Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་རྒྱབ་ཤ་དཀར་པོའི་དེབ། ཀྲུང་ནན་ཧེ་ཡི་འགོ་བརྗོད་རིག་པ།

Posted on 2015-05-292015-05-29 By ཁ་བརྡ 1 Comment on བོད་ཀྱི་རྒྱབ་ཤ་དཀར་པོའི་དེབ། ཀྲུང་ནན་ཧེ་ཡི་འགོ་བརྗོད་རིག་པ།

རྩོམ་པ་པོ། ཁྲན་པའོ་ཁང་། ལོ་ཙཱ་བ། ཏྲེ་ཧོར་ཐུབ་བསྟན།

 
ད་ལོའི་ཕྱི་ཟླ་༤ པའི་ཚེས་༡༥ ཉིན་ནི། རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་ཧུ་ཡའོ་པང་སྐུ་གྲོངས་ནས་ལོ་ངོ་༢༦ འཁོར་བའི་ཉིན་མོ་ཡིན་པ་དང་། རྒྱ་ནག་གཞུང་གིས་ཉིན་མོ་དེ་གདམས་ནས་<<བོད་ཀྱི་རྒྱབ་ཤ་དཀར་པོའི་དེབ། ལོ་རྒྱུས་ཀྱིས་གདམས་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་ལམ་བུ།>> ཞེས་པ་འགྲེམ་སྤེལ་བྱས། རྒྱ་ནག་དམར་ཤོག་ཚོགས་པའི་ནང་གྲངས་ཉུང་བའི་གུ་ཡངས་ཤོག་ཁག་དང་བཅོས་སྒྱུར་ཤོག་ཁག་གི་མི་ཞིག་ཡིན་པའི་ངོས་ནས། ཧུ་ཡའོ་པང་ནི་བོད་ལ་ཤ་ཚ་ཡོད་པའི་འགོ་ཁྲིད་ཅིག་ཡིན་པར་གྲགས། ཕྱི་ལོ་༡༩༨༠ ལོར། ཧུ་བོད་ལྗོངས་སུ་གཟིགས་སྐོར་ལ་ཕེབས་པའི་སྐབས། བོད་ལ་གཏོར་བཤིག་ཚབས་ཆེ་ཐེབས་པའི་རྗེས་ཀྱི་གོད་ཆག་དངོས་སུ་མཐོང་པ་དང་། སེམས་འགུལ་ཚད་མེད་ཐེབས་ཏེ། བོད་ལྗོངས་ཀྱི་ཏང་སྲིད་ལས་བྱེད་པའི་ཚོགས་འདུའི་ཐོག “བོད་ལྗོངས་ཀྱི་འཚོ་བའི་གནས་སྟངས་དེ་ངེས་པར་དུ་༡༩༥༩ ལོའི་སྔོན་གྱི་ཚད་གཞི་རུ་བསྐྱར་གསོ་བྱ་དགོས”་ཞེས་བརྗོད།

 

རྒྱ་ནག་དམར་ཤོག་ཚོགས་པས་ཕྱི་ལོ་༡༩༥༩ ལོའི་སྔོན་གྱི་བོད་ལ་“ཞིང་བྲན་ལམ་ལུགས་”ཞེས་འགྲེལ་བརྗོད་བྱས་ཏེ། མུན་ནག་གི་དུས་ཚོད་ཅིག་ཡིན་པའི་མིང་རྗེས་བཟོས་ཡོད། དོན་དངོས་སུ་དེའི་སྔོན་ལ་བོད་མིས་རང་ས་རང་བདག་དང་། རང་ཁ་རང་གསོ་བྱས་ནས་སྡོད་ཡོད་ཅིང་། མུ་གེའི་འཇིགས་པ་སོགས་གཏན་ནས་བྱུང་མ་མྱོང་། ཕྱི་ལོ་༡༩༥༩ ལོར། མའོ་ཙེ་ཏུང་གིས་བཀོད་བྱུས་འོག་བོད་དུ་“དམངས་གཙོ་བཅོས་བསྒྱུར་”ཞེས་པའི་ལས་འགུལ་ཤུགས་ཆེན་སྤེལ་ཏེ། དོན་མེད་ངང་རྒྱ་བོད་བར་གྱི་“ཆིངས་ཡིག་དོན་ཚན་བཅུ་བདུན་”རྩིས་མེད་དུ་བཏང་།

 

སྒེར་གཅོད་པ་ཆེན་པོ་ཞིག་གིས་སྤེལ་བའི་“དམངས་གཙོ་བཅོས་བསྒྱུར་”གྱི་བརྒྱུད་རིམ་དང་དེའི་མཇུག་འབྲས་ནི་ཤེས་གསལ་ཡིན་ཞིང་། གཞི་རྒྱ་ཆེན་པོའི་སྒོ་ནས་བོད་མིའི་འཚོ་བའི་ཐོན་སྐྱེད་ལ་གཏོར་བཤིག་དང་། གཞི་རྒྱ་ཆེན་པོའི་སྒོ་ནས་བོད་ཀྱི་གནའ་བོའི་རིག་དངོས་རྩ་གཏོར། གཞི་རྒྱ་ཆེན་པོའི་སྒོ་ནས་ཁྲག་དྲི་བྲོ་བའི་གྲལ་རིམ་འཐབ་རྩོད་ཀྱི་འཁྲབ་སྟོན་བྱས་ཡོད། དེར་བརྟེན། བོད་ཀྱི་ལོ་རྒྱུས་ནང་ཐེངས་དང་པོ་མུ་གེ་ཆེན་མོ་བྱུང་། པཎ་ཆེན་བླ་མ་སྐུ་ཕྲེང་བཅུ་པ་མཆོག་གིས་རྒྱ་ནག་དམར་ཤོག་གི་སྲིད་བློན་ཀྲུའུ་ཨན་ལེ་ལ་འཕྲིན་ཡིག་ཕུལ་ཏེ། བོད་མིའི་ཡ་ང་བའི་གནས་སྟངས་གསལ་སྟོན་གནང་མྱོང་པའི་ནང་། “ བོད་མི་སྡེབ་ཤི་ཐེབས་པ་དང་། ཟ་འབྲུ་ཆད་དེ་ཐད་ཀར་ཤི་བ། ཁྱིམ་ཚང་ཁ་ཤས་ཀྱི་ནང་མི་ཡོངས་རྫོགས་ཤི་པའི”་གནས་ཚུལ་བཀོད་ཡོད།

 

ད་ལྟ་ཀྲུང་ནན་ཧེ་ཡིས་རྒྱབ་ཤ་དཀར་པོའི་དེབ་བཏོན་ཏེ་རྒྱ་ནག་དམར་ཤོག་གི་གླེང་རིན་མེད་པའི་ལོ་རྒྱུས་སྦས་སྐུང་བྱས་ཡོད་པ་མ་ཟད། བསམ་བཞིན་དུ་ལོ་རྒྱུས་གཅོད་བཏུབ་དང་། ཁ་ཕྲལ། གཅོད་འབྲེག་གིས་གདམ་ཁ་རང་བཞིན་ཅན་གྱི་རིགས་སྣ་ཚོགས་བཟོས་ཡོད་ལ། མཆོང་བརྒལ་རང་བཞིན་དང་རང་སྣང་གང་ཤར་གྱི་འགྲེལ་བརྗོད་བྱས་ཡོད། དམིགས་ཡུལ་ནི་རྒྱ་ནག་མི་མང་མུ་མཐུད་དུ་མགོ་སྐོར་གཏོང་ཐབས་རེད། རྒྱབ་ཤ་དཀར་པོའི་དེབ་ཀྱི་འགོ་བརྗོད་ཆེ་ཆུང་མཐོང་པ་ཙམ་གྱིས། ཀྲུང་ནན་ཧེ་ཡི་ལབ་རྡོལ་དང་འཁྱོག་བཤད། མི་བདེན་རྫུན་སྒྲིག དཀར་ནག་གོ་ལྡོག་གི་ལམ་ནས། རང་འཚང་རང་འདོན་དང་། སྔོ་ལོ་ལངས་འཕྱར་བྱེད་བཞིན་པ་རྟོགས་ཐུབ།

 

འགོ་བརྗོད་ཆེན་མོའི་ནང་གི་དང་པོ་ནི། “ལམ་ལུགས་རྙིང་པ་བོད་ཀྱི་ལོ་རྒྱུས་གར་སྟེགས་ནས་ཕྱིར་འཐེན་བྱ་རྒྱུ་ལྡོག་ཐབས་མེད་”ཅེས་པ་དེ་རེད། ཧམ་བཤད་འདི་ནི་ཉི་ཧོང་གིས་རྒྱ་ནག་ལ་བཙན་འཛུལ་བྱས་པ་དང་འདྲ་བར། “ལམ་ལུགས་རྙིང་པ་རྒྱ་ནག་གི་ལོ་རྒྱུས་གར་སྟེགས་ནས་ཕྱིར་འཐེན་བྱ་རྒྱུ་ལྡོག་ཐབས་མེད་”ཅེས་པ་དང་མཚུངས། ཉིན་ཞིག་ལ། རྒྱ་ནག་དམར་ཤོག་ཚོགས་པས་རང་ཉིད་ཀྱིས་ལག་བསྟར་བྱེད་བཞིན་པའི་སྒེར་གཅོད་དང་རུལ་སུངས། འགྲོ་བ་མིའི་རིགས་ལ་རྒོལ་བའི་ལམ་ལུགས་རྙིང་པ་འདི་རྒྱ་ནག་གི་ལོ་རྒྱུས་གར་སྟེགས་ནས་ཕྱིར་འཐེན་བྱ་རྒྱུ་ལྡོག་ཐབས་མེད་པ་རྟོགས་སྲིད། འགོ་བརྗོད་འདིས་རང་རྐུབ་རང་གིས་བརྡོལ་ཡོད།

 

འགོ་བརྗོད་ཆེན་མོ་གཉིས་པ། “བོད་གསར་པ་ཡང་དག་པའི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་པ།” ཞེས་པ་འདིའི་ཐོག་ནས་རྒྱ་ནག་དམར་ཤོག་ཚོགས་པས་དབང་བསྒྱུར་བྱས་པའི་དུས་རབས་ཕྱེད་ལྷག་གི་རིང་། བོད་མི་མང་དང་རྒྱ་ནག་མི་མང་ཐུན་མོང་གིས་རྐྱེན་ངན་གོད་ཆག་དང་དཀའ་སྡུག་མང་པོ་ཞིག་མྱོང་ཡོད། ཁྲག་དྲི་བྲོ་བའི་ས་ཞིང་བཅོས་བསྒྱུར། སྤྱི་གཉེར་ཅན། མདུན་སྐྱོད་ཆེན་མོ། མུ་གེ་ཆེན་མོ། རིག་གནས་གསར་བརྗེ་ཆེན་མོ་དང་བཅོས་བསྒྱུར་སྒོ་འབྱེད། དེའི་རྗེས་ཀྱི་དཔོན་རིགས་རུལ་སུངས། དབུལ་ཕྱུགས་ཧེ་བག་ཅན། བོད་མི་མཐའ་འཁོབ་ཅན་སོགས་དྲན་སྐུལ་མ་བྱས་པ་གཅིག་ཀྱང་མེད། འགོ་བརྗོད་འདིས་རང་འཚང་ཕྱིར་བསྟན་ཡོད།

 

འགོ་བརྗོད་ཆེན་མོ་གསུམ་པ། “དབུ་མའི་ལམ”གྱི་ངོ་བོ་ནི་ཀྲུང་གོ་ཁ་བྲལ་གཏོང་རྒྱུ་དེ་རེད།” དབུ་མའི་ལམ་ནི་ཏཱ་ལའི་བླ་མས་བཏོན་གནང་བ་དང་། བོད་རྒྱ་ནག་གི་མངའ་ཁོངས་སུ་སྡོད་དེ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ལག་བསྟར་བྱ་རྒྱུའི་དོན་རེད། དེའི་ནང་ཀྲུང་ནན་ཧེ་ཁ་བྲལ་ལ་དོགས་ཏེ་ཞེད་པ་ཞིག་མ་ཡིན་པར། རང་སྲིད་རང་སྐྱོང་ལ་ཞེད་སྣང་སྐྱེས་ཡོད། གང་ལགས་ཤེ་ན། རང་སྐྱོང་གང་འདྲ་ཞིག་ཡིན་ནའང་རྒྱ་ནག་དམར་ཤོག་རུལ་སུངས་ཤོག་ཁག་གི་ཁེ་ཕན་ལ་དོག་ཕོག་གཏོང་སྲིད་ཅིང་། གཞན་ལྟ་ཅི། ཧོང་ཀོང་གི་རང་སྐྱོང་ལྟ་བུའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡིན་ནའང་། རྒྱ་ ནག་དམར་ཤོག་འགོ་ཁྲིད་རྣམས་ཀྱིས་ཧོང་ཀོང་དེ་སྒོར་མོ་ནག་པོ་གསོག་འཇོག་བྱ་སའི་ ལྟེ་གནས་ཤིག་ཏུ་བསྒྱུར་ཐབས་ལ་བར་ཆད་ཡང་ཡང་འཕྲད་བཞིན་ཡོད།

 

ཀྲུང་ནན་ཧེ་ཡིས་ཧོང་ཀོང་དུ་སྤེལ་བའི་མ་རབས་ཐ་ཤལ་གྱི་བྱ་སྤྱོད་ལ་བརྟེན་ནས། ཐད་ཀར་“ཧོང་ཀོང་རང་བཙན་”གྱི་ བསམ་བློ་འཁོར་དུ་བཅུག་ཡོད། རྒྱ་ནག་ཁ་བྲལ་གྱི་ཉེས་ཅན་པ་གཏེ་བོ་དེ་དུས་ནམ་ཡང་རྒྱ་ནག་དམར་ཤོག་ཡིན་པ་ཧ་ཅང་ གསལ། རྒྱ་ནག་དམར་ཤོག་ཚོགས་པ་མི་སེམས་ཁ་བྲལ་བཟོ་བར་བྱང་ཆ་དོད་པ་དང་། མི་སེམས་ཁ་བྲལ་ནི་མངའ་ཁོངས་ཁ་བྲལ་ལས་ཆེ་བ་མ་ཟད་དེའི་སྔོན་འགྲོ་རུ་གྱུར་ཡོད། དབུ་མའི་ལམ་ནི་གཞི་རྩའི་ཆ་ནས་ཏཱ་ལའི་བླ་མས་རྒྱ་ནག་ལ་འཛིན་པའི་ཆེས་སེམས་བཟང་ ཞིག་ཡིན་ནའང་། ཀྲུང་ནན་ཧེ་ཡིས་ཏཱ་ལའི་བླ་མའི་དབུ་མའི་ལམ་ལ་ངོས་ལེན་མེད་པའི་ཐོག་ནས། བོད་མིའི་ཁྲོད་ཀྱི་གུ་ཡངས་ཤོག་ཁག་གི་རེ་འདུན་ལ་ཁས་ལེན་མ་བྱས་པར། བོད་རང་བཙན་གཙང་མའི་ལངས་ཕྱོགས་བཟུང་མཁན་གྱི་བོད་མི་དང་བོད་མིའི་ཚོགས་པ་ སྒྲིག་འཛུགས་ཀྱི་ལྟ་བ་མཁྲེགས་འཛིན་ཤོག་ཁག་སྐུལ་སློང་བྱས་ཡོད། ཀྲུང་ནན་ཧེ་ཡི་ཁེངས་དྲེགས་དང་མིང་རྒྱང་ཐུང་བའི་བྱ་སྤྱོད་ཀྱིས། མ་འོངས་པའི་རྒྱ་བོད་འཁྲུག་འཛིང་དང་། རྒྱ་བོད་ཁ་བྲལ་ལ་དུས་བཀག་འབར་རྫས་བཞག་སྟེ། འགོད་བརྗོད་འདིས་རྐུན་ཁག་གཞན་ལ་གཡོགས་ཡོད།

 

འགོ་བརྗོད་ཆེན་མོ་བཞི་པ། “ཞི་བདེ”དང“འཚེ་མེད་ཞི་བའི”རྣམ་པ་རྫུན་མ།”ཟེར་བའི་འགོ་བརྗོད་འོག ཀྲུང་ནན་ཧེ་ཡིས་ཕྱི་ལོ་༡༩༥༩ ལོར་རྒྱ་དམར་གྱིས་བོད་ལ་བརྒྱབ་པའི་དམག་འཁྲུག་དང་། ཕྱི་ལོ་༡༩༨༩ ལོ་དང་༢༠༠༨ ལོར་ཆས་གོས་དཀྱུས་མ་གོན་པའི་རྒྱ་དམར་གྱི་གསང་མྱུལ་བས་དཀྲུག་ཤིང་སློང་པའི་ཁྲག་དྲི་བྲོ་བའི་ཟིང་འཁྲུག་དོན་རྐྱེན། དེ་བཞིན་ཉེ་བའི་ལོ་ཤས་རིང་རྒྱ་དམར་གྱི་ཡ་ང་སྙིང་རྗེ་མེད་པའི་དྲག་པོའི་དབང་བསྒྱུར་ལ་བརྟེན་ནས་བྱུང་བའི་རང་ལུས་མེར་སྲེག ཐམས་ཅད་ཏཱ་ལའི་བླ་མ་ལ་ཁག་དཀྲི་བྱས་ཡོད། ཀྲུང་ནན་ཧེ་ཡིས་བསམ་བློ་ཡག་པོ་ཞིག་གཏོང་པ་ཡིན་ན། བོད་མིའི་རང་སྲེག་ནི་རྒྱ་ནག་དམར་ཤོག་ཚོགས་པས་དབང་བསྒྱུར་འོག་གི་བོད་ཀྱི་ས་ཁུལ་ནང་བྱུང་ཡོད་པ་ལས། བོད་ཕྱི་ལོགས་སུ་་བྱུང་མེད། དོན་དངོས་སུ་ཏཱ་ལའི་བླ་མས་ལམ་སྟོན་འོག་གནད་དོན་ལྷག་པ་རེད་དམ། ཡང་ན་རྒྱ་ནག་དམར་ཤོག་གི་དབང་བསྒྱུར་ལ་གནད་དོན་ལྷག་པ་རེད། བོད་མི་བརྒྱ་དང་སུམ་ཅུ་སོ་གྲངས་ཀྱིས་རང་ལུས་མེར་སྒྲོན་པ་ནི། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་གོད་ཆག་ཅིག་རེད། དེ་ལྟར་ཡ་ང་བའི་འཐབ་རྩོད་ཅིག་ལ་གདོང་གཏད་སྐབས། སྐུ་སྲས་ཀྲུང་ནན་ཧེ་ཡིས་ཅིའི་ཕྱིར་རང་སྐྱོན་རང་བརྟག་དང་། རང་འགན་རང་ཁུར་མ་བྱེད་པ་རེད་དམ། འགོ་བརྗོད་འདིས་རང་འཚང་རང་གིས་བཏོན་ཡོད།

 

འགོ་བརྗོད་ཆེན་མོ་ལྔ་པ། “དབུས་སྲིད་གཞུང་གིས་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པར་འཛིན་པའི་སྲིད་ཇུས།” འགོ་བརྗོད་འདིའི་འོག་ཀྲུང་ནན་ཧེ་ཡིས་གཅིག་རྗེས་གཉིས་མཐུད་དུ་ཚད་ལས་བརྒལ་བའི་སྐྱག་རྫུན་བཤད་དེ་ལོ་རྒྱུས་རྫུན་བཟོ་དང་། མགོ་སྐོར་སླུ་བྲིད། མི་བདེན་རྫུན་སྒྲིག་བྱས་ཡོད། རྒྱ་ནག་དམར་ཤོག་ཚོགས་པས་སྤེལ་བའི་གསལ་བསྒྲགས་ནང་། “ཏཱ་ལའི་བླ་མའི་ལོ་རྒྱུས་ཁྲིམས་མཐུན་རང་བཞིན་ཡོངས་ཁུངས་དབུས་སྲིད་གཞུང་ཡིན་”ཟེར། དོན་དངོས་སུ་ཏཱ་ལའི་བླ་མ་ཡི་མཚན་གནས་དེ་སོག་པོ་རྒྱལ་པོས་གནང་བ་ཞིག་ཡིན་ཞིང་། དེ་ནི་ཕྱི་ལོ་༡༥༧༨ ལོར་རེད། སྐབས་དེར་རྒྱ་ནག་དབུས་སྲིད་གཞུང་ནི་མིང་རྒྱལ་རབས་ཀྱི་ཝང་ལི་དུས་སྐབས་ཡིན། རྒྱ་ནག་གི་མིས་སྐབས་དེའི་ལོ་ཉིས་བརྒྱ་སྔོན་གྱི་ཕྱི་ལོ་༡༣༦༨ ལོར། སོག་པོའི་མི་སེར་སྤེལ་བའི་དབང་བསྒྱུར་འགོ་རྟིང་སློག་ཏེ་རྒྱལ་ཁབ་བསྐྱར་འཛུགས་བྱས། ཀྲུང་ནན་ཧེ་ཡིས་ད་དུང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་མན་ཇུའུ་བར་གྱི་འབྲེལ་བ་གླེང་ཡོད། ངེས་པར་དུ་ཤེས་དགོས་པ་ཞིག་ནི། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་མན་ཇུའུ་གོང་མའི་བར་མཆོད་ཡོན་འབྲེལ་བ་འཛུགས་ཡོད། ཕྱི་ལོ་༡༦༣༩ ལོར་སྐབས་དེའི་རྒྱ་ནག་དབུས་སྲིད་གཞུང་སྔར་བཞིན་མིང་རྒྱལ་རབས་ཀྱི་ཁྲུང་ཀྲན་དུས་སྐབས་ཡིན་ཞིང་། ཕྱི་ལོ་༡༦༤༤ ལོར་ད་གཟོད་རྒྱ་ནག་གིས་མན་ཇུའུ་རྩ་མེད་བཟོས།

 

རྒྱ་ནག་དམར་ཤོག་གིས་མིང་རྒྱལ་རབས་དེ་རྒྱ་ནག་གི་དབུས་སྲིད་གཞུང་ཞིག་ལ་ངོས་ལེན་མི་བྱས་པར། དེ་ལས་ལྡོག་ཏེ་བྱང་ཕྱོགས་བྱེ་ཐང་གི་སོག་པོའི་རྒྱལ་པོ་དང་། རྒྱང་རིང་ཡུལ་དུ་གནས་པའི་མན་ཇུའུ་(ཧུའུ་ཅིན) སྲིད་དབང་དེ་རྒྱ་ནག་གི་དབུས་སྲིད་གཞུང་ཞིག་ལ་ངོས་འཛིན་བྱས། འདི་ནི་སེམས་ལ་ཤོང་དཀའ་བ་དང་སྨྱོན་པ་ལྟ་བུའི་ལས་ཀ་ཞིག་མ་ཡིན་ནམ། ཀྲུང་ནན་ཧེ་ཡིས་མ་གཞི་“བོད་དེ་གནའ་སྔ་མོ་ནས་བཟུང་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་”བདེན་དཔང་བྱས་བསམ་ཡོད་ཀྱང་། དེ་ལས་ལྡོག་ཏེ་“བོད་དེ་གནའ་སྔ་མོ་ནས་བཟུང་རྒྱ་ནག་གི་ཆ་ཤས་ཤིག་མིན་པའི་”བདེན་དཔང་བྱས་ཡོད། འགོ་བརྗོད་འདི་ཡང་སྔོ་ལོ་འཕྱར་སྟངས་ཤིག་རེད།།

 

  • རྒྱ་ཡིག་གི་མ་རྩོམ་གཟིགས་འདོད་ཡོད་ན་དྲ་ཐག་འདི་བརྒྱུད་ནས་ཕེབས།
འགྱུར་རྩོམ།

Post navigation

Previous Post: བཙོན་མ་དང་སངས་རྒྱས་ཀྱི་འོད་ཟེར།
Next Post: འཕྲིན་ཆུང་སྙིང་གི་ཐོ་བ།

Comment (1) on “བོད་ཀྱི་རྒྱབ་ཤ་དཀར་པོའི་དེབ། ཀྲུང་ནན་ཧེ་ཡི་འགོ་བརྗོད་རིག་པ།”

  1. ཅོ་རི་ཉི་མ། says:
    2015-05-29 at 7:03 am

    རྒྱ་དེའི་སྐད་ཆ་སྣང་བ་མི་འགྲོ་བའི་སྐད་ཆ་ཡང་རེ་གཉིས་འདུག ཡིན་ཀྱང་མང་ཆེ་བ་ཡག་པོ་བཤད་པའི་འདུག་པས་གུས་བཀུར་ཡོད། སྣང་བ་མི་འགྲོ་སྐད་ཆ་ཉུང་ཤས་དེ་ལ་དགག་པ་ཡང་འབྲི་གི་མིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme