Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་མཛངས་མའི་འགྲན་སྡུར་དེ་འཁྲབ་སྟོན་ཙམ་མ་ཡིན་པར་བོད་ཀྱི་རྩ་དོན་ལ་ཕན་ནུས་ལྡན་པའི་ལུས་འགུལ་ཞིག་ཡིན་ནམ།

Posted on 2016-11-282016-11-28 By ཁ་བརྡ་ 5 Comments on བོད་ཀྱི་མཛངས་མའི་འགྲན་སྡུར་དེ་འཁྲབ་སྟོན་ཙམ་མ་ཡིན་པར་བོད་ཀྱི་རྩ་དོན་ལ་ཕན་ནུས་ལྡན་པའི་ལུས་འགུལ་ཞིག་ཡིན་ནམ།

ལྷ་ཐོག་འཆི་པོ་རྒྱལ། (ཝཱ་ཎ་མཐོ་སློབ)
 

གླེང་གཞི།

སྤྱི་ཚོགས་འཕེལ་རྒྱས་དང་དུས་རབས་ཀྱི་དགོས་མཁོ་གཞིར་བཟུང་ནས་བོད་ཀྱི་མཛངས་མ་དག་ལ་མི་རིགས་ཀྱི་སློབ་གསོ་དང་། དུས་རབས་སོ་སོའི་གནས་བབ། མི་རིགས་སོ་སོའི་ངོ་བོ་སོགས་དགོས་པ་ནི་དུས་རབས་དེ་དག་ཏུ་འཚོ་ཞིང་སྤྱི་ཚོགས་དེ་དག་ཏུ་གནས་པའི་མི་རིགས་དག་གི་མཁན་ཆེན་དམ་པའི་གསུང་ཟིན་པས་ངས་གླེང་ག་ལ་དགོས། སྤྱིར་བཏང་ནས་བོད་ཀྱི་མཛངས་མའི་འགྲན་སྡུར་དེ་འཁྲབ་བསྟོན་ཙམ་མ་ཡིན་པར་བོད་ཀྱི་རྩ་དོན་ལ་ཕན་ནུས་ལྡན་པའི་ལུས་འགུལ་ཞིག་ཡིན་མིན་གྱི་གནད་དོན་འདི་ལ་དེ་བས་ཀྱང་གླེང་དཀའ། ཕྱོགས་གཅིག་ནས་མ་བཤད་ཡང་མིག་མདུན་ན་མཐོང་མཐོང་བ་ཡིན་དུས་བསྐྱར་བཤད་ཡང་བཤད་བྱེད་མི་དགོས་པ་ཞིག་རེད། འོན་ཀྱང་། བོད་མི་རིགས་ཀྱི་རྩ་དོན་ཞེས་བཤད་ཡོང་དུས་བོད་མི་སུ་དང་སུ་ཡིན་ཡང་འགྱུར་མེད་ཀྱི་སྙིང་སྟོབས་དང་རྨ་མེད་ཀྱི་ལྷག་བསམ་དགོས་པ་ཧ་ཅང་གལ་ཆེ། མ་ཟད། འགྲོ་བ་མིའི་རིགས་སུ་དང་སུ་ཡིན་ཀྱང་། རང་གི་མི་རིགས་དང་རྒྱལ་ཁབ་དེ་རང་གི་ཚེ་སྲོག་ལྟར་མེད་དུ་མི་རུང་བ་ཞིག་ཆགས་ཡོད། ཡང་སྒོས་སུ་འུ་ཅག་བོད་མི་དག་ལ་མཚོན་ན།རང་ས་སྤར་མོ་གང་ཡང་རང་ལ་དབང་མེད ། ད་དུང་ཆ་མེད་རྒྱུས་མེད་ཀྱི་ས་མཐའ་ཞིག་ན་ཚེ་སྲོག་ཆུང་ཆུང་འདི་འཚོ་དགོས་དུས། མུན་ནག་གི་ལོ་ཟླ་ལ་ཕྱིར་འདང་ཞིག་བརྒྱབ་ན། ད་གཟོད་ངས་གླེང་འདོད་པ་ཇེ་མང་ནས་ཇེ་མང་འགྱུར་བས། གོང་གི་བརྗོད་བྱ་འདི་ཐོག་ལ་གཤམ་གསལ་རང་གི་བསམ་ཚུལ་དང་འབྲེལ་བའི་ད་ལྟའི་བོད་ཀྱི་མཛངས་མའི་གནས་བབ་དང་། ངོ་བོ། མཚོན་ཐབས། འགན་འཁྲི་སོགས་ཀྱི་ཐོག་ལ་རེ་འགའ་ཞིག་བརྗོད་པར་འདོད།

 

༡༽ ད་ལྟའི་བོད་ཀྱི་མཛངས་མའི་ངོ་བོ།

མི་རིགས་ཤིག་གི་མཛངས་མ་འགྲན་སྡུར་བྱེད་པ་དེ་མི་རིགས་དེའི་ངོ་བོ་མཚོན་པ་དང་མི་རིགས་དེའི་བསམ་བློའི་ཆུ་ཚད་དེ་ཡར་ཐོན་གྱི་རྣམ་པ་ཞིག་ཀྱང་མཚོན་གྱིན་ཡོད། ལྷག་པར་དུ་མི་རིགས་དེའི་བུད་མེད་ཀྱི་གནས་བབས་ཀྱང་མཚོན་གྱིན་ཡོད། དེ་བཞིན་ངེད་ཅག་བོད་ཀྱི་མཛངས་མའི་འགྲན་སྡུར་བྱེད་པ་འདིས་ཀྱང་མཚོན་ཐབས་དང་ངོ་བོའི་སྒོ་ནས་བཤད་ན་རྒྱལ་སྤྱིའི་ལམ་ལུགས་དང་གཅིག་མཚུངས་རེད། མཚམས་འདི་ནས་བོད་ཀྱི་མཛངས་མ་ཞེས་པའི་ཐ་སྙད་འདི་ལ་མནོ་བསམ་ཞིག་བཏང་ན་འཆད་འདུན་པའི་གཏམ་གྱི་ལེའུ་མང་དག་ཞིག་འདུག་ལགས། བོད་ཀྱི་མཛངས་མ་ལ་མཚོན་ན་འདས་ཟིན་པའི་རང་མི་རིགས་ཀྱི་ལོ་རྒྱུས་ཀྱི་སྐབས་བབས་རང་མི་རིགས་ཀྱི་གནས་བབ་ཤེས་དགོས་པ་ནི་ཆེས་གལ་འགངས་ཆེ་བ་ཞིག་རེད། དེ་བཞིན་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་བློའི་འདུ་ཤེས་ལྡན་པ་ཞིག་དང་ཆོས་ལུགས་དང་རིག་གནས་ཀྱི་ཆུ་ཚད་བཟང་བ་སོགས་མདོར་ན།ནང་སེམས་ཁམས་དང་ཕྱི་ཀུན་སྤྱོད་གང་གི་ཐད་ནས་བོད་རིགས་ཀྱི་འདུ་ཤེས་ཡོད་པ་ཞིག་དང་བོད་རིགས་ཀྱི་མི་གཤིས་ལྡན་པ་ཞིག་དགོས་ཀྱི་འདུག། མ་ཟད་འདས་ཟིན་པའི་བཙན་བྱོལ་བོད་ཀྱི་མཛངས་མ་འགྲན་སྡུར་བ་དང་འགྲན་སྡུར་གྱི་རྣམ་པ་དག་ལ་ཕྱིར་མིག་ཞིག་འཕངས་ན་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་ཤེས་ལྡན་པ་དང་རྨོངས་སད་པའི་བོད་མི་དག་གིས་བོད་ཀྱི་མཛངས་མ་འགྲན་སྡུར་ཐད་ལ་གདེང་འཇོག་དེ་ཙམ་མེད་པའི་སྣང་བ་ཞིག་རང་ཤུགས་ཀྱིས་མངོན་གྱིན་འདུག ། གནས་སྟངས་དེ་འདྲ་ཞིག་གི་རྒྱབ་ལྗོངས་སུ་ངེད་ཅག་བོད་རིགས་རྣམས་ཀྱིས་རྟོགས་དགོས་པའི་གནས་ལུགས་དུ་མ་ཞིག་ལྡན་ངེས་རེད།

ངས་ཁ་གསལ་ཐོག་ནས་བཤད་ན་བོད་ཀྱི་མཛངས་མ་ལ་བོད་ཀྱི་མཛངས་མའི་ངོ་བོ་སྲུང་མ་ཐུབ་པ་དང་མིང་དོན་མཚུངས་པའི་མཛངས་མ་ཞིག་མ་བྱུང་བའི་སྐྱེན་གྱི་རེད་ཉམས་ཡོད། མཛངས་མ་འགྲན་སྡུར་དེ་གར་སྟེགས་སྟེང་ལ་འཁྲབ་སྟོན་ཙམ་ལས་དོན་དངོས་ཐོག་མི་རིགས་ཤིག་གི་མཛངས་མ་ལ་ལྡན་དགོས་པའི་ཆ་རྐྱེན་མ་གྲུབ་པའི་གནས་སྟངས་དུ་མ་ཞིག་ལ་བརྟེན་ནས་བོད་ཀྱི་མཛངས་མས་བོད་མི་རིགས་ཀྱི་གནས་བབ་དང་ཆོས་ལུགས། རིག་གནས་གང་གི་ཐད་ནས་མི་རིགས་གཞན་དང་གླེང་མོལ་བྱེད་རྒྱུ་ཕར་བཞགས་རང་གཞན་གཉིས་ཀྱི་ཁ་སྐད་ཡང་དག་ཞིག་གི་ཐོག་ནས་རང་ཉིད་ཀྱི་ལོ་རྒྱུས་ཀྱང་གོ་བརྡ་གསལ་བོ་ཞིག་སྤྲད་མ་ཐུབ་པའི་ལོ་རྒྱུས་ཐབས་སྡུག་འགའ་བྱུང་ཟིན་པ་རེད། དེ་ལྟ་བུའི་མཛངས་མས་བོད་ཀྱི་ངོ་བོ་དང་མཚོན་ཐབས་ཤིག་ག་ནས་ཡོད་གི་རེད་དམ། གནས་སྟངས་དེ་འདྲ་ཞིག་གི་འོག་ལ་ད་དུང་འར་སྒྲ་འུར་སྒྲ་ཆེ་བའི་བོད་ཀྱི་མཛངས་མ་འགྲན་སྡུར་ཐད་བཟང་ཕྱོགས་ཀྱི་འཕོ་འགྱུར་དང་ངེས་ཤེས་མ་རྙེད་པའི་སྒོ་ནས་མུ་མཐུད་རྒྱུན་བསྲིངས་བྱེད་པ་ཡིན་ན་དེ་ནི་མི་རིགས་ཤིག་གི་ངོ་བོ་མཚོན་པའི་ཚབ་ལ་མི་རིགས་འདིའི་ཞབས་འདྲེན་ཁོ་ནའོ། དོན་དངོས་ཐོག་མི་རིགས་ཤིག་གི་མཛངས་མ་ཟེར་ན་ཆེས་ཐོག་མར་མི་རིགས་རང་ཉིད་ཀྱི་རིག་གནས་ཀྱི་གནས་བབ་ཕུལ་བྱུང་ཞིག་དགོས་ཀྱི་ཡོད་ལ་མི་རིགས་རང་ཉིད་ཀྱི་ཆབ་སྲིད་དང་ཆོས་ཀྱི་གནས་སྟངས་ཀྱང་དེ་བས་ཡང་དག་པ་ཞིག་ཤེས་དགོས། འོན་ཀྱང་འདས་མ་ད་གསུམ་གྱི་བོད་ཀྱི་མཛངས་མའི་མིང་དུ་འབོད་པའི་གང་ཟག་དེ་དག་གིས་བོད་ཀྱི་སྔ་ཕྱི་གཉིས་ཀྱི་གནས་བབ་རྟོགས་རྒྱུ་ལས་ལྡོག་སྟེ་ཐ་ན་རང་རིགས་ཀྱི་ཁ་སྐད་ཀྱང་མ་ཤེས་པའི་གནས་སྟངས་དེ་བོད་ཀྱི་ལོ་རྒྱུས་ནང་ནག་ཐིག་ཆེན་པོ་ཞིག་བཀོད་ཚར་བ་རེད།

 

༢༽ ད་ལྟའི་བོད་ཀྱི་མཛངས་མའི་གནས་བབས།

མི་རིགས་ཀྱི་ལས་དབང་ལ་ཆག་སྒོ་བྱུང་ནས་མི་ལོ་ལྔ་བཅུ་ཙམ་གྱི་རྗེས་སུ་དུས་རབས་ཀྱི་གོམ་ཁ་དང་བསྟུན་ནས་མི་རིགས་འདི་ལ་འཕོ་འགྱུར་གྱི་རྣམ་པ་གསར་པ་དང་མི་རིགས་འདི་ཡི་གནས་བབ་ཀྱང་ཡར་ཐོན་གྱི་ལམ་སྣེ་ཞིག་ལ་སླེབས་ཡོད། ལྷག་པར་དུ་སྔར་བོད་ཀྱི་ལོ་རྒྱུས་ཟིན་བྲིས་སུ་འཁོད་མྱོང་མེད་ཅིང་དེང་དུས་རྒྱལ་སྤྱིའི་གོམ་སྟབས་དང་མཐུན་པའི་བོད་ཀྱི་མཛངས་མ་འགྲན་སྡུར་བྱ་བའི་ལམ་ལུགས་འདི་ནི་བོད་ཀྱི་བུད་མེད་ཚོར་བཅོས་མིན་གྱི་ཆེ་མཐོང་དང་བུད་མེད་ཀྱི་གནས་བབ་ལ་ཆ་འཇོག་ཡོད་པའི་ལུགས་བཟང་གི་ལས་འགུལ་ཞིག་རེད་དྲན་གྱིན་ཡོད། སྤྱིར་འཛམ་གླིང་གང་སར་གདོད་མའི་དུས་ནས་བུད་མེད་ལ་བརྩི་མཐོང་དང་འདུ་ཤེས་འཛིན་སྟངས་དེ་ཆེས་གཉའ་གནོན་དང་མཐོང་ཆུང་གྱི་ལྟ་ཚུལ་ཞིག་ཡོད་པ་རེད། འོན་ཀྱང་དུས་རབས་གསར་པ་དང་མི་རབས་གསར་པའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་དང་ལྷག་པར་དུ་བུད་མེད་རྣམས་ལ་སྔར་མེད་པའི་གོ་སྐབས་གསར་པ་དང་སྡིང་ཆ་འདྲ་མིན་བསྐྲུན་ཐབས་བྱེད་པ་དེ་མིའི་བསམ་བློ་ལ་འགྱུར་བ་ཆེན་པོ་བྱུང་ཡོད་པ་ངེས་ཤེས་རྙེད་དགོས་པ་ཞིག་རེད།

སྤྱི་ཚོགས་ཀྱི་གོམ་ཁ་གསར་པ་དང་བསྟུན་ནས་བོད་ཀྱི་བུད་མེད་རྣམས་ཀྱང་ཡར་ཐོན་གྱི་མི་རིགས་དང་གོམ་པ་མཉམ་སྤོ་བྱེད་ཆེད་དུ་བུད་མེད་རྣམས་ཀྱི་འཇོན་ནུས་ལ་གཞིགས་ཞིག་ནས་ལས་ཀྱི་སྣེ་མོ་མང་པོ་ཞིག་བྱེད་མོད་རེད་ལ་བུད་མེད་རྣམས་ཀྱི་ཐོབ་ཐང་དང་གནས་བབས་ཀྱང་སྤྱི་ཚོགས་ནང་ཡང་ཡང་གླེང་དགོས་པའི་གཏམ་གྱི་མགོ་མ་འདྲ་བོ་གྱུར་པ་དེ་བུད་མེད་རྣམས་ཀྱི་བདེ་འཇགས་ཐད་བོད་པའི་སྤྱི་ཚོགས་ནང་ལ་དམིགས་བསལ་གྱི་ལས་འཆར་ཞིག་སྤེལ་གྱིན་ཡོད་པ་གསལ་པོ་མཚོན་ཐུབ། དེ་བཞིན་བོད་པའི་མཛངས་མ་འགྲན་སྡུར་བྱེད་པ་དེས་བོད་པའི་སྤྱི་ཚོགས་ནང་བུད་མེད་ལ་ཆ་འཇོག་ཡོད་པ་ཞིག་དང་བུད་མེད་རྣམས་ལ་ཐོབ་ཐང་ཡོད་པ། དེ་བཞིན་བུད་མེད་སྒེར་སོ་སོར་སྒྱུ་རྩལ་གྱི་རྣམ་པ་ཅི་འདྲ་ཞིག་ཡོད་རུང་དེ་དག་རྒྱུན་བསྲིངས་བྱ་བར་བོད་དམངས་ཀྱིས་རྒྱབ་སྐྱོར་དང་བསམ་གཞིགས་བྱེད་ཀྱིན་ཡོད་པ་གསལ་པོ་རྟོགས་སོ། གསར་གཏོད་ཀྱི་རྣམ་པ་མེད་ན་ཡར་རྒྱས་ཟེར་བ་ཆེས་ལྐོག་གྱུར་གྱི་གནས་ལུགས་ཤིག་ཡིན་ཙང་བོད་ཀྱི་མཛངས་མ་འགྲན་སྡུར་བྱེད་ནས་རྒྱལ་སྤྱི་མི་དམངས་ལ་ལྟད་མོར་ཕུལ་བ་དེ་མི་རིགས་འདི་རང་མགོ་རང་ཐོན་ཅན་ཞིག་དང་ཐུན་མོང་མ་ཡིན་པའི་རིག་གཞུང་ལྡན་པའི་མི་རིགས་ཤིག་ཡིན་པའི་ར་སྤྲོད་ཀྱང་བྱེད་ཀྱི་ཡོད་རེད།

 

༣༽ ད་ལྟའི་བོད་ཀྱི་མཛངས་མའི་མཚོན་ཐབས།

དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས་ཉེ་བའི་ལོ་རབས་དེ་དག་གི་ནང་མི་རིགས་སོ་སོས་མཛངས་མ་འགྲན་སྡུར་བྱེད་པ་དེ་ནི་གཅིག་ནས་འཛམ་གླིང་བུད་མེད་ཚོ་ལ་ཆ་འཇོག་ལྡན་པ་ཞིག་དང་གཉིས་ནས་མི་རིགས་དེའི་ངོ་བོ་དང་ཡར་ཐོན་གྱི་རྣམ་པ་ཞིག་ཀྱང་ཡིན། དེ་བཞིན་ངེད་ཅག་བོད་ཀྱི་མཛངས་མ་འགྲན་སྡུར་བྱེད་པ་འདིས་ཀྱང་བོད་མི་རིགས་འདི་རིག་གཞུང་ལྡན་པའི་རྒྱལ་ཁབ་ཞིག་ཡིན་པའི་ངོ་བོ་དང་དུས་རབས་ཉེར་གཅིག་པའི་རྒྱལ་སྤྱིའི་འགྲོ་ལུགས་དང་གོམ་པ་མཉམ་སྤོ་བྱེད་བཞིན་ཡོད་པའི་མཚོན་དོན་ཞིག་ཀྱང་ཡིན་ཞེས་བརྗོད་ན་ཅི་མ་འགྲིག ། ལྷག་པར་དུ་རྒྱ་དམར་པོས་ཁ་གཏོར་གཏང་ཟིན་པའི་བོད་མི་རིགས་འདི་ལ་ཚེ་སྲོག་གསར་པ་ཞིག་སྦྱིན་ཏེ་དུས་རབས་གསར་པའི་གོམ་སྒྲ་དང་ཡར་ཐོན་ཅན་གྱི་རྒྱལ་ཁབ་དང་ལྷན་དུ་བསྐྱོད་པར་བརྩོན་པའི་དཔང་པོ་ཞིག་ཀྱང་མཚོན་པ་དང་གཅིག།
གཉིས་སུ་བོད་ཀྱི་མཛངས་མ་ཞེས་བཤད་ཡོང་དུས་ཕྱི་མཛེས་ཙམ་མ་ཡིན་པར་མི་རིགས་ཞིག་གི་འགྲོ་འཏུག་སྤྱོད་གསུམ་གྱི་མི་གཤིས་བཟང་པོ་དེ་མཚོན་གྱི་ཡོད། གདོང་དམར་བོད་པ་ཞེས་གླེང་སྐབས་བྱམས་དང་སྙིང་རྗེ་ལྡན་པའི་མི་རིགས་ཁྱད་པར་ཞིག་ཡིན་པ་དུས་རབས་ཉེར་གཅིག་པའི་སྐྱེ་འགྲོ་ཀུན་གྱི་འུར་འུར་དུ་སྒྲག་བཞིན་ཡོད། རྣམ་པ་དེ་འདྲ་ཡི་ཆ་ནས་བོད་ཀྱི་མཛངས་མ་སུ་དང་སུ་ཡིན་ཡང་མི་རིགས་དེའི་ངོ་བོ་མཚོན་པ་དང་ས་ཕྱོགས་གཞན་མི་དག་གི་མིག་དཔེ་ལྟ་འོས་པ་ཞིག་བྱེད་ཐུབ་ན། ད་གཟོད་མིང་དོན་མཚུངས་པའི་གངས་ཅན་པའི་མཛངས་མ་ངོ་མ་ཞིག་ཏུ་འགྱུར་ངེས།

 

༤༽ ད་ལྟའི་བོད་ཀྱི་མཛངས་མའི་འགན་འཁྲི།

བོད་ཀྱི་མཛངས་མའི་འགན་འཁྲི་གླེང་བར་བོད་ཀྱི་མཛངས་མར་བོད་ཀྱི་མི་རིགས་ལ་བཅོས་མིན་གྱི་དུང་ཞེན་ཞིག་དང་བོད་མི་རིགས་ཀྱི་གནས་བབ་ཡང་དག་ཞིག་ཤེས་དགོས་པ་དེ་གལ་ཆེན་ནང་ནས་དོན་ཆེན་ཞིག་རེད། རང་ཉིད་བོད་མི་རིགས་ཤིག་དང་བོད་ཀྱི་མཛངས་མ་ཞིག་ཡིན་པའི་ཆ་ནས་བོད་པའི་སྤྱི་ཚོགས་གང་དུ་བསྐྱོད་ཀྱང་རང་མི་རིགས་ཀྱི་མི་གཤིས་བཟང་པོ་དག་མ་བརླག་པ་ཞིག་དང་མི་རིགས་རང་ཉིད་ཀྱི་རིག་གནས་དང་། ཆོས་ལུགས། བོད་འབངས་ཡོངས་ཀྱི་གནས་སྟངས་ལ་དོ་སྣང་དང་སེམས་འཚབ་བྱེད་རྒྱུ་དེ་རང་ཉིད་ཀྱི་ལས་འགན་མ་ཡིན་པར་འོས་འགན་ཞིག་ལ་འཛིན་དགོས། དེ་བཞིན་རང་ཉིད་བོད་མི་རིགས་ཀྱི་མཛངས་མ་ཞིག་ཡིན་པའི་ཆ་ནས་བོད་པའི་ན་གཞོན་བུད་མེད་རྣམས་ལ་ཡང་དག་པའི་མིག་དཔེ་བཟང་པོ་ཞིག་དང་སློབ་གསོ་ཡག་པོ་ཞིག་ངེས་པར་དུ་བསྐྲུན་དགོས། མ་ཟད་རང་ཉིད་བོད་ཀྱི་མཛངས་མ་ཞིག་ཡིན་པའི་འདུ་ཤེས་ལྡན་པའི་ཐོག་ནས་བོད་པའི་སྤྱི་ཚོགས་ལས་བརྒལ་ཏེ་རྒྱལ་སྤྱིའི་ཐོག་བོད་ཀྱི་རྩ་དོན་ལ་ཕན་པའི་བྱ་བཞག་མང་པོ་སྒྲུབ་རྒྱུ་ཡོད་རེད། རང་ཉིད་བོད་ཀྱི་མཛངས་མ་ཞིག་ཡིན་པས་བོད་ཀྱི་གནད་དོན་ཅི་ཞིག་གི་ཐད་ལ་གླེང་མོལ་གནང་ཡང་བཤད་ས་ཡོད་པའི་སྡིང་ཆ་ཞིག་ཡིན། བྱས་ཙང་ངེད་ཅག་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། བོད་སྤྱི་ཡོངས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་ལྷག་པར་དུ་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གྱི་གནས་སྟངས་རྫ་དྲག་པ་འདི་རྒྱལ་སྤྱི་མི་དམངས་ལ་གོ་བརྡ་གསལ་པོ་ཞིག་ངེས་པར་དུ་སྤྲད་དགོས་ཀྱི་འདུག ། དེ་ཕྱིར།བོད་ཀྱི་བུད་མེད་རྣམས་ནས་མིག་གིས་ཕུགས་རྒྱང་ལ་ལྟ་ཞིང་། རྣ་བས་ཕྱོགས་ལ་ཉན་ཏེ། ཐབས་ཀྱི་སྒོ་སྣ་ཚོགས་ནས་འགུལ་ཆེ་ཆུང་ཇི་འདྲ་ཞིག་སྤེལ་རུང་ཡུལ་དུས་མི་ཆོས་དང་མཐུན་ཞིང་། མི་རིགས་ཀྱི་རྩ་དོན་དང་མི་འགལ་བའི་ལམ་ལུགས་རེ་འཚོལ་དགོས། ད་དུང་གསར་གཏོད་དང་རྣམ་དཔྱོད་ལྡན་པའི་ཐོག་ནས། བོད་ཀྱི་ནང་ཆོས་གཙོར་བྱས་པའི་རིག་གནས་ནང་འདྲེན་དང་ཕྱིར་སྤེལ་གྱི་གཞུང་ལམ་གསར་སྐྲུན་དགོས་པ་ཁ་ཚ་དགོས་གཏུགས་ཀྱིས་འགན་ཞིག་ཡིན།

 

མཇུག་གཏམ།

དེ་ཡང་གོང་དུ་བཤད་པའི་བོད་ཀྱི་མཛངས་མའི་ངོ་བོ་དང་། གནས་བབ། མཚོན་ཐབས། འགན་འཁྲི་སོགས་བརྗོད་དགོས་དོན་ཡང་མི་རིགས་ཤིག་དང་དེའི་ངོ་བོ་སྲུང་ཐབས་སོགས་བསམ་ནས་བརྗོད་པ་ལས་གཞན་ཕྱོགས་ལ་སྨན་པ་གང་ཡང་མིན། ད་དུང་དོན་བཟང་ངན་གང་འདྲ་ཞིག་ཡིན་རུང་སྦས་གསང་མེད་པའི་ཐོག་ནས་ཤེས་དགོས་པ་དང་ཤེས་དགོས་པ་དེ་བས་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་ཙང་འདས་ཟིན་པའི་བཙན་བྱོལ་བོད་ཀྱི་མཛངས་མ་དག་ལ་ལེགས་པ་དེ་དག་རྒྱུན་བསྲིང་དང་སྟོང་ཆ་རུ་མངོན་པ་དེ་ཁ་སྐོང་བྱེད་རྒྱུ་ནི་ཡར་ཐོན་གྱི་རྣམ་པར་འགྱུར་བའི་ལམ་སྣེ་ཞིག་ཡིན། སོང་ཙང་དེ་སྔོན་ཞུས་ཟིན་པ་བཞིན་བོད་ཀྱི་མཛངས་མས་བོད་མི་རིགས་ཀྱི་ངོ་བོ་དང་མཚོན་ཐབས་ཡང་དག་ཞིག་དང་མིང་དོན་མཚུངས་པའི་མཛངས་མའི་ཁྱད་ནོར་ལྡན་པ་ཞིག་བྱེད་ཐུབ་ཡོད་མེད་ཐོག་ལ་རང་རང་ས་ནས་དཔྱད་རོགས་ཞུ། ཡང་སྒོས་སུ་བོད་ཀྱི་མཛངས་མའི་གནས་བབ་ལ་འཕོ་འགྱུར་གྱི་རྣམ་པ་གསར་པ་དང་ཡར་རྒྱས་ཀྱི་གོམ་ཁ་གསར་པ་ཞིག་དགོས་ན་ཕྱིན་ཟིན་པའི་བོད་ཀྱི་མཛངས་མའི་འགྲན་སྡུར་བྱེད་ལུགས་དང་བོད་ཀྱི་མཛངས་མའི་ངོ་བོ་འཛིན་སྟངས་ཐད་འགྱུར་ལྡོག་ཞིག་གཏན་གཏན་དགོས་ཀྱི་འདུག །

དེང་སང་བོད་པའི་སྤྱི་ཚོགས་ཀྱི་ཁ་རྒྱུན་ལ་བོད་པ་ཡར་རྒྱས་ཕྱིན་འདུག་ཞེས་ཁ་ཙམ་མིན་པར་དོན་ངོ་མའི་གནས་བབ་ལ་འཕོ་འགྱུར་བཟང་པོ་ཞིག་ཡོང་རྒྱུ་དེ་གནས་འགག་ཆེ་ཤོས་རེད། ངེད་ཅག་བོད་ཀྱི་བུད་མེད་ཚོའི་གནས་བབ་ཡར་ཐོན་ཡོང་བ་ལ་བོད་དམངས་ཀྱི་བསམ་བློའི་ཁ་ཕྱོགས་ལ་ཤུགས་ཆེན་རག་ལས་ཡོད་པས་བོད་མི་དམངས་ནས་ངེས་པར་དུ་ཆ་འཇོག་བཟང་པོ་ཞིག་དང་བཞོགས་འདེགས་ཀྱི་རྣམ་པ་བཟང་པོ་ཞིག་དགོས་མཁོ་ཧ་ཅང་ཆེན་པོ་རེད་འདུག །བོད་པའི་བུད་མེད་ཀྱི་གནས་བབ་ལ་ཡར་ཐོན་གྱི་རྣམ་པ་ལྡན་ན་དེ་ནི་བོད་རིགས་ཀྱི་རྒྱན་ཆ་ལྟ་བུར་ཞིག་ཡིན། ལྷག་པར་དུ་དུས་རབས་ཉེར་གཅིག་པའི་གཏམ་གྱི་མགོ་མར་གྱུར་པའི་ཕོ་མོ་འདྲ་མཉམ་ཞེས་པའི་ཐ་སྙད་དེ་བོད་པའི་སྤྱི་ཚོགས་ནང་ལ་ཡང་གོ་བརྡ་གསལ་པོ་ཞིག་འཕྲོད་ཡོད་པའི་ར་སྤྲོད་བྱེད་ཐུབ་ཀྱི་རེད། འདས་དོན་ལ་ནོངས་འགྱོད་དང་ཁ་དམོད་མི་བྱེད་པར་ཡོང་རྒྱུའི་རོ་རབས་ནང་སྔར་ལས་ལྷག་པ་ཞིག་བྱེད་རྒྱུ་དེ་སེམས་ལ་བཅང་ནས་གཙོ་བོ་མི་དམངས་ཀྱི་བསམ་བློའི་ཆུ་ཚད་དེ་བཟང་ཕྱོགས་ཀྱི་ཡར་རྒྱས་ཤིག་དང་དུས་རབས་གསར་པ་དང་བསྟུན་ནས་གོམ་ཁ་གསར་པ་ཞིག་རྙེད་པ་བྱེད་ན་མི་རིགས་འདི་གསོན་པར་གནས་པའི་སྔ་ལྟས་ཤིག་རེད།

བསམ་ཚུལ།

Post navigation

Previous Post: <<གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་>>ཞེས་པའི་དེབ་ཕྲེང་ཁག་བཀླགས་རྗེས་ཀྱི་འཆར་སྣང།
Next Post: ཇིང་གར་རྒྱལ་བོའི་དཔུང་སྟོབས་ལ་བསྟོད་པ།

Comments (5) on “བོད་ཀྱི་མཛངས་མའི་འགྲན་སྡུར་དེ་འཁྲབ་སྟོན་ཙམ་མ་ཡིན་པར་བོད་ཀྱི་རྩ་དོན་ལ་ཕན་ནུས་ལྡན་པའི་ལུས་འགུལ་ཞིག་ཡིན་ནམ།”

  1. ཀརྡོ་རབ་འབྱམས་པ་ says:
    2016-11-29 at 2:07 am

    ་་་་་་་་ སྤྱིར་བཏང་ནས་བོད་ཀྱི་མཛངས་མའི་འགྲན་སྡུར་དེ་འཁྲབ་བསྟོན་ཙམ་མ་ཡིན་པར་བོད་ཀྱི་རྩ་དོན་ལ་ཕན་ནུས་ལྡན་པའི་ལུས་འགུལ་ཞིག་ཡིན་མིན་གྱི་གནད་དོན་འདི་ལ་དེ་བས་ཀྱང་གླེང་དཀའ། ་་་་་་ཟེར།

  2. ཀརྡོ་རབ་འབྱམས་པ་ says:
    2016-11-29 at 8:41 am

    བླ་སྤྲུལ་ཚོས་རྒྱུ་དཔལ་འབྱོར་ངོམས་པ་ལས། མཛངས་མ་ཚོས་ལུས་གཟུགས་ངོམས་ན་མཛེས་པ་ཡོད་རེད་གདའ། གཞན་ཕན་ནུས་ཡོད་མེད་སྐོར་ལ། ངས་གང་ཡང་མི་ཤེས་སོ།།

  3. གཡུ་ཐོག says:
    2016-12-01 at 4:57 am

    བོད་ཀྱི་མཛངས་མའི་འགྲན་བསྡུར་གྱིས་བོད་ཀྱི་རྩ་དོན་དང་བུད་མེད་ཀྱི་ཐོབ་ཐང་སོགས་ལ་ཕན་ནུས་ཇི་ཡོད་མེད་མི་ཤེས་ཀྱང་གང་ལྟར་བློ་བཟང་དབང་རྒྱལ་སྐྱིད་པོ་གཏོང་རྒྱུ་བྱུང་ཡོད་ལ་རྒྱལ་ཁ་ཐོབ་མཁན་བུད་མེད་རྣམས་ལ་ཡང་དེ་བཞིན་གྱི་སྤྱི་ཚོགས་ནང་ཁྱབ་སྒྲགས་མི་ཉུང་བ་བྱུང་ཡོད། ཡིན་ཡང་མཐའ་མ་ཆུའི་ནང་དྲི་མ་གློད་པ་ལྟར་ཡལ་འགྲོ གང་ལྟར་ལོ་རྗེས་མ་བོད་ཀྱི་མཛངས་མ་གསར་པ་ཞིག་ཡོང་ངེས་རེད། ལྟད་མོ་འདུག

  4. ཁ་ཞེ་གཉིས་མེད་ says:
    2016-12-01 at 1:04 pm

    བུད་མེད་རྣམས་ཀྱི་རྣམ་དཔྱོད་དང་། ཤེས་ཡོན། ལུས་ངག་གི་སྤྱོད་པ། སེམས་ཁམས་ཀྱི་འཕྲོད་བསྟེན་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འཛིན་སྐྱོང་དང་མགོ་ཁྲིད་གནང་སྟངས། སྤྱི་ཚོགས་ནང་ཞབས་ཞུ་གནང་དུས་བཟོད་སྲན་དང་། རང་གི་བུ་བུ་མོ་རྣམས་བོད་ཕྲུག་ཚད་ལྡན་སྐྱེད་བསྲིངས་བྱ་ཐབས་དང་། གཏམ་བཤད་གནང་སྟངས་སོགས་ནུས་སྟོབས་གོང་འཕེལ་བཏང་དགོས་པ་མང་པོ་ཡོད་པས་འབྲེལ་ཆགས་ཚང་མས་དགོངས་པ་རྒྱ་ཆེ་བཞེས་དགོས། རྟག་ཏུ་བུད་མེད་དང་བུད་མེད་ཅེས་སྐྱེས་པ་རྣམས་ཡལ་བར་འབོར་ན་མི་འགྲིགས་པ་ཡིན་པས་སེམས་ནང་གང་དྲན་པ་འདིར་ཞུ་ཐལ་ལོ།

  5. ཨ་འབར་འཇིགས་དབང། says:
    2016-12-05 at 11:16 pm

    ཻ༅༅། བོད་ཀྱི་མཛངས་མ་ཚོ་མཛངས་མའི་འགྲེན་བསྡུར་དང་མཉམ་དུ་མ་ི་རིགས་ངེས་པར་འཕེལ་
    རྒྱས་བཟོ་དགོས་པའི་རྒྱལ་ཁབ་ཀྱི་ལས་འགན་ཆེན་པོ་ཞིག་མ་ཛངས་མ་ཚོར་འགན་ཡོད་ད།

    མཛེས་པའི་སྐབས་སུ་བུ་ཕྲུག་མ་སྐྱེ་ན། ལོ་རྒན་ཆགས་ནས་བུ་ཕྲུག་སྐྱེ་བ་དཀའ།
    བོད་ཀྱི་སོན་རྕ་བུ་ཕྲུག་ངེས་པར་དགོས། བུ་ཕྲུག་མེད་ན་མི་རྒྱུད་ཆད་ཡོང་ངོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (18)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme