱུས་ཀྱི་འགན་འཁྲི་ཡིན་ཙ་ན། གོང་དུ་གྲངས་ཟིན་པའི་དཔེ་དེབ་དེ་ཚོའི་ནང་དུ་གནའ་རབས་རྩོམ་རིག་གི་སྐོར་བཤད་པ་ཧ་ཅང་ཉུང་ལ་དེང་རབས་རྩོམ་རིག་གི་སྐོར་གླེང་སློང་ཙམ་ཡང་བྱས་མེད་པ་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་སྟོང་ཆ་ཡིན་པར་སྙམ།

          སྤྱིར་བཏང་རང་ཉིད་ཀྱི་གང་ནུས་པ་དང་འཇོན་པ་རྣམས་ཧུར་གྱིས་བརྩོན་པ་ནི་ཤེས་ཡོན་པ་རྣལ་མ་ཞིག་གི་སྙིང་སྟོབས་དང་མི་རིགས་ལ་བཅངས་པའི་ལྷག་བསམ་ཡིན་པ་ཨ་ཅང་བརྗོད་མེད་ཡིན་ལ། ད་དུང་བོད་མི་རིགས་ཀྱི་ཤེས་རིག་གི་འགན་འཁྲི་ཕྲག་ཏུ་བླངས་པའི་དན་རྟགས་ཞིག་ཀྱང་ལོས་ཡིན་མོད། ཕྲན་གྱིས་ཡག་རབ་དང་བཟང་རབ་ཀྱི་སྐོར་གླེང་མི་འདོད་པར་གང་ཞིག་མ་འདང་བ་དང་ཅི་ཞིག་ཁ་སྐོང་བྱ་དགོས་པ་མང་བོ་ཞིག་ཡོད་པ་མཐོང་ནས་བླུན་པོས་བྲེད་སྐད་ཙམ་བརྒྱབས་པ་ཡིན།

རྒྱ་ནག་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ་བསམ་བློ་བཅིངས་འགྲོལ་དང་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་བྱས་པའི་མོད་ལ། རྒྱ་ནག་གི་ཤེས་ཡོན་པ་ཚོ་གུ་དོག་པའི་བསམ་བློའི་འཆིང་རྒྱ་ལས་གྲོལ་ཏེ་རྙིང་པ་གསར་བར་བསྒྱུར་བའི་ཕུགས་བསམ་གྱི་དུས་རབས་གསར་བ་ཞིག་མདུན་དུ་བསུས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངེས་ཅན་དེའི་འོག་ནས། བོད་མི་རིགས་ཀྱི་ཤེས་ཡོན་པ་རེ་ཟུང་ཞིག་ལའང་ཤུགས་རྐྱེན་ཅུང་གཏིང་ཟབ་ཅིག་ཐེབས་ཏེ་བསམ་བློ་གསར་བ་དང་ལྟ་བ་གསར་བར་རེ་སྙེག་བྱེད་པའི་དུས་རབས་ཤིག་ལ་བསླེབས་པ་རེད་ལ། དེ་དང་འབྲེལ་ནས་ཚ་ཚ་འུར་འུར་གྱི་རླབས་རྒྱུན་ཞིག་གློ་བུར་དུ་འཕྱུར་བ་རེད། ཐོད་བརྒལ་གྱི་གོམ་སྟབས་ཆེན་པོ་དེས་རྩོམ་རིག་གི་བརྡ་རྟགས་ལ་བརྟེན་ནས་མི་དམངས་སད་རྟོགས་ཀྱི་འབོད་འགུགས་བྱས་པ་དང་ལྷན་དུ། མིག་གིས་རྒྱང་རིང་དང་རིག་གསར་ལ་བལྟས་ཏེ་སྔོན་ཐོན་གྱི་རྒྱལ་ཁབ་ཚོའི་མདུན་བསྐྱོད་ཀྱི་འཕེལ་རྒྱས་ལ་གོམ་པ་མཉམ་སྤོ་དང་སྣ་མང་ཤེས་རིག་གི་མགོ་བོ་མཉམ་འགྲེང་བྱ་དགོས་པའི་ལྟ་ཚུལ་བཏོན། དུས་རབས་ཀྱི་དགོས་མཁོ་ལ་དམིགས་ནས་བསམ་བློ་གསར་བ་ཚུར་ལེན་དང་རིག་གཞུང་སྣ་མང་གསར་བཏོད་བྱ་དགོས་པའི་ཚོར་རླབས་དྲག་པོ་ཞིག་ཆར་རྗེས་ཤྭ་འོད་བརྡོལ་བ་ལྟར་གཅིག་རྗེས་གཉིས་མཐུད་ངང་ཡོང་བ་ནི་དགའ་མགུ་ཙམ་ལས། དོན་ངོ་མར་བསམ་བློ་གསར་བ་ཚུར་ལེན་དང་རིག་གཞུང་སྣ་མང་གསར་བཏོད་ལྟ་ཅི། བོད་པ་རང་གི་སྐབས་སོ་སོའི་བསམ་བློའི་འདུ་ཤེས་དང་སྤྱི་ཚོགས་ཀྱི་རྣམ་པ། ཆབ་སྲིད་ཀྱི་འཕོ་འགྱུར་ཁྲོད་ནས་དགའ་སྐྱོ་ཆགས་སྡང་གི་ཚོར་བ་རྣམས་ཡི་གེའི་ཕྲེང་བར་བརྒྱུས་པའི་རྩོམ་རིག་གི་ལོ་རྒྱུས་དེའང་འཐུས་སྒོ་ཚང་ཞིང་གྱ་ནོམ་པ་ཞིག་ད་དུང་འབྲི་མ་ཐུབ།

ངོ་མ་བཤད་ན།  ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངེས་ཅན་དེའི་འོག་ནས་གསར་དུ་དར་ཞིང་འཕེལ་རྒྱས་སྐྱེན་པའི་རྩོམ་རིག་གསར་བ་འདི་དུང་དུས་ཀྱི་བོད་པ་ཚང་གི་ཆེས་བླ་ན་མཐོ་ཞིང་གཞན་ལ་ངོམ་རེ་ཆོག་པའི་གསར་བྱུང་གི་རིག་ཚན་ཞིག་ཡིན་པ་རེད། འདི་ཉིད་དར་བ་ལ་བརྟེན་ནས་བོད་ཀྱི་གཞོན་སྐྱེས་མང་བོ་ཞིག་གི་འདོད་བློ་ཁེངས་ཤིང་མི་བུ་དོ་ཁུར་གྱི་བསམ་བློའི་སྨྱུག་གུ་དེའང་རིམ་གྱིས་འབུས་ཤིང་འདབ་མ་བཞད་པར་ཉེ། དེ་ལྟ་ནའང་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་ཁྲོད་དུ་མི་ལོ་སུམ་ཅུ་ལྷག་ལ་བོད་སྟོད་སྨད་བར་གསུམ་ཀུན་ལ་ས་ཁྱབ་རྡོ་ཁྱབ་ཏུ་སོང་བའི་རྩོམ་རིག་གསར་བའི་ཁྱད་ཆོས་དང་རྒྱབ་ལྗོངས་སོགས་ཟུར་ཙམ་མ་གླེང་བ་ནི། ཅི་འདྲའི་ངོ་ནོངས་ཤིང་ཡིད་ཕམ་པའི་བོད་ཀྱི་”རྩོམ་རིག་ལོ་རྒྱུས་”ཀྱི་སྟོང་ཆ་ཆེ་ཤོས་ཤིག་རེད་ཨང་།
མདོར་ན་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་གནད་དོན་མང་བོ་མང་བོ་ཞིག་ལ་ད་དུང་ཞིབ་འཇུག་དང་ཁ་གསབ་བྱ་དགོས་པ་ནི་ཁ་ཚ་དགོས་གཏུག་གི་ལས་དོན་གལ་ཆེན་ཞིག་ཡིན་ལ། བོད་ཀྱི་ཤེས་ཡོན་པ་ཚོས་ཕྱི་བཤོལ་དང་སྒྱིད་ལུག་གི་རྣམ་འགྱུར་ལས་རིང་དུ་འགོངས་ཏེ་མིག་སྔུན་གྱི་འགན་འཁྲི་ལ་བརྟུན་པ་ཆེན་པོའི་སྒོ་ནས་གཞུག་དགོས་པ་ལས་བློ་བདེ་བག་ཕེབས་ངང་བཞུགས་པའི་གོ་སྐབས་གཞར་ཡང་ཡོད་པ་མིན།  འདི་ནི་དུས་རབས་ཀྱིས་རྒྱབ་ནས་དེད་པའི་ཅིས་ཀྱང་བསྒྲུབ་དགོས་པའི་བྱ་བཞག་གལ་འགངས་ཆེ་བ་ཞིག་ཡིན་ཙ་ན། ཁོ་བོས་ཀྱང་རྩོམ་ཡིག་འདི་བརྒྱུད་ནས་བློ་དཀར་སེམས་དཀར་གྱིས་བོད་ཀྱི་ཤེས་ཡོན་པའི་སྡེ་ལ་རེ་འབོད་ཐེངས་གཅིག་ཞུས་པ་ཡིན།

དཔྱད་རྩོམ།

Post navigation

Previous Post: ཕྱི་ཚེས་ ༢༦ ཉིན་རང་ལུས་མེ་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་ཀླུ་ཆུའི་མགོན་པོ་ཚེ་རིང་གི་འདྲ་པར།
Next Post: ཤེའུ་ཁྱུ་དང་རྔོན་པ།

Comments (3) on “བོད་ཀྱི་”རྩོམ་རིག་ལོ་རྒྱུས་”ཞེས་པའི་བརྡ་ཆད་དང་དེའི་ཁྱབ་ཁོངས་ལ་དཔྱད་པ།”

  1. tsering says:
    2012-11-27 at 11:07 am

    བཟང་གི་གྲོགས་པོ

  2. ཨ་རིག་དགེ་མཐོང་གིས། says:
    2012-11-28 at 4:30 am

    རྩོམ་ཡིག་ལེགས་པོ་བྲིས་གནང་འདུག་པས་དགའ་ཡོད། མིང་གསར་ཙན་མེ་སྟག་བཏགས་པ་ཡང་ཞོར་ནས་རིག ཀུ་རེ།

  3. བཙན་མེ་སྟག says:
    2012-11-28 at 5:21 am

    རྣམ་པ་ཕེབས་པར་དགའ་ཡོད། ཕྲན་གྱི་སྙུག་མིང་གི་སྔོན་འཇུག་བ་ཡིག་ཆད་འདུག་པས་དྲ་གྲོགས་ཚོར་དགོངས་དག་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme