Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་རྡུང་ལེན་མཁན་པོ་དཔལ་མགོན་ངོ་སྤྲོད།

Posted on 2012-04-28 By ཁ་བརྡ་ 17 Comments on བོད་ཀྱི་རྡུང་ལེན་མཁན་པོ་དཔལ་མགོན་ངོ་སྤྲོད།

རྩོམ་པ་པོ་སྨིན་དབུས་པོ།
འོས་སྦྱོས་མཁན་སྒྲོལ་དཀར།

བོད་ཀྱི་དམངས་ཁྲོད་སྒྲ་སྙན་རྡུང་ལེན་ཆེད་མཁས་པ་ རྒན་དཔལ་མགོན་ལགས་ནི། སྤྱི་ལོ ༡༩༤༩ ལོར་མདོ་ཁམས་ཀན་ལྷོ་གཡང་ལྡན་ཕྱུག་མོའི་རྨ་ཆུ་རྫོང་ཁོངས་ཀྱི་མཁར་ཆེན་ཚོ་བ་ཞེས་པར་སྐྱེས་ཤིང་། ༡༩༧༠ ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གསོ་རིག་སྡེ་ཁག་ལས་མཐར་ཕྱིན་ཏེ་སྨན་པའི་ལས་གནས་ལ་ཞུགས་ཏེ་འགྲོ་བའི་སྡུག་བསྔལ་དྲུངས་འབྱིན་ལ་བརྩོན་པའི་ལས་རིམ་ཁྲོད་རྨ་ཆུ་རྫོང་མི་དམངས་སྨན་ཁང་གི་སྨན་སྤྱི་གཞོན་པ་དང་སྨན་སྤྱི་ཆེན་མོའི་གཙོ་འགན་བཞེས་པ་དང་། ཁོང་གི་ཆེད་ལས་ཀྱི་བརྒྱུད་རིམ་དང་ལོ་རྒྱུས་ཀྱི་ཕེབས་ལམ་ཡག་པོ་ནས་སྐྱབས་རྗེ་གུང་ཐང་འཇམ་པའི་དབྱངས་རིན་པོ་ཆེ་མཆོག་གཙོ་བོ་ཡིན་པའི་དམ་པའི་སྐྱེས་ཆེན་དང་། བླ་ཆེན་དཔོན་ཆེན་དུ་མའི་བླ་སྨན་མཛད་དེ་བདེ་ཐང་གི་ཞབས་ཏོག་ཞུ་མྱོང་ལ། ཁོར་ཡུག་གི་འགྲོ་བ་ནད་གདོན་གྱིས་ཉེན་པ་དུ་མར་མི་འཇིགས་སྲོག་གི་སྦྱིན་པ་གནང་བའི་ཕྱག་ལས་ཀྱི་ཐད་ནས་ཞིང་ཆེན་ཕྱི་ནང་གི་ཁོར་ཡུག་ཏུ་སྙན་གྲགས་ཆེ།
ལས་ཞོར་དུ་ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་རོལ་མོ་རིག་བྱེད་ཚོགས་པའི་རྒྱུན་གཉེར་ལས་འཛིན། ཀན་སུའུ་ཞིང་ཆེན་སྒྲ་བརྙན་དཔེ་སྐྲུན་ཁང་གི་གདན་ཞུས་འཁྲབ་སྟོན་པ། མདོ་ལྷོ་ཁུལ་རིག་གནས་མཉམ་འབྲེལ་དམངས་ཁྲོད་སྒྱུ་རྩལ་མཐུན་ཚོགས་ཀྱི་གཙོ་འཛིན་གཞོན་པ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་སྒྲ་སྙན་རྡུང་ལེན་ལྷན་ཚོགས་ཀྱི་བློ་འདོན་པ། རྨ་ཆུ་རྫོང་མི་དམངས་སྨན་ཁང་གི་བདག་གཉེར་ལས་ཀའི་བློ་འདོན་པ་སོགས་ཀྱི་ལས་འགན་ཁུར་མྱོང་བ་སོགས་ནི་ལོ་རྒྱུས་ཀྱི་ཟུར་ཙམ་ཡིན་ལ།
ཁོང་ཉིད་ཆེད་དུ་གླེང་འདོད་པ་ཞིག་ཡོད་པ་ནི་སྐུ་ན་གཞོན་དུས་སུ་བོད་ཀྱི་དམངས་ཁྲོད་རོལ་མོ་རྡུང་ལེན་སྒྱུ་རྩལ་ལ་དགའ་འདུན་ཤིན་ཏུ་ཆེ་བ་རྒྱུ་མཚན་དུ་བྱས་ནས། ༡༩༦༣ ལོ་ནས་བཟུང་བོད་ཀྱི་མངའ་རིས་སྒྲ་སྙན་གཙོས་རྒྱུད་མང་རིགས་དང་། རྔ་དང་རོལ་ཆས་རྡུང་རྒྱུ་དང་ཞབས་བྲོ་འཁྲབ་བཞིན་གླུ་དབྱངས་ལེན་པ་སོགས་ལ་འབད་འབུངས་ཤུགས་ཆེན་མནང་བའི་གྲུབ་འབྲས་སུ་བོད་ཀྱི་སྒྲ་སྙན་རྡུང་ལེན་ལ་སྐྱེས་སྦྱང་གི་ཡོན་ཏན་ཚད་རིམ་མཐོན་པོར་སླེབས་ཤིང་། ཁོང་གི་རྡུང་ལེན་སྒྱུ་རྩལ་རྣམས་ལ་རིམ་བཞིན་བོད་ཡུལ་སྤྱིའི་རོང་འབྲོག་མང་ཚོགས་ཀྱིས་དགའ་བསུ་རྒྱ་ཆེན་ཐོབ་པར་མ་ཟད། རིམ་བཞིན་གཞུང་སྒྲུབ་རིག་རྩལ་འཁྲབ་སྟོན་སྣ་ཚོགས་ཀྱི་གར་སྟེགས་སུ་ཕེབས་པས། བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ནང་སོག ཀན་སུའུ་ཞིང་ཆེན་བཅས་ཀྱི་རླུང་འཕྲིན་ཁང་སོ་སོ་ནས་ཁོང་གི་རྡུང་ལེན་སྙན་མོ་དག་རྒྱང་སྒྲོག་བྱས་པ་དང་། ༡༩༨༡ལོར་ཀན་ལྷོ་ཁུལ་རིག་རྩལ་མཉམ་འབྲེལ་འཐུས་མིའི་ཚོགས་ཆེན་ཐོག་གསར་གཏོད་ཀྱི་བྱ་དགའ་ཨང་དང་པོ་དང་། འཁྲབ་སྟོན་སྒྱུ་རྩལ་གྱི་བྱ་དགའ་ཨང་གཉིས་པའི་དཔང་རྟགས་ཐོབ། དེ་ནས་བཟུང་དབུས་དང་མདོ་ཁམས་གཙོ་བོ་ཡིན་པའི་བོད་ཁུལ་གྱི་ས་གནས་མི་ཉུང་བ་ཞིག་གིས་གདན་ཞུས་ལྟར་ཕེབས་ནས། རྡུང་ལེན་སྒྱུ་རྩལ་འཁྲབ་སྟོན་གྱིས་རང་རིགས་ཀྱི་རེ་འདུན་སྐོང་ཅི་ཐུབ་མཛད་པས། བོད་རྒྱ་ཆེའི་མི་དམངས་ཀྱིས་ཁོང་ལ་སྒྲ་སྙན་རྡུང་ལེན་གྱི་མཁན་པོ་ཞེས་པའི་མཚན་སྙན་གྱི་ཆོ་ལོ་ཞིག་ཀྱང་རང་བཞིན་ཤུགས་ཀྱིས་དགའ་བསུའི་ཐལ་སྒྲ་དང་སྦྱར་ཏེ་བསྩལ། ཁོང་གིས་སྤྱི་ལོ༢༠༠༠ལོར་རྨ་ཆུ་རྫོང་དམངས་ཁྲོད་རྡུང་ལེན་རུ་ཁག་གསར་དུ་བཙུགས་ཏེ་ཤམ་བྷ་ལ་ལྗོངས་རྒྱུའི་སྒྱུ་རྩལ་དུས་ཆེན་དང་པོའི་ཐོག་འཁྲབ་སྟོན་མཛད་པ་དང་། ༢༠༠༤ལོར་རྨ་ཆུ་རྫོང་གླིང་གེ་སར་རིག་གནས་ལྗོངས་རྒྱུའི་སྒྱུ་རྩལ་དུས་ཆེན་ཐེངས་དང་པོར་བོད་ཀྱི་དཔའ་བོའི་མི་སྣའི་བསྟོད་སྒྲུང་རིང་མོ་གེ་སར་སྒྲུང་གླུ་མི་གྲངས་སྟོང་གིས་གྲུབ་པའི་དཔུང་སྟོབས་ཆེན་མོས་འཁྲབ་སྟོན་བྱས་པ་ནི། ལོ་རྒྱུས་ཐོག་གི་སྒྲུང་གླུའི་འཁྲབ་སྟངས་གསར་བ་ཞིག་ཡིན་པར་གྲགས་ཏེ་རྒྱ་ཆེ་བའི་ལྟད་མོ་བས་དགའ་བསུ་བླ་ལྷག་ཏུ་ཐོབ། དེ་བཞིན་དུ་༢༠༠༥ལོར་ཨ་རིའི་ཀུན་ཕན་ཐེབས་རྩ་ཚོགས་པའི་ལབ་རྩེ་དེང་རབས་བོད་ཀྱི་རིགས་གནས་དཔེ་མཛོད་ཁང་གིས་ཉིའུ་ཡོས་ཁྲོང་ཁྱེར་གྱི་ཀོ་ལོན་པེ་ཡ་སློབ་གྲྭ་ཆེན་མོས་བསྒྲུབས་པའི་བོད་ཀྱི་ལོ་སར་བསུ་བའི་འཁྲབ་སྟོན་ཚོགས་འདུའི་མཛད་སྒོར། གདན་འདྲེན་ཞུས་པ་ལྟར་ཕེབས་ནས་གར་སྟེགས་མཛེས་པར་བྱེད་པའི་སྒྲ་སྙན་རྡུང་ལེན་གྱི་བྱེད་སྒོ་སྤེལ་བའི་གོ་རིམ་ཁྲོད་ནས་ཀྱང་རྒྱལ་ཁབ་དང་མི་རིགས་མི་གཅིག་པའི་ལྟ་ཉན་མཁན་ཁྲི་སྟོང་མང་པོས་དགའ་བསུ་དཔེ་མེད་པ་ཐོབ། ༢༠༠༦ ལོར་ཀན་སུའུ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་དང་། ཞིང་ཆེན་གེ་སར་ཞིབ་འཇུག་མགོ་ཁྲིད་ཚན་ཁག ཀན་ལྷོ་ཁུལ་དྲིལ་སྒྲོག་ཁང་། རིག་རྩལ་མཉམ་འབྲེལ་ལས་ཁུངས་བཞིས་ལྷན་དུ་བསྩལ་བ་ཡི། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཁུགས་གཡང་ར་དང་པོའི་གེ་སར་རིག་རྩལ་མཛད་རྗེས་བྱ་དགའ་ཞེས་པ་ཐོབ།
མདོར་ན་རྒན་དཔལ་མགོན་ལགས་ཀྱིས་མི་ཚེ་གང་བོར་བོད་ཀྱི་སྒྲ་སྙན་རྡུང་ལེན་གསར་རྩོམ་དང་གོང་འཕེལ་གྱི་ལས་ཀར་ཕྱག་རྗེས་རླབས་ཆེན་བཞག་ཡོད་པ་ནི། ཁོང་གིས་རྒྱ་ཆེའི་མང་ཚོགས་ཀྱི་རྣ་བའི་བཅུད་དང་ཡིད་ཀྱི་གསོས་སུ་གྱུར་བའི་ཁྱད་ཆོས་འབུར་ཐོན་ཅན་གྱི་རྡུང་ལེན་གྱི་དབྱངས་རྟ་གསར་བ་བདུན་ཅུ་ལྷག་གསར་རྩོམ་གནང་བ་དང་། དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་གླུ་ཚིག་ཉི་ཤུ་ལྷག་གསར་རྩོམ་བྱས། དེ་བཞིན་དུ་<<དཔལ་མགོན་གྱི་རྡུང་ལེན་ཆེད་སྒྲིག>>དང་། <<བོད་ཀྱི་པི་ཝང་འབྲུག་མགོ་མ>>
<<དུས་འཁོར་དབང་ཆེན་བསྟོད་གླུ>>སོགས་སྒྲ་ཐག་ཉི་ཤུ་ལྷག་པར་སྐྲུན་འགྲེམ་སྤེལ་མཛད་པས། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་དུས་ཀྱི་གངས་ཅན་བོད་པའི་སྙན་དབང་སྐྱིད་ལ་བཀོད། རིམ་པ་བཞིན་<<བོད་ཀྱི་རྡུང་ལེན་པ་སྒྱུ་རྩལ་བ་གྲགས་ཅན་དཔལ་མགོན་གྱི་སྙན་དབྱངས་ཆེད་སྒྲིག>>དང་། <<ཡིད་དབང་འཕྲོག་པའི་དུང་ཟླ>>སོགས་ཟེར་སྡེར་མི་ཉུང་བ་སྤུན་ཟླ་ལྟ་ཉན་གནང་མཁན་ཚོར་ལེགས་སྐྱེས་སུ་གནང་། དེ་ལས་ཀྱང་ཁོང་དངོས་ཀྱིས་བོད་ཀྱི་སྒྲ་སྙན་རྡུང་ལེན་གྱི་དབྱངས་རོལ་མཛུབ་སྲིད་འོག་ནས་འཚར་ལོངས་བྱུང་བའི་ཕ་སྐད་གཙང་མའི་རྡུང་ལེན་པ་དང་། དབྱངས་རོལ་རིག་རྩལ་ལ་བྱང་ཆ་ཕུལ་དུ་བྱུང་བའི་སྒྱུ་རྩལ་བ་མི་ཉུང་བ་ཞིག་ལ་སྤྱི་ཚོགས་ཀྱིས་དགའ་བསུ་ཐོབ་ཀྱིན་ཡོད་ལ། དེ་ལས་ཀྱང་གངས་ལྗོངས་ཁུ་བྱུང་སྔོན་མོ་གདུ་བྷེ་དང་། གཡུ་འབྲུག་སྔོན་མོ་རྡོ་རེད། གངས་བཞུགས། སོགས་རང་རང་གི་ཐད་ནས་དབྱངས་རོལ་གྱི་རྒྱུད་འཛིན་བྱེད་ཅིང་རིག་རྩལ་བ་གསོ་སྐྱོང་ཐུབ་པའི་ཕུལ་བྱུང་རྡུང་ལེན་སྒྱུ་རྩལ་བ་ཡང་མི་ཉུང་བ་གསོ་སྐྱོང་གནང་སྟེ། ད་ལྟ་བོད་ཀྱི་མངའ་རིས་སྒྲ་སྙན་གྱི་བསྟན་པ་བོད་ཡུལ་སྟོད་སྨད་བར་གསུམ་དུ་རྒྱ་ཆེར་སྤེལ་བའི་མཛད་རྗེས་ནི་རྒྱ་ཆེ་ན་འདིར་ངོ་སྤྲོད་ཀྱི་རྒྱུ་ཆ་ཙམ་མོ་ཞེས་སྨིན་དབུས་པོས་ཕུལ། །

སྣ་ཚོགས།

Post navigation

Previous Post: འགྱིག་གི་འདྲུད་ལྷམ།
Next Post: འབའ་རོམ་དྲ་བ།

Comments (17) on “བོད་ཀྱི་རྡུང་ལེན་མཁན་པོ་དཔལ་མགོན་ངོ་སྤྲོད།”

  1. མཁན་པོ་ཉི་མ། says:
    2012-04-29 at 1:31 am

    སྨན་རམས་པ་ཆེན་མོ་དཔལ་མགོན་གྱིས་གཙོ་བོ་མངའ་རིས་སྒྲ་སྙན་གྱི་ལུགས་སྲོལ་བོད་རང་ལ་སྔོན་ནས་ཡོད་པ་དེ་མདོ་སྨད་ཁུལ་དུ་ཁྱབ་བརྡལ་བཏང་བ་ཞིག་རེད། དེའི་ཕྱིར་མངའ་རིས་སྒྲ་སྙན་རིག་རྩལ་དེ་བོད་རང་ལ་སྔོན་ནས་ཡོད་ཡོད་པ་ཞིག་རེད།

    འོན་ཀྱང་། ཨ་མདོའི་སྒྲ་སྙན་རྡུང་ལེན་ཞེས་པའི་འབུར་ཐོན་སྒྱུ་རྩལ་འདི་གཙོ་བོ་གངས་ལྗོངས་ཁུ་ཕྱུག་སྔོན་མོ་ལགས་ཀྱིས་སྲོལ་བཏོད་གནང་བ་རེད། དཔལ་མགོན་གྱིས་མི་ཚེ་གང་བོར་མངའ་རིས་སྒྲ་སྙན་རྡུང་ནས་གླུ་བླངས་པ་རེད། བདུད་བྷེས་རྒན་དཔལ་མགོན་གྱི་རྡུང་ལེན་སྒྱུ་རྩལ་རྣམ་པ་གསར་བ་ཞིག་ཏུ་ཁྲིད་པ་རེད།

    དེ་མིན་མཚམས་ལན་རེར་ང་ཚོས་དགེ་ཕྲུག་གི་གྲུབ་འབྲས་ཡོད་ཚད་དགེ་རྒན་གྱི་མིང་ཐོག་ཏུ་ཁྱེར་འགྲོ་བཞིན་འདུག

  2. གེ་གསར་ says:
    2012-04-29 at 2:26 am

    རྒན་དཔལ་མགོན་ཁོང་ངོ་མཚར་ཤིན་དུ་ཆེ་
    ཨ་ཁུ་པདྨས་ངས་ཡིད་དབང་མེད་འཕྲོག་།

  3. རྨུ་ཐག་གི་བུ་རྒྱུད། says:
    2012-04-29 at 2:49 am

    གཡུང་དྲུང་རྒྱལ་ཡང་ཁོང་གི་སློབ་བུ་རེད། དེ་ཁ་སྣོན་དུ་འདེབས་རོགས།
    ང་རྡུང་ལེན་ལ་སྤྲོ་སྣང་ཅན་ཞིག་མིན་མོད། འོན་ཀྱང་དཔལ་མགོན་གྱི་རྡུང་ལེན་ཁག་ལ་ཐུན་མིན་གྱི་དབྱངས་ཀྱི་རམ་འདེགས་དང་ཚིག་གི་ངར་ཤུགས། སྐད་ཀྱི་ལྷོད་ཤ་དང་སྒྲ་ཡི་སྙན་ཆ་སོགས་འགུག་ཤུགས་ཀྱི་དངོས་པོ་ཤིན་ཏུ་མང་བས་ང་རང་ཧ་ཅང་དགའ།

  4. རུ་ཤུལ་བུ་ says:
    2012-04-29 at 3:52 am

    གོ་ཚོད་ཡིན་ན་དཔལ་མགོན་ཁོང་མི་གཞུང་དྲང་ཞིག་ཡིན་རབས་ཟེར། སྨན་པའང་གྲགས་ཅན་ཞིག་རེད་ཟེར།

  5. ལུང་རྟོགས། says:
    2012-04-29 at 6:10 am

    ཁོང་གི་རྡུང་ལེན་ལ་ཤིན་ཏུ་དགའ། ལྷག་ཏུ་ཁོང་དང་འཇིག་བྱེད་མཚོ་གཉིས་ནས་མཉམ་དུ་བླང་བའི་འཁོར་ཐག་ཞིག་ཡོད་པ་དེ་ནི་ངས་ད་བར་གཞས་ཉན་པའི་ཁྲོད་ཀྱི་སྙན་ཤོས་དེ་ཡིན།

  6. རྣམ་སྲས། says:
    2012-04-29 at 11:10 am

    ང་རང་སྒྲ་སྙན་རྡུང་ལེན་ལ་ཉན་རྒྱུར་དགའ་བའི་མི་ཞིག་ཡིན་སྟབས་རྒན་དཔལ་མགོན་ལའང་དགའ་མོས་ཡོད་མཁན་ཞིག་ཡིན། ཁོང་གིས་རྡུང་ལེན་ཁ་ཤས་ལ་དམིགས་བསལ་གྱི་ཁྱད་ཆོས་རེ་ཡོད། འོན་ཀྱང་ལས་རིགས་གཞན་ཕུད་རྡུང་ལེན་སྒྱུ་རྩལ་གྱི་བྱས་རྗེས་ཐད་ནས་བཤད་ན་ཁོང་ལས་གངས་ལྗོངས་ཁུ་བྱུག་སྔོན་མོ་ཁྱད་དུ་འཕགས་པ་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། འོ་ན་རྒན་དཔལ་མགོན་ལ་རྡུང་ལེན་སྒྱུ་རྩལ་ཐད་ནས་བྱས་མེད་པ་རེད་དམ་ཟེར་ན་དེ་འདྲ་རྩ་བ་ནས་མ་རེད། ཁོང་ལ་ཡང་རྡུང་ལེན་སྒྱུ་རྩལ་འདིའི་ཐད་བྱས་རྗེས་ཆེན་པོ་ཡོད། ལྟོས་ས་ལྟོས་འཇོག་གིས་བཤད་ན་དེ་འདྲ་ཞིག་རེད། དེ་བཞིན་དུ་མི་རིགས་ཀྱི་ལ་རྒྱ་དང་སློབ་གསོའི་ཕྱོགས་ཀྱི་རྡུང་ལེན་སྒྱུ་རྩལ་འདིའི་ཐད་ནས་བཤད་ནའང་བོད་རིགས་མང་ཚོགས་ནས་ཆེས་དགའ་བསུ་ཐོབ་ས་དང་ཆེས་དགའ་མོས་བྱེད་ས་སྟེ་གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་ཡིན་པ་ཡང་ཚང་མས་མིག་མཐོང་ལག་ཟིན་འདི་རེད།
    དངོས་གནས་ང་ཚོས་བློ་གཟི་བོར་གནས་པའི་སྒོ་ནས་བོད་རང་གི་ཐུན་མོང་མ་ཡིན་པའི་རྡུང་ལེན་སྒྱུ་རྩལ་འདིའི་ཐད་ཀྱི་བྱས་ཅན་མི་སྣ་ཞིག་ལ་བཀའ་དྲིན་རྗེས་དྲན་དང་ཆེད་བསྟོད་ཅིག་ཕུལ་དགོས་ན་ཕུལ་བྱུང་རྡུང་ལེན་པ་བདུད་བྷེ་ལ་ཕུལ་དགོས་པ་ཞིག་མཐོང་བ་ལས། བྱས་རྗེས་ཅན་དང་རླབས་ཆེན་རིགས་ཟུར་དུ་བཞག་ནས་གཞན་ཞིག་ལ་ཐོབ་པའམ་འོས་མིན་ལ་མ་ལྟོས་པར་ངོ་སོ་དང་སྤྲེལ་ལད་ལྟ་བུས་དུས་ཀུན་ཆོ་ལོ་འདྲ་མིན་ཞིག་སྤྲད་བསྡད་པ་དེ་ནི་དོན་དངོས་དང་མཐུན་པའི་བྱ་བ་ཞིག་ཏུ་ནམ་ཡང་མ་མཐོང་ཞིང་། དྲང་མོ་དྲང་རྐྱང་དང་བདེན་པ་བདེན་རྐྱང་གི་གཟེངས་བསྟོད་དང་བྱ་དགའ་ཞིག་ཏུ་དེ་བས་ཀྱང་མཐོང་གི་མི་འདུག

  7. མེ་ཏོག་དཀར་པོ། says:
    2012-04-29 at 11:17 am

    ཨ་ཁུ་པདྨ་ཉན་མྱོང་། སྙན་པོ་བྱུང་། གཞན་ཞུ་རྒྱུ་མེད་དོ།།

  8. ཉི་འོད་གྲོང says:
    2012-04-29 at 11:20 am

    གང་ལྟར་དེ་སྙན་པོ་ཡོད་ནི་འདྲ།

  9. བསོད་ནམས། says:
    2012-04-29 at 11:33 am

    ཚེ་གཅིག་ལུས་གཅིག་ལ་དམིགས་ཡུལ་གཅིག་དང་ལངས་ཕྱོགས་གཅིག་གི་ཆེད་དུ་མི་ཚེ་བསྟིམས་ནས་འབྲས་བུ་འདི་འདྲ་ལོན་པའི་བོད་མི་རིག་རྩལ་བ་ཉུང་ཉུང་རེད།ཁོང་གི་ཆེད་ལས་དང་དེའི་བསྐྱེད་པའི་འབྲས་བུ་ནི་གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་སོགས་ཀྱི་མཚོན་ནུས་སོ།

  10. མང་ཐོས། says:
    2012-04-29 at 2:43 pm

    གནའ་སྔ་མོ་ནས་བོད་རང་ལ་མངའ་རིས་སྒྲ་སྙན་དཀྲོལ་སྟངས་ཀྱི་རིག་གཞུང་ཡོད་ན་ཡང་། དབུས་གཙང་གི་ཕྱོགས་དང་། ཨ་མདོའི་ཕྱོགས་གཉིས་ཀྱི་བར་ལ་མངའ་རིས་སྒྲ་སྙན་དཀྲོལ་སྟངས་དང་། རྒྱུད་སྐུད་བསྒྲིག་སྟངས་ལ་ཧ་ཅང་ཁྱད་པར་ཆེན་པོ་ཡོད། དེང་སྐབས་མང་ཆེ་བའི་ཨ་མདོ་རྡུང་ལེན་གསར་བཏོད་བྱེད་མཁན་ལ། རྒན་དཔལ་དགོན་ལགས་ངོས་འཛིན་བྱེད་བཞིན་འདུག ངས་བསམ་ན་ཨ་མདོ་རྡུང་ལེན་གྱི་་བྱུང་རིམ་ནི་འདི་འདྲའི་དུས་ཡུན་ཐུང་ཐུང་ཞིག་གཏན་ནས་མ་རེད་འདོད་བཞིན་ཡོད། གང་ཡིན་ཟེར་ན། ལོ་རབས་བཞི་བཅུའི་ནང་ལ་གུང་ཐང་རིན་པོ་ཆེ་ཁོང་རང་ཉིད་ཀྱིས་སྒྲ་སྙན་རྡུང་ལེན་གནང་བ་གོ་མྱོང་མཁན་མང་པོ་ཡོད་པ་མ་ཟད། ཕྱིས་སུ་ཁོང་རང་ཉིད་ཀྱིས་ཚིག་དང་གདངས་བརྩམས་ཏེ། ཁོང་རང་ཉིད་ཀྱིས་གྱེར་བའི་རྡུང་ལེན་སྒྲ་ཐག་ཏུ་ཕབས་པ་འགའ་རེ་ཨ་མཆོག་མཚན་ཉིད་དགོན་གྱི་གྲྭ་བ་འགའ་རེའི་ལག་ན་འདུག ད་དུང་མང་ཚོགས་ཀྱི་ངག་ན་དཔལ་དགོན་ལ་གུང་ཐང་རིན་པོ་ཆེ་མཆོག་གིས་སྒྲ་སྙན་དཀྲོལ་སྟངས་བསླབས་པ་མ་ཟད་ཁོང་གི་སྒྲ་སྙན་ཀྱང་དཔལ་དགོན་ལ་གནང་བ་རེད་ཟེར་བཞིན་འདུག ད་རུང་ཨ་མདོ་རྡུང་ལེན་གྱི་བྱུང་རིམ་ལ་ཞིབ་འཇུག་བྱེད་དགོས་པ་འདྲ།

  11. བདུད་རྡོ says:
    2012-04-29 at 3:01 pm

    རྒན་དཔལ་མགོན་གྱི་རྡུང་ལེན་ལ་དངོས་ནས་བོད་ཀྱི་ཁྱད་ཆོས་འདུག།སེམས་སྟེང་ནས་དགའ་བོ་ཡོད།ཁོང་སྐུ་ཚེ་རིང་བའི་སྨོན་ཞུ།

  12. བྱང་བདག་རིགས་ལྡན། says:
    2012-04-29 at 3:16 pm

    རྒན་དཔལ་མགོན་དང་། བདུད་བྷེ་སོགས་བོད་ནང་གི་རྡུང་ལེན་པ་འདི་ཚོ་ངོ་མ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་བ་ཤ་སྟག་རེད། ཚང་མར་གུས་འདུད་ཞུ།

  13. སྤྲིན་དཀར་གྲོང་གཙོ says:
    2012-04-29 at 8:30 pm

    བཀུར་འོས་པའི་སྐུ་ཞབས་རྒན་དཔལ་མགོན་ལགས་ལ་ཕུན་སུམ་ཚོགས་པའི་མི་རིགས་ཀྱ་ིལ་རྒྱ་ཡོད་མཁན་ཞིག་རེད།

  14. དཔྱིད་འགོའི་མེ་ཏོག says:
    2012-04-29 at 8:35 pm

    རྡུད་ལེན་མཁན་པོ་རྒན་དཔལ་མགོན་ལགས་ལ་རྗེས་སུ་ཡི་རངས་ཞུ། ཁོང་ལྟ་བུ་རྡུང་ལེན་པ་མང་དག་ཞིག་ཡོད་ན་མི་རིགས་ཀྱི་་ངོ་བོ་མཚོན་པའི་རིག་གནས་སྒྱུ་རྩལ་དེ་ཡར་རྒྱས་རླབས་ཆེན་འགྲོ་རྒྱུ་རེད།

  15. བསྟན་འོད་ says:
    2012-04-29 at 11:58 pm

    ཨ་ཁུ་པདྨ་ཡེ་ཡིཡེཡི་ཨ རྒོད་ཐང་དཀར་དུང་གི་སྐེ་རྒྱན་ཅན་ན་ཡེ་་། ཡར་འཕུར་ན་དགོངས་གི་རྒྱན་ཞིག་རེད་། མར་འབབས་ན་བྲག་རའི་སྐྱིད་ཅིག་རེད་ཨ་ཧེིཧེ་། ཁྱོང་མེད་ན་ཡིད་སེམས་སྟོང་འང་པ་རེད་། ཡ་ཡ་ཡ་ཡེ ་ཡཡཡ

  16. བསྟན་འོད་ says:
    2012-04-30 at 12:47 am

    ཨ་ཁུ་པདྨ་ཞེས་པ་འདི་ཁོང་གི་སྒྲ་བརྙན་རྡུང་ལེན་གི་ཐོག་མ་ཡིན་པ་འདྲ་། དེ་ནས་བཟུང་ང་ཡའི་སེམས་ངོག་ནས་ནམ་ཡང་ཡལ་རྒྱུ་མེད་པ་དེ་ནི་། སྨན་ཆུང་ཁུ་ཕྱུགས་སྔོན་མོ་། གོང་ཐང་རིན་པོ་ཆེའི་གསུང་དབྱངས་དང་ལེན་མཁན་དཔལ་མགོན་་་།

  17. ཁ་བ་དཀར་བོ། says:
    2012-05-01 at 11:45 am

    སྤྱིར་མིའི་ཁྲ་ཁྲ་ནང་།ཟོག་གི་ཁྲ་ཁྲ་ཕྱི་ཞེས་པའི་དཔེ་ལྟར་ཕྱིའི་རྣམ་འགྱུར་ལ་བལྟས་ནས་ཁ་ཚོད་མི་ཆོད་མོད།ལུས་ངག་གི་བྱ་སྤྱོད་ནང་སེམས་ཀྱི་འགྱུར་བ་ལས་བྱུང་གིན་འདུག་པས་ཕལ་ཆེར་ཞིག་བདེན་ཡང་སྲིད།དེའི་ཕྱིར་ང་རྒན་དཔལ་མགོན་དང་དངོས་མཇལ་སྐབས་མ་བྱུང་མོད་བརྙན་འཕྲིན་ལས་མཐོང་ཐེངས་རེ་རེར་ཁོང་ནི་ངས་ཚད་ལྡན་གྱི་མི་ཞིག་རེད་སྙམ་གྱིན་འདུག གང་ལྟར་ཁོང་གིས་ངེད་བོད་པ་ཚང་གི་རྡུང་ལེན་སྒྱུ་རྩལ་ལ་ལེགས་སྐྱེས་མི་དམན་པ་ཞིག་གནང་ཡོད་པ་ཐག་ཆོད་རེད།འདི་ལྟ་བུའི་མི་སྣ་གལ་ཆེན་དག་ནི་ང་ཚོས་བཀུར་དགོས་པ་གནས་ལུགས་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme