Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་ཡིག་གཟུགས་དུས་ཆེན་གཏན་འཁེལ་བྱུང་འདུག

Posted on 2017-05-032017-05-03 By ཁ་བརྡ 7 Comments on བོད་ཀྱི་ཡིག་གཟུགས་དུས་ཆེན་གཏན་འཁེལ་བྱུང་འདུག

unnamedཆོས་ཉིད་ཀྱིས་འོས་སྦྱོར་བྱས།

 

༢༠༡༧།༠༥།༠༢ཉིན་སྤེལ། ཟླ་༠༤ཚེས་༣༠ཉིན་བོད་ཀྱི་ཡིག་གཟུགས་དུས་ཆེན་དུ་གཏན་འཁེལ་བྱུང་དོན་ནི། བོད་ཀྱི་ཡི་གེར་དབྱངས་༤དང་གསལ་བྱེད་༣༠ཡོད་པས་ཡིན། ཞེས་བརྗོད་འདུག

འདི་ག་གསར་ཁང་གིས་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། ༢༠༡༧ལོའི་ཟླ༤པའི་ཚེས༡༥ཉིན་ནས་ཚེས༡༦བར་མཚོ་སྔོན་མི་རིགས་སློབ་ཆེན་དུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་འཚོགས་ཡོད་པ་དང་།  ཚོགས་ཐོག་ནས་ལོ་རེའི་ཟླ་བ༤པའི་ཚེས༣༠ཉིན་དེ་བོད་ཀྱི་ཡིག་གཟུགས་དུས་ཆེན་དུ་གཏན་འཁེལ་བྱས་གནང་བའི་གནས་ཚུལ་ལོན་སོང་།

དེ་ཡང་གོང་ཚེས་ཉིན། ཡིག་གཟུགས་དུས་ཆེན་དུ་གཏན་འཁེལ་བྱེད་དགོས་པའི་རྒྱུ་མཚན་ནི། བོད་ཀྱི་ཡི་གེར་དབྱངས་༤དང་གསལ་བྱེད་༣༠ཡོད་པས་ཡིན་པ་དང་། ༢༠༡༧ལོའི་ཟླ་༤པའི་ཚེས་༡༦ཉིན། ཚོགས་རྟགས་ཤིག་ཀྱང་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོའི་ཐོག་མདོ་དབུས་ཁམས་གསུམ་གྱི་ཆོས་ལུགས་རིས་མེད། སྐྱ་སེར་རིས་མེད་ཀྱི་ཡིག་མཁན་དང་དགེ་སློབ་༡༣༠ལྷག་གིས་དམངས་གཙོའི་ལམ་ནས་དུས་ཆེན་གྱི་མིང་དང་ཟླ་ཚེས་ལ་འོས་ཤོག་འཕངས་པ་ལས༼བོད་ཀྱི་ཡིག་གཟུགས་དུས་ཆེན་༽ཞེས་པའི་མིང་འདོགས་དང་། སྤྱི་ཟླ་༤པའི་ཚེས་༣༠ཉིན་དུས་ཆེན་གྱི་ཉིན་མོར་གཏན་འཁེལ་བྱུང་ཡོད་འདུག

གཞན་ཡང་།  བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་ཚོགས་རྟགས་འགྲེལ་བཤད་རྟགས་བརྒྱད་རིས་ཀྱི་བརྡ་དོན་འགྲེལ་བཤད་བྱས་པ་ལས། ངེད་བོད་ཀྱི་ཡིག་གཟུགས་དུས་ཆེན་རྩོམ་སྒྲིག་ཚན་ཆུང་གིས་ཕུལ་དུ་བྱུང་བའི་ཡིག་རིས་འཆར་བཀོད་པ་ཀླུ་རྒྱལ་དོན་གྲུབ་ལགས་ལ་མངགས་བཅོལ་བྱས་པ་བཞིན། ཁོང་གིས་ཚོགས་རྟགས་འདི་ཆེད་དུ་བཟོས་པ་ཡིན་ལ། བོད་ཀྱི་ཡིག་གཟུགས་དུས་ཆེན་མཐུན་ཚོགས་ཀྱི་ཚོགས་གཙོ་སྟེ་མཁས་དབང་རྡོ་དགོན་གསང་བདག་རྡོ་རྗེ་ལགས་ཀྱིས་༼བོད་ཀྱི་ཡིག་གཟུགས་དུས་ཆེན་༽ཞེས་པའི་དཔེ་ཚུགས་ཡི་གེ་ཕྱག་བསྟར་མའི་བཀའ་དྲིན་བསྐྱངས་པ་ཡིན། ཞེས་དང་།

ཚོགས་རྟགས་ནི་མཚོན་དོན་བཀྲ་ཤིས་གྲངས་ལྡན་གྱིས་མཚོན་པ་ཡིན་པས་དེ་དག་རེ་རེ་ནི།

ཕྱིའི་མུ་ཁྱུད་དཀར་པོས་བོད་ཀྱི་སྣོད་ཀྱི་འཇིག་རྟེན་གངས་རི་ར་བས་བསྐོར་བ་མཚོན།
ནང་གི་རྒྱབ་ལྗོངས་མཐིང་སྔོན་གྱིས་བོད་ཀྱི་བཅུད་ཀྱི་སེམས་ཅན་རྣམས་འཚེ་མེད་ཞི་བདེ་ལ་དགའ་བ་མཚོན།
སྨྱུག་བུམ་ཤོག་གསུམ་གྱིས་བོད་ཀྱི་ཡིག་མཁན་རྣམས་ཀྱི་གཅེས་ནོར་ཆེན་པོ་གསུམ་མཚོན།
བུམ་གཟུགས་སེར་པོས་བོད་ཀྱི་འོད་སྟོང་འབར་བའི་སྲོལ་རྒྱུན་ལྷ་ཆོས་རིག་གནས་དང་དབུས་གཙང་ཆོས་ཀྱི་ཆོལ་ཁ་མཚོན།
ཤོག་བུ་དཀར་པོས་བོད་ཀྱི་མི་ཆོས་རིག་གནས་དང་མདོ་སྟོད་མིའི་ཆོལ་ཁ་མཚོན།
སྨྱུ་གུ་ལི་ཁྲིས་བོད་ཀྱི་དེང་རབས་རིག་གཞུང་དང་མདོ་སྨད་རྟ་ཡི་ཆོ་ཁ་མཚོན།
དེ་གསུམ་རྟེན་འབྱུང་ལྷན་དུ་འདུས་པའི་ཡི་གེ་༼བོད་༽ཅེས་པས་བོད་ཀྱི་མི་རིགས་ཀྱི་ངོ་བོ་དང་མཐུན་ལམ། སྙིང་སྟོབས་བཅས་མཚོན། ཟླུམ་རིས་རིམ་པ་གཉིས་ལྷན་དུ་སྦྱར་བས་ནི་གནས་དེང་ཟུང་དུ་འབྲེལ་བའི་བོད་མིའི་རིག་གཞུང་གི་མ་འོངས་མདུན་ལམ་བཅས་མཚོན་ཡོད་པ་ཡིན་ནོ། །
ཞེས་༼བོད་ཀྱི་ཡིག་གཟུགས་དུས་ཆེན་༽ལས་སྒྲུབ་ཁང་ནས་སྤྱི་ཟླ་༤པའི་ཚེས་༢༥ཉིན་བསྒྲིགས། ཞེས་འགྲེལ་བཤད་ཅིག་ཀྱང་གཏན་འབེབས་གནང་ཡོད་འདུག
unnamed (1)

དེ་མིན་བོད་ཕྱི་ནང་ཀུན་ན་བོད་ཡིག་ལ་དོ་སྣང་དང་འགན་འཁུར་ཕྲག་ཏུ་བཞེས་མཁན་རྣམས་ཀྱིས་དགའ་བསུའི་མཚམས་རྟགས་དང་། ལྷག་པར་དུ་ད་ལྟའི་དུས་རབས་སུ་སྤྱི་ཚོགས་བརྒྱུད་ལམ་རྒྱུགས་ཆེ་ཤོས་ངོ་དེབ་དང་སྐད་འཕྲིན། འཕྲིན་སྟེགས་སོགས་སུ་ཁྱབ་རྒྱ་ཆེན་པོར་གྱུར་སོང་ལ། ཨ་རིར་ཡོད་པའི་བོད་ཀྱི་ལྭ་རྩེ་དཔེ་མཛོད་ཁང་གི་སྐད་ཚོམས་སུ་དམིགས་གསལ་གྱིས་ཉིན་མོ་དེ་སྲུང་བརྩི་གནང་སོང་བ་སོགས་དཔེར་ན། བོད་ཀྱི་རྩོམ་པ་པོ་སྐྱུ་རའི་རླུང་བུ་ཟེར་བ་ཞིག་གིས་ཉིན་མོ་འདིར་ཆེད་དུ་རྩོམ་ཡིག་བྲིད་པ་གཤམ་གསལ་དུ།

ཡིག་གཟུགས་དུས་ཆེན་ཡོད་པ་དེས་ང་ཚོར་འགན་འཁྲི་གསར་པ་ཞིག་རྙེད་སོང་།

སྤྱིར་ན་འཛམ་གླིང་ཧྲིལ་པོའི་ཐོག་ཡིག་རིགས་དྲུག་ཅུ་ལྷག་རང་ལུགས་སོ་སོའི་སྒྱུ་རྩལ་དང་འབྲི་སྲོལ་གྱི་སྒོ་ནས་ཡིག་གཟུགས་ཀྱང་འདྲ་མིན་རེ་གཏོད་ནས་སྤྱི་ཚོགས་ཡོངས་ལ་སྲི་ཞུའི་ལག་གདང་སྒྲིལ་དང་སྒྲིལ་བཞིན་ཡོད་པ་རེད།

དེའི་ནང་ནས་བོད་རང་གི་ཡིག་རིགས་ལ་མཚོན་ན།  རྩ་བ་ཀ་མད་སུམ་བཅུའི་ཞིང་སར་སྔོན་རྗེས་མིང་གསུམ་གྱི་ཡལ་འདབ་རྒྱས་ནས་མི་རིགས་འདིའི་ཤེས་དཔལ་རིགས་གསུམ་གྱི་ཆུད་ཚད་གོང་ཐོར་གཏོང་དང་གཏོང་མུས་ཡིན་པ་མ་ཟད་ཡིག་རིགས་དེ་དག་ལས་གཟུགས་རིས་ཀྱི་རྣམ་པ་དུ་མ་ཞིག་ཀྱང་འབྲི་སྲོལ་བྱུང་ཡོད་པ་ནི་ཨུ་ཅན་དང་འབྲུག་ཚ།  ཚུགས་ཐུང་།  ཚུགས་རིང་།འཁྱུག་ཡིག་སོགས་རྣམ་གྲངས་ཀྱི་སྤྲོས་པ་མཐའ་ཡས་པ་ཞིག་ལོ་རབས་བརྒྱད་བཅུའི་བར་དར་ཁྱབ་བྱུང་ནས་ད་ལྟའི་བར་མ་ཉམས་གྲ་རྒྱས་སུ་གནས་ཡོད་པ་ནི་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད།

དེང་གི་ཆ་ལ་མི་རིགས་མང་པོ་ཞིག་གི་རིག་གནས་ཆུད་ཚད་དང་དཔལ་འབྱོར་ཚད་གཞི་མཐོན་པོར་སྙེགས་ནས་རང་རང་གི་རིག་གཞུང་རྣམས་ཡང་རྩེར་སོན་པའི་སྟེང་དུ་མི་རིགས་གཞན་གྱི་རིག་གནས་ལ་སྦྱང་བརྩོན་བྱས་ཏེ་བསམ་པའི་དཔལ་ཡོན་གོང་ཐོར་གཏོང་མཁན་ནུབ་ཕྱོགས་རྒྱལ་ཁབ་སོགས་མི་རིགས་མང་དག་ཞིག་ད་ལྟ་དངོས་སུ་ཐོན་བཞིན་པའི་དུས་དེར་ང་ཚོས་ཀྱང་དེ་དག་གི་རྗེས་སུ་འབྲངས་ནས་ཕྱི་ལུགས་དང་དེའི་རིག་གནས་ལ་སྦྱང་བརྩོན་བྱེད་བཞིན་ཡོད་པ་རེད།    དོན་ངོ་མར་ང་ཚོས་དེ་དག་གི་རྗེས་འབྲངས་ཡང་དག་ཞིག་བྱེད་ཐུབ་བམ་ཞེ་ན་མི་ཐུབ་པ་ལྟ་ཅི།  དེ་ལས་ལྡོག་ཏེ་རང་ཉིད་ལ་དབང་བའི་བཅུ་ཕྲག་རིག་གཞུང་གི་གོམ་བགྲོད་ཀྱང་གཏན་པོར་སྤོ་མི་ཐུབ་པའི་སྔོན་རྟགས་ཞིག་ཐོན་བཞིན་པ་རེད།

ནུབ་ཕྱོགས་སོགས་མི་རིགས་དེ་དག་ནི་རང་ཉིད་ཀྱི་རིག་གཞུང་གཙོར་འབད་བྱས་པའི་རྨང་གཞིའི་ཐོག་གཞན་གྱི་གཞུང་ལུགས་ལ་ཐོས་བསམ་བྱེད་མཁན་ཤ་སྟག་ཡིན་པ་ཀུན་གྱི་དཔྱད་གསུམ་གྲུབ་རྟགས་ལས་དཔོག་ནུས་པས་ང་ཚོ་དང་ཧེ་བག་ཧ་ཅང་ཆེ་བ་མ་ཟད་དམིགས་ཡུལ་གྱི་ནུས་པ་ཡང་ཐ་དད་དུ་གྱུར་བཞིན་ཡོད་པ་རེད།

དེ་ཅིའི་ཕྱིར་ཞེ་ན།  ང་ཚོས་ཕྱི་ལུགས་དང་དེའི་རིག་གཞུང་སྦྱང་བ་ནི་ཕལ་ཆེར་སྐད་བརྡ་ཕྲོད་བྱེད་ཙམ་ལས་བཅུ་ཕྲག་རིག་གཞུང་གཙོར་འབད་ཐུབ་པའི་རྨང་གཞིའི་འོག་མིག་བལྟ་བྱས་པ་ཞིག་ཉུང་ཉུང་ཡིན་མོད་མི་རིགས་གཞན་གྱིས་ང་ཚོའི་རིགས་གཞུང་སྦྱང་བ་ནི་ཟབ་པ་དང་རྒྱ་ཆེ་བ་དཔེར་ན།   ནང་ཆོས་ཀྱི་ལྟ་གྲུབ་དག་ལས་ནང་སེམས་ཁམས་ཀྱི་བདེ་སྐྱིད་འཚོལ་ཤིབ་བྱེད་ཐུབ་པ།  ཟས་བཅུད་འཕྲོད་བསྟེན་གྱི་ཐོག་ནས་ ༼ རྩམ་པ་ ༽    ལུས་པོའི་བདེ་ཐང་འཚོལ་སྙེགས་བྱེད་ཐུབ་པ་སོགས་གྲུབ་འབྲས་ནུས་པའི་ཐོག་ནས་རྗེས་འབྲངས་ཡང་དག་ཞིག་ག་ལ་མཚུངས།

དེ་ལས་གྱོང་ཁ་ཆེ་བ་ཞིག་ལ་རང་གཞུང་རང་གིས་མགོ་ཐོན་མི་ཐུབ་པའི་ནག་ཉེས་ཞིག་ཐོན་རྒྱུ་སྨོས་སུ་མེད།

ད་དུང་རྗེས་འབྲངས་གོ་ལྡོག་ནས་བརླག་པའི་ང་ཚོའི་རིག་གཞུང་ལ་ཕྱིར་བལྟ་ཞིག་བྱས་ན།

དེ་རིང་སྟེ།   སྤྱི་ཟླ་༤  ཚེས་ ༣༠ ཉིན་ནི་དབྱངས་བཞི་དང་གསལ་བྱེད་སུམ་བཅུའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ཡིན་པས་ཚང་མས་དྲྭ་ཐོག་རྒྱུད་ནས་ཡིག་གཟུགས་འདྲ་མིན་མང་པོ་སྤེལ་བཞིན་སྨོན་ཚིག་དང་ཤིས་བརྗོད་ཀྱི་མུ་འཁྱུད་སྒྲོན་བཞིན་མ་ཡིག་གི་རིན་ཐང་ངོམས་བཞིན་འདུག      དེ་དག་ཁྲོད་ལས་ཡིག་གཟུགས་ཕལ་ཆེ་བ་ནི་ནང་བསྟན་སྡེ་ཁག་ནས་ཐོན་པའི་དགེ་འདུན་པའི་ཡིག་གཟུགས་ལས་དེ་མིན་སེར་སྐྱ་ཐུན་མོང་གི་ཡིག་གཟུགས་ཞིག་ཧ་ལམ་དཀོན་པས་དགའ་སྐྱོ་ཟུང་གི་བསམ་བློའི་སྟོབས་ལས་ཡིག་གཟུགས་ཀྱི་དུས་ཆེན་དེ་ཙམ་ལ་སྐྱ་སེར་དབར་ཧེ་བག་འདི་ལྟར་ཡོད་དུས་མི་རིགས་འདིའི་རིག་གཞུང་རྒྱུན་འཛིན་བྱེད་མཁན་ཧ་ལམ་དགེ་འདུན་པ་ལས་གཞན་དཀོན་ནམ་སྙམ་པའི་ཐེ་ཚོམ་ཞིག་འཆར་བྱུང་།

དེ་ལྟ་བུའི་དྲྭ་ཐོག་གི་ཁྱབ་ཁུངས་ཙམ་ལ་བརྟེན་ནས་རིག་གཞུང་རྒྱུན་འཛིན་བྱེད་མཁན་དབྱེ་འབྱེད་གསལ་པོ་མི་ཐུབ་ཀྱང་།   དེ་མ་ཡིན་པའི་སྲོལ་རྒྱུན་རིག་གནས་གཞན་ལའང་དེ་ལྟ་བུའི་ཁྱབ་ཁུངས་དང་དགེ་མཚན་ཡོད་པ་ཡོངས་སུ་གྲགས།

མདོར་ན་མི་རིགས་འདིའི་རིག་གཞུང་རྒྱུན་འཛིན་བྱེད་པར་སྐྱ་སེར་ཐུན་མོང་བར་འགན་འཁྲི་ཡོད་ཀྱང་དེ་རིང་གི་ཡིག་གཟུགས་དུས་ཆེན་བསུ་བའི་དགའ་སྟོན་ཐོག་སྐྱ་སེར་ཐུན་མོང་ཐོག་མེད་པ་ནི་གོང་གི་རྗེས་འབྲངས་གོ་ལྡོག་པའི་ནག་ཉེས་ལས་ལྷུངས་བའི་འབྲས་རྟགས་ཡིན་སྲིད།

དེར་བརྟེན་གནོང་འགྱོད་ཀྱི་དོགས་ཆར་མང་པོ་མདུན་དུ་བསུས་ནས་ཡིག་གཟུགས་དུས་ཆེན་ཡོད་པ་དེས་མ་འོངས་པར་ང་ཚོའི་རིག་གཞུང་འཛིན་སྐྱོང་བྱེད་པའི་འགན་འཁྲི་གསར་པ་ཞིག་རྙེད་ཚོར་ཐུབ་པའི་དགའ་བ་དང་བཅས་ཡིག་གཟུགས་དུས་ཆེན་ལ་བསུ་བ་ཞུ་བཞིན་ལྷོ་གཡོ་རུའི་ཆ་ནས་འདི་ལྟར་སྨྲས་སོ།། ཞེས་འབྲེལ་ཡོད་ཀྱི་རྩོམ་ཡིག་འདི་འདྲ་མང་པོ་ཞིག་གིས་འཛམ་གླིང་བརྒྱུད་ལམ་ཡོངས་སུ་འཁེངས་སོང་བ་བཅས།།
གསར་འགོད་པ་ཆོས་ཉིད།
ཡོང་ཁུངས་ཤམ་བྷ་ལའི་ཕོ་ཉ།

གསར་འགྱུར།

Post navigation

Previous Post: རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པ་ཚོགས་གཏན་འཁེལ་བའི་གསལ་བསྒྲགས།  
Next Post: ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༡)

Comments (7) on “བོད་ཀྱི་ཡིག་གཟུགས་དུས་ཆེན་གཏན་འཁེལ་བྱུང་འདུག”

  1. ལ་དྭགས་འཇམ་དཔལ།། says:
    2017-05-04 at 1:44 am

    བོད་ཀྱི་ཡི་གེར་དབྱངས་༤དང་གསལ་བྱེད་༣༠ཡོད་པས་ཡིན། ཞེས་མ་བརྟགས་མ་དཔྱད་པའི་དབང་དུ་བྱས་ན། དེ་ལྟར་ལགས་ཀྱང་། ཨ་ཡིག་གསལ་བྱེད་དུ་བཅུག་པ་ལ་དགོས་པ་དང་རྒྱུ་མཚན་བཤད་ན། ལེགས་སོ། ཞུ་ངེས་སོ།
    སྤྱིར་གསལ་བྱེད་དང་དབྱངས་གཉིས་ཟུང་དུ་འབྲེལ་ནས། དོན་སྟོན་འདི་ཉིད་བདག་གིས་ཤེས་སོ། གསལ་བྱེད་རྐྱང་པ་དང་། དབྱངས་རྐྱང་པས་དོན་སྟོན་ཡོད་པ་ཞིག་ཐོས་ན། ཁོ་བོའི་བློ་སྐྱེད་ལ་ཕན་ནོ།

  2. གནམ says:
    2017-05-04 at 7:54 am

    དབྱངས་བཞི་ཟེར་བ་ཞིག་རྣ་ཡིས་གོ་མྱོང་མེད། དབྱངས་གསལ་སོ་བཞི་ཟེར་བ་ཞིག་ཡོད་པ་རེད།
    མ་གཞི་ཡིག་གཟུགས་ཙམ་ལ་མགོ་འཁོར་ཡོད་དུས། ལག་བདེ་ན་། གཞན་པ་དེ་ཚོ་ནི་ག་རེ་ཡིན་ན་ག་རེ་ཡིན་བསམ་མེད་འགྲོ།

  3. བན་དེ་བ། says:
    2017-05-04 at 10:08 am

    དེང་སང་དུས་ཆེན་དང་དུས་དྲན་དང་སྒོ་འབྱེད་དང་བགྲོ་གླེང་ཟེར་བ་སོགས་ཚོགས་འདུ་རྐྱང་རྐྱང་ཚོགས་ནས་བྱས་རབ་བཏང་རབ་རྐྱང་རྐྱང་བཤད་ནས་དུས་ཚོད་གཏོང་གི་འདུག ཡིག་སྣོད་ཀྱིས་དཔེ་མཛོད་དང་ལས་ཁུང་དེ་ཚོ་བཀང་ཟིན་ཡོད་ས་ཡོད། ལག་ལེན་ག་དུས་བྱེད་མིན་མི་ཤེས།

  4. ལ་དྭགས་འཇམ་དཔལ།། says:
    2017-05-04 at 10:46 am

    ལ་དྭགས་པའི་ཕལ་སྐད་ཕལ་ཆེ་བར། འདི། ཞེས་པ་ཟུར་ཆག་ཏུ་གྱུར། བོད་སྐད་ཟུར་ཆག་པ་ན མགོ་ནས་ཟུར་ཆག་པ་དང་། མཇུག་ནས་ཟུར་ཆག་པ་གཉིས་ཀ་ཡོད་པར་སྣང་། མགོ་ནས་ཟུར་ཆག་པ་ནི།་ལ་དྭགས་པའི་ཕལ་སྐད་དུ། འདི། ཞེས་པའི་འ་ད་ཡིག་གཉིས་ཀ་མེད་པ་སོང་སྟེ། ཨི། ཞེས་པ་ཁོ་ན་མཆིས། འདི་ལ་དཔགས་ན། དབྱངས་ཁོ་ན་ཡོད་པས་ཀྱང་དོན་སྟོན་པ་མཐོང་ངོ་། གསལ་བྱེད་ནི། དབྱངས་ལ་མ་བརྟེན་པར་བརྗོད་ཐུབ་པ་ཡང་མེད་ན། དོན་སྟོན་པ་ལྟ་ཅི། ཞེས་སོ།

  5. ཀརྡོ་རབ་འབྱམས་པ་ says:
    2017-05-04 at 12:07 pm

    ་ཨུ་ཅན་དང་འབྲུག་ཚ། ཚུགས་ཐུང་། ཚུགས་རིང་།འཁྱུག་ཡིག
    འདི།
    དབུ་ཅན་དང་འབྲུག་ཚ། ཚུགས་ཐུང་། ཚུགས་རིང་།འཁྱུག་ཡིག
    ཡིན་དགོས། འདི། དབྱིན་སྐད། ཨིན་སྐད་དུ་བྲིས་པ་དང་མི་འདྲ། དབུ་ཅན་དང་མགོ་ཅན་དོན་གཅིག་པས་སོ།།
    ཡང་།
    ཡིག་གཟུགས་དུས་ཆེན་བཏགས་པ་ལས། ཡིག་གཟུགས་ཉིན་མོ་ཞེས་བཏགས་ན་དོན་དང་མཐུན་ནོ།།

  6. ཀརྡོ་རབ་འབྱམས་པ་ says:
    2017-05-04 at 12:39 pm

    http://tibettimes.net/%E0%BD%A0%E0%BD%96%E0%BE%B1%E0%BD%B4%E0%BD%84%E0%BC%8B%E0%BD%A0%E0%BD%82%E0%BE%B1%E0%BD%B4%E0%BD%A2%E0%BC%8B%E0%BD%95%E0%BE%B1%E0%BD%B2%E0%BC%8B-%E0%BC%A6-%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%93/
    སྲས་སྐུ་ངོ་།
    ༢༠༡༧/༠༥/༠༤ ༡༥:༥༧:༠༩
    གང་ནོར་གང་འགྲིག

    བྱས་སྐབས་དང་བྱེད་སྐབས།
    བྱས་ནས་དང་བྱེད་ནས།
    འགྲོ་དུས་དང་ཕྱིན་དུས།
    བསླེབས་/སླེབས་ནས་དང་སླེབ་ནས།
    བསླེབ་ཚེ་དང་སླེབ་ཚེ།
    བསླེབ་ན་དང་སླེབ་ན།
    འབྲི་སྐབས་དང་བྲིས་སྐབས
    ་
    ད་ལྟ་བ།
    བྱེད་སྐབས།
    འགྲོ་དུས།
    སླེབ་ཚེ།
    འབྲི་སྐབས།
    ་
    འདས་པ།
    བྱས་ནས།
    སླེབས་ནས།
    ཚུར་སླེབས་པ་ན།
    ཕར་ཕྱིན་པ་ན་བཞིན།

  7. འཕྲིན་ལས་རྒྱལ་མཚན། says:
    2017-07-30 at 11:35 am

    གསལ་བྱེད་རྐྱང་པས་དོན་སྟོན་ནུས་ཀྱང་དབྱངས་རྐྱང་པས་དོན་སྟོན་རྒྱུ་མེད། ཨ་ཡིག གསལ་བྱེད་དུ་་བཅུག་པའི་དགོས་པ་མ་ཟད་མ་བཅུག་པའི་དགོས་པ་ཡང་། དེས་ན་མཁས་པ་རེ་རེས་དགོས་པ་དང་རྒྱུ་མཚན་རེ་རེ་གསུངས་རྒྱུ་ཡོད།

    ངའི་དྲི་བ་ནི། ས་སྐྱའི་ལུགས་ཀྱི་དབུ་ཞྭ་རྐྱང་ཞུ་ཟེར་བའི་་ཞྭ་དེ་ཉིད་ཇི་ལྟར་བྱུང་བ་ཡིན་ནམ་གསུངས་གནང་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme