Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་མང་གཙོའི་ཐོག་བསམ་ཚུལ་ཐར་ཐོར།

Posted on 2016-05-092016-05-09 By ཁ་བརྡ 2 Comments on བོད་ཀྱི་མང་གཙོའི་ཐོག་བསམ་ཚུལ་ཐར་ཐོར།

ཀེལོ་ཌི་ ཨར་པིས་བརྩམས།
རིག་འཛིན་ལྷུན་གྲུབ་ཀྱིས་བསྒྱུར།
 

ཉེ་བའི་ཆར་གྱི་བོད་མིའི་འོས་བསྡུའི་སྐོར་བསམ་ཚུལ་འགའ་ཞིག

སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་འོས་བསྡུ་ཉེ་ཆར་བསྒྲུབས་ཟིན། བོད་ཀྱི་གནད་དོན་ཐོག་འདས་པའི་མི་ལོ་བཞི་བཅུ་ཞེ་ལྔའི་རིང་རྗེས་སྙེག་བྱེད་མཁན་ཞིག་ཡིན་པའི་ཆ་ནས་བརྒྱུད་ལམ་ཁག་ཏུ་ཧ་ཅང་དོ་སྣང་བྱ་ཡུལ་དུ་གྱུར་པའི་ཉེ་ཆར་གྱི་སྲིད་སྐྱོང་འོས་བསྡུའི་སྐོར་རང་ཉིད་ཀྱི་བསམ་ཚུལ་འགའ་བྲི་འདོད་བྱུང་།
དབྱེ་ཞིབ་ཅུང་ཟད་དང་བཅས་འགོ་བཙུགས་ན། སྤྱི་ཚོགས་དྲྭ་ཚིགས་ཁག་གིས་སྔར་དང་མི་འདྲ་བའི་འོས་བསྡུའི་བརྒྱུད་རིམ་ནང་ཆ་ཤས་ཤུགས་ཆེན་བླངས་ཤིང་། དེ་ལ་བཟང་ངན་གཉིས་ཀའི་ཆ་ཡོད་ཆོག་ཀྱང་། སྤྱིའི་ཆ་ ནས་བོད་པའི་སྤྱི་ཚོགས་ཀྱིས་སོ་སོའི་དབུ་ཁྲིད་ཀྱི་འོས་འདེམས་ལ་མཉམ་ཞུགས་དང་དོ་སྣང་ཆེ་རུ་ཕྱིན་པའི་རྟགས་ཤིག་རེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནི་རང་དབང་དང་ལྡན་པའི་སྤྱི་ཚོགས་ཤིག་ཡིན་པས། དེ་ནི་རང་འགན་ཡོད་པའི་ཐོག་ནས་སྐུལ་དེད་གཏོང་དགོས་པ་ཞིག་ལོས་ཡིན།

འདས་པར་ཕྱིར་འདང་ཞིག་བརྒྱབས་ན། ཕྱི་ལོ་ ༡༩༥༩ ནས་བཟུང་&གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཆབ་སྲིད་ནང་གྲུབ་འབྲས་རླབས་ཆེན་གསུམ་འཇོག་གནང་མཛད་ཡོད་པ་ངས་བསམ་གྱི་ཡོད།

1. &གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་ས་ཁུལ་ཁག་ཕྱོགས་གཅིག་ཏུ་བསྒྲིལ་གནང་མཛད་པ་དེ་རེད། (བརྗེད་མི་ཉན་པ་ནི། ཕྱི་ལོ་ ༡༩༥༠ ལོར་རྒྱ་དམག་བོད་ལ་བཙན་འཛུལ་བྱེད་སྐབས་འབྲི་ཆུ་སྟོད་ནས་བསླེབས་ཡོད། དེས་འབྲི་ཆུའི་ཤར་ཁུལ་ལྷ་སའི་དབང་བསྒྱུར་འོག་མེད་པར་མཚོན།) དེང་སྐབས་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་ཀྱི་ས་བཀྲ་དེ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཁས་ལེན་བྱེད་ཀྱི་ཡོད། འོན་ཀྱང་། ༡༩༥༠ ང་གྲངས་ནང་དེ་ལྟར་མིན། འདི་ནི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཤིག་རེད།

2. &གོང་ས་ཏཱ་ལའི་བླ་མ་མཆོག་གིས་ནང་བསྟན་ཆོས་བརྒྱུད་མི་འདྲ་བ་རྣམས་ཕན་ཚུན་དག་སྣང་གོང་བུ་གཅིག་ཏུ་བསྒྲིལ་བར་མཛད། འདས་པའི་ལོ་རྒྱུས་ཐོག་བོད་ལ་ཆོས་བརྒྱུད་དབར་གྱི་རྩོད་རྙོག་མང་པོ་ཞིག་བྱུང་ཡོད། &གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཆོས་བརྒྱུད་ཚང་མར་ཐོབ་ཐང་གཅིག་མཚུངས་སུ་བསྩལ་བ་ནི་(བོན་ཡང་འཐུས་)གལ་ཆེན་གྱི་ཡར་རྒྱས་ཤིག་རེད།

3. ཕྱི་ལོ་ ༢༠༡༡ ཟླ་ ༠༣ པའི་ནང་&གོང་ས་ཏཱ་ལའི་བླ་མ་མཆོག་གིས་མི་དམངས་ལ་མང་གཙོའི་ལམ་ལུགས་ཆ་ཚང་གསོལ་བསྩལ་མཛད། དེ་ནི་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་ལ་འཕོ་འགྱུར་གྱི་རྦ་རླབས་ཆེན་པོ་ཞིག་ཡིན་ལ། ཉེ་བའི་ཆར་གྱི་འོས་བསྡུ་དེ་ཡང་&གོང་ས་མཆོག་གི་གསོལ་རས་ཀྱི་གྲུབ་འབྲས་ཤིག་རེད།

 

མང་གཙོའི་ལམ་ལུགས་ནི་སྒྲིག་སྲོལ་ཞིག

མང་གཙོའི་ལམ་ལུགས་ནི་སྒྲིག་སྲོལ་སྐྱོན་མེད་ཡང་དག་པ་ཞིག་རེད་ཅེས་བརྗོད་དཀའ། དེ་ལ་བཟང་པོའི་ཁྱད་ཆོས་མི་ཉུང་བ་ཞིག་ཡོད་མོད། དེ་ནི་ལམ་ལུགས་ལེགས་ཤོས་ཤིག་རེད་ཅེ་ནའང་མིན། འོན་ཀྱང། ལམ་ལུགས་དེ་ནི་ད་ལྟའི་རྒྱ་ནག་གི་ཚོགས་པ་གཅིག་བསྡུས་ཀྱི་སྒྲིག་སྲོལ་ལས་རྦད་དེ་ལེགས་པ་ཡོད། པེ་ཅིང་གིས་ནུབ་ཕྱོགས་པའི་མང་གཙོའི་ཞན་ཆར་མཛུབ་མོ་ཡང་ཡང་འཛུགས་ཀྱི་ཡོད་ཀྱང་། སོ་སོའི་སྒྲིག་སྲོལ་འཐོར་ཞིག་ཏུ་འགྲོ་ཉེན་གྱིས་དེ་རྒྱུན་བསྲིངས་ཆེད་མཉའ་གནོན་ཤུགས་ཇེ་ཆེར་གཏོང་གི་ཡོད། མང་གཙོའི་ལམ་ལུགས་ནང་སྐབས་རེ་རྙོག་ཟིང་(ང་ཚོས་རྒྱ་གར་ནང་ཉིན་རེ་བཞིན་མཐོང་རྒྱུ་)ཡོད་ཀྱང་། ཕུགས་སུ་དེས་སྤྱི་ཚོགས་ནང་བརྟན་ལྷིང་བསྐྲུན་ནུས་པ་དང་། གུང་ཁྲན་ཏང་གིས་འབོད་པའི་‘མི་དམངས་’ཀྱིས་བསམ་བརྗོད་ཆོག་པ་དང་། སོ་སོའི་འགོ་ཁྲིད་ལ་ཡིད་བློ་མ་འཚིམ་པ་དང་མགོ་སྐོར་བཏང་ཚེ་བརྗེད་པོ་བརྒྱག་རྒྱུའི་ཐོབ་ཐང་ཡོད། ཚིག་འབྲུ་གཞན་ཞིག་གི་ཐོག་ནས་བཤད་ན་ཕོ་མོ་དབྱེར་མེད་ཀྱི་མི་དམངས་དཀྱུས་མའི་འབོད་སྒྲ་ཐོས་རྒྱུ་ཡོད།

སྤྲུལ་སྐུའི་དབང་བསྒྱུར་གྱི་སྒྲིག་སྲོལ་ནི་གཞུང་སྲིད་སྒྲིག་སྲོལ་ཐབས་རྡུགས་ཤིག་ཡིན།

1. སྤྲུལ་སྐྲུའི་སྐུ་ཕྲེང་ངམ་ཆབ་སྲིད་དབུ་ཁྲིད་གཉིས་དབར་མི་ལོ་ཉི་ཤུ་བར་སྟོངས་སུ་ལུས་པ།

2. ཕྱིའི་དབང་ཤུགས་ཀྱིས་གཡོ་ཇུས་འོག་བེད་སྤྱོད་ལོག་པར་གཏང་གཞིར་འགྱུར་པ། (དཔེར་ན། པཎ་ཆེན་སྐུ་ཕྲེང་བཅུ་པ་དང་། བཅུ་གཅིག་ལྟ་བུ།)

3. ༸རྒྱལ་དབང་མེད་པའི་དུས་སྐབས་སུ་བོད་ལ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་ཐུབ་པའི་རྒྱལ་ཚབ་དེ་འདྲ་བསྐྱར་དང་ཡང་དུ་བྱུང་ཡོད། (&གོང་ས་བཅུ་བཞི་པ་མཆོག་གི་དུས་སྐབས་ཀྱི་རྒྱལ་ཚབ་གཉིས་བར་བོད་ནང་ནང་འཁྲུགས་ཤོར་ཉེན་གྱི་གནས་སྟངས་ཐབས་སྐྱོ་བོ་དེ་འདྲ་བྱུང་།)

4. དུས་རབས་བཅུ་དགུའི་ནང་མན་ཇུ་ཡིས་སྤྲུ་སྐུའི་ལམ་ལུགས་བེད་སྤྱོད་ཆ་ཚང་བཏང་པས་དོན་དངོས་འོག ཏཱ་ལའི་བླ་མ་སྐུ་ཕྲེང་དགུ་པ་བཅུ་པ་བཅུ་གཅིག་བཅུ་གཉིས་བཅས་དགུང་ལོ་ཆུང་དུས་ནས་དགོངས་པ་རྫོགས་ཡོད།
དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་གིས་དེ་འདྲའི་རྙིང་སྲོལ་བློས་གཏོང་བྱེད་ཐུབ། དེར་བརྟེན། མང་གཙོའི་ལམ་ལུགས་ནི་སྐྱོན་མེད་ཡང་དག་པ་མིན་ཀྱང་། འགྲོ་བ་མིའི་སྤྱི་ཚོགས་དག་ཞིང་སྟེ་ཀུན་མཁྱེན་གྱིས་འབང་མི་སེར་སྐྱོང་བའི་དུས་སྐབས་ལ་མ་བསླེབས་བར་དུ། མང་གཙོའི་ལམ་ལུགས་ནི་སྒྲིག་སྲོལ་ཡག་ཤོས་དེ་ཡིན། དུས་ཚོད་འགོར་སྲིད།

 

ད་ལྟའི་སྲིད་སྐྱོང་འོས་བསྡུ།

1. བོད་ལ་ཆེས་ཐོག་མའི་བཀའ་བློན་ཁྲི་པ་ནི་སྐྱེས་བུ་རླབས་ཆེན་ཞིག་བྱུང་ཡོད་པ་དེ། བོད་མིའི་ལས་དབང་དང་བསོད་ནམས་རེད།

2. སེམས་ལ་འཇོག་དགོས་པའི་གལ་གནད་གཅིག་ནི། མི་ཡག་ཤོས་ཞེས་པ་ནི་རང་བྱུང་གི་སྐྱེས་བུ་ལྟ་བུ་དང་། མི་མང་གི་ཆེད་དུ་ཐག་གཅོད་གང་ཞིག་བྱས་ཀྱང་ནོར་འཁྲུལ་ཅི་ཡང་མེད་པར་བྱེད་ཐུབ་མཁན་ཞིག་ལའང་ཟེར་བ་མིན། (དཔེར་ན། གྷི་རིག་གི་ལོ་རྒྱུས་ནང་དུ་དཀོན་མཆོག་གིས་ཀྱང་སྐབས་རེ་ནོར་འཁྲུལ་བྱས་པའི་སྐོར་ལྟ་བུ་རེད།)

3. ཕྱོགས་གཞན་ཞིག་ནས་བཤད་ན། མང་གཙོའི་ལམ་ནས་འོས་འདེམས་བྱུང་པའི་འགོ་ཁྲིད་དེ་ཡང་དག་པ་ཞིག་མ་བྱུང་བ་དེ་ནི། ལམ་ལུགས་དེས་མ་འགྲིག་པ་དང་མ་འཐུས་པའི་དོན་མིན། ལྷག་པར་བོད་ཀྱི་འཛིན་སྐྱོང་ལམ་ལུགས་མང་གཙོའི་ཐོག་མུ་འཐུད་སྐྱོད་མི་དགོས་པའི་དོན་དེ་བས་མིན།

4. སྤྱིར་བཏང་མང་གཙོའི་སྤྱི་ཚོགས་གཞན་(དཔེར་ན་རྒྱ་གར་ནང་)ཁ་གཏད་སྲིད་གཞུང་ནི་མང་གཙོའི་ལམ་ལུགས་ལ་གསོན་ཤུགས་སྦྱིན་མཁན་གྱི་ཕུན་སུམ་ཚོགས་པའི་ཡན་ལག་ལྟ་བུར་ངོས་འཛིན་གྱི་ཡོད།

5. དེ་ནི་བླ་རབས་དང་དཔོན་རབས་ལ་དད་གུས་ཧ་ཅང་ཆེ་བའི་བོད་པའི་སྤྱི་ཚོགས་ནང་དུ་གནད་དོན་ཐ་དད་པ་ཞིག་རེད། མང་པོ་ཞིག་གིས་བསམ་བློར་བོད་པའི་མང་གཙོ་ནི་&གོང་ས་ཏཱ་ལའི་བླ་མ་མཆོག་གིས་གོང་ནས་ཨུ་ཚུགས་ཀྱིས་བོད་མི་ཚོའི་སྤྱི་བོར་མི་འདོད་བཞིན་དུ་གསོལ་བསྩལ་གནང་བ་ཞིག་ཏུ་བརྩིས་ནས། བློ་བདེ་བག་ཕེབས་ངང་རང་ཉིད་ཀྱི་མི་ཚེའི་བྱ་བ་ཆེ་ཕྲ་ཡོད་ཚད། དབུ་འཁྲིད་ཀྱི་ལམ་སྟོན་གཅིག་པོས་བསྒྲུབ་ཤག་ཤག་བྱེད་པ་དེ་རེད། མཐར་ཐུག་ན་དེ་འདྲའི་བསམ་སྤྱོད་དེས་ཕུགས་སུ་གནོད་ཀྱི་ཡོད།

6. དོན་དངོས་བཙན་བྱོལ་ནང་དུའང་། བླ་མ་དང་དཔོན་རིགས་ལ་བཀུར་བཟོས་ཆེན་པོ་བྱེད་སྲོལ་དེ་བོད་མའི་སེམས་ཁམས་ལ་རྟིང་ཚུགས་པོར་འཇགས་ནས་ཡོད། དེས་མི་རྣམས་སོ་སོས་རང་དབང་ངང་བསམ་བློ་གཏོང་རྒྱུའི་འགེགས་སུ་མི་འགྱུར་བ་བྱེད་དགོས།

7. ད་ལེན་གྱི་འོས་བསྡུའི་སྔོན་འགྲོའི་དྲིལ་བསྒྲགས་འགོ་བཙུགས་སྐབས། སྲིད་གཞུང་ལས་ཐོག་པར་ཕྱོགས་འགལ་གྱི་ཁ་གཏད་མེད་པས། བློ་བཟང་སེང་གེར་སྔོན་འགྲོར་རྒྱལ་ཁ་ཆེན་པོ་ཐོབ་པར་འགྲེལ་བརྗོད་བྱེད་ཆོག

8. དངོས་གཞིའི་དྲིལ་བསྒྲགས་སྐབས། བགྲོ་གླེང་དག་རེ་འདོད་ལྟར་འདོད་བློ་ཁེངས་པའི་ཚད་ལ་བསླེབས་མེད། འོན་ཀྱང་། བཟང་ཕྱོགས་ནས་དེ་ནི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གིས་ལས་དོན་གནང་ཕྱོགས་དང་། ནོར་བ་དང་ཁས་ལེན་བྱེད་དཀའ་བར་བཛུམ་མོ་འཛུགས་རྒྱུའི་གོ་སྐབས་ཤིག་རེད།

9. དེ་བཞིན་འོས་བསྡུའི་བརྒྱུད་རིམ་ནང་བོད་རྒྱལ་ཁབ་ལ་ནད་ཡམས་སུ་འགྱུར་ལ་ཉེན་བའི་ཆོལ་ཞེན་རིང་ལུགས་ལ་བསྙད་འདོགས་བྱེད་མི་རུང། དེ་ཡང་། ཉེ་སྔོན་གྱི་འོས་བསྡུའི་ནང་ཆོལ་ཞེན་རིང་ལུགས་ཀྱིས་གལ་ཆེའི་གོ་ས་བཟུང་ཡོད། ཆོལ་ཁའི་ངོ་ཚབ་འཐུས་མི་བྱས་པར་སྐྱོན་གང་ཡང་མེད་ཀྱང་། འགོ་ཁྲིད་གསར་པ་ཚོས་ཆོལ་ཁའི་འཐེན་འཁྱེར་རིང་ལུགས་གང་འདྲ་ཞིག་ཡིན་ནའང་ངེས་པར་དུ་སྤོངས་དགོས། དེ་ནི་རྒྱུན་ལྡན་གྱི་རྩོད་གཞི་ཞིག་མིན། དེའི་སྐོར་ངའི་བསམ་པར་&གོང་ས་མཆོག་ནས་འོས་མི་གཉིས་ལ་དུས་སུ་བཀའ་ཕེབས་ཡོད་པར་སྙམ།

10. ཕྱི་མི་ཞིག་ལ་ལྟོས་ན་དབུས་བོད་མིའི་སྒྲིག་འཛུགས་ནི་ཕྱི་གསལ་ནང་གསལ་མེད་པའི་སྒྲིག་འཛུགས་ལྟར་སྣང་གི་ཡོད། རྒྱུན་ལྡན་སྤྱི་ཚོགས་ནང་འཕྲད་བཞིན་པའི་ཛ་དྲག་གི་གནད་དོན་ཁག་(སྐབས་རེ་ངན་ཕྱོགས་)ལ་གུ་ཡངས་ངང་བགྲོ་གླེང་ནན་པོ་བྱེད་རྒྱུ་ལས་ལྡོག་ཏེ། དཀའ་རྙོག་དེ་དག་ཡང་ཡང་སྦས་གསང་བྱེད་ཀྱི་འདུག(ངས་དྲན་གསོས་པའི་དོན་རྐྱེན་ཞིག་ནི། གཞིས་ཆགས་ནང་བོད་པ་ཞིག་གིས། བུ་མོ་ཆུང་ཆུང་ཞིག་ལ་བཙན་གཡེམ་བྱས་པའི་དོན་རྐྱེན་དེར། ལས་ཁུངས་ཀྱིས་ཡ་ལན་དང་པོ་ནི་བོད་མིའི་རྩ་དོན་ལ་མིང་ཆད་བཟོ་རབས་ཀྱིས་གསང་རྒྱ་བྱེད་རྒྱུ་དེ་རེད། བཙན་གཡེམ་ནི་བཙན་གཡེམ་རང་རེད། ཕ་རན་སི་པའམ། རྒྱ་མིའམ། བོད་པ་སུས་བགྱིས་ཀྱང་མཐའ་གཅིག་ཏུ་སྐྱོན་བརྗོད་བྱེད་དགོས།) གནད་དོན་དེ་འདྲ་བ་མང་པོ་ཞིག་ངོ་སྤྲོད་རྒྱུ་ཡོད་འདུག

11. ངོ་མ་བྱས་ན་འོས་བསྡུའི་དྲིལ་བསྒྲགས་སྐབས་ཕྱིར་ཐོན་པའི་རྩོད་རྙོག་དང་གནད་དོན་འགའ་རེ། འོས་བསྡུ་ཙམ་མིན་པར་དེའི་སྔོན་ཚུད་དེ། སྲིད་སྐྱོང་གི་ལས་ཡུན་སྐབས་རང་ནས་སྤྱི་ཚོགས་ནང་ཐོན་དགོས་ངེས་ཤིག་རེད། (ལྷག་པར་དུ་བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་བཏོན་པའི་གནད་དོན་ལྟ་བུ།) འོན་ཀྱང་། གྲོས་ཚོགས་ནང་བགྲོ་གླེང་བྱུང་བ་མ་གཏོགས་མི་དམངས་དཀྱུས་མ་ཞིག་ལ་བསམ་ཚུལ་གཏོན་རྒྱུའམ། གངས་སྐྱིད་ཀྱི་རས་ཡོལ་རྒྱབ་ཏུ་ཅི་ཞིག་འབྱུང་བཞིན་ཡོད་མིན་ཤེས་རྒྱུའི་གོ་སྐབས་ཉུང་ཉུང་རེད།

12. དོན་འདི་ཐོག་ནས་ཤེས་དགོས་པ་ཞིག་ནི་ལས་ཐོག་སྲིད་སྐྱོང་ལ་གངས་སྐྱིད་ཁུལ་དུ་དགའ་མོས་དང་ཡིད་ཆེས་དེ་ཙམ་མེད་པ་དེ་རེད། གནད་དོན་དེ་ནི་ཡིད་ཆེས་ལ་ཐུག་པ་ཞིག་གསལ་པོ་ཡིན་པས། གནད་དོན་དེར་ལྟ་ཞིབ་དང་སེལ་ཐབས་བྱེད་དགོས།

13. མ་འོངས་པར་གསར་འགོད་བརྒྱུད་ལམ་ཁག་གིས་འགན་འཁུར་གཙོ་བོར་བླངས་ནས། སྤྱི་ཚོགས་ནང་འཕྲད་བཞིན་པའི་དཀའ་རྙོག་ཅན་གྱི་ཆབ་སྲིད་གནད་དོན་རྣམས་ཕྱི་གསལ་ནང་གསལ་གྱིས་སྤེལ་ཐུབ་པ་བྱེད་དགོས། དཔེར་ན། ཉེ་སྔོན་&གོང་ས་མཆོག་གིས་བཏོན་གནང་བའི་འཕྲོད་བསྟེན་ཐད་ཀྱི་དཀའ་ངལ་སྐོར་ལྟ་བུ། གསར་འགོད་པ་ཚོས་གྲུང་ཤ་དོད་པོས་སྔོན་ཚུད་ནས་གླེང་སློང་བྱེད་དགོས་པ་ཞིག་རེད།

14. དེ་སྔ་བོད་རྙིང་པར་དཔོན་པོ་དང་བླ་མ་ཚོར་མི་འདོད་པའི་སྐྱོན་བརྗོད་བྱེད་སྐབས། དམངས་ཁྲོད་གླུ་གཞས་ཀྱི་ལམ་ནས་ ཀྱལ་ཀ་བྱེད་སྲོད་ཡོད་ཀྱང། དེང་གི་ཆར་དེའི་ཚབ་གང་ཞིག་གིས་བྱེད་ཀྱི་ཡོད་དམ།

15. ང་རང་སྒེར་གྱིས་ངོས་ནས་ལྷ་སྲུང་ཆོས་སྐྱོངས་ཚོས་མི་དམངས་དཀྱུས་མའི་འོས་བསྡུར་ཐེ་ཇུས་གནང་བ་དེ་ནོར་འཁྲུལ་ཞིག་ཡིན་པར་ཚོར་གྱི་ཡོད། ལྷ་འདྲེའི་བཀའ་བཀོད་དང་ཚོད་དཔག་སོགས་ལ་མ་ལྟོས་པར། ད་ཆ་མི་དམངས་རང་ཉིད་ཀྱིས་སྐབས་རེ་ཐག་གཅོད་ནོར་འཁྲུལ་བྱུང་མིན་ལ་མ་ལྟོས་པར། སོ་སོ་རང་ཉིད་ནས་བསམ་བློ་གཏོང་རྒྱུའི་དུས་ལ་སླེབས་པས། མི་དམངས་ཀྱི་བསམ་བློའི་ནུས་སྟོབས་གོང་འཕེལ་གཏོང་དགོས་(&གོང་ས་མཆོག་གི་བཞེད་དགོངས་དང་མི་འདྲ་ནའང་)། དེ་འདྲ་བ་ནི་རྒྱ་ནག་གིས་ནམ་ཡང་བྱེད་ཐུབ་ཐབས་མེད་པ་ཞིག་རེད། ད་ལྟའི་དབང་འཛིན་པས་དེང་རབས་ཅན་གྱི་གནམ་ཐང་དང་། བདེ་འཇགས་ཅན་གྱི་གཞུང་ལམ། སྐར་མ་ལྔ་ཅན་གྱི་མགྲོན་ཁང་སོགས་འཛུགས་བསྐྲུན་བྱེད་ཀྱང་། མི་དམངས་རང་ཉིད་ཀྱི་ཀླད་པ་བཀོལ་ནས་བསམ་བློ་གཏོང་བཅུག་གི་མེད།

16. ཐག་གཅོད་གང་ཞིག་འགྲིག་དང་ནོར་གྱི་ཀླན་ཀ་འཚོལ་རྒྱུ་ལས། གལ་ཆེ་བ་ནི་འདས་པའི་ནོར་འཁྲུལ་ལ་སློབ་སྦྱོང་བྱས་ཏེ་ཕྱིས་འབྱུང་ནོར་འཁྲུལ་དེ་ཉིད་སྤང་སྡོམ་བྱེད་རྒྱུ་དེ་རེད།

17. སངས་རྒྱས་ཀྱིས་རང་གི་རྗེས་འཇུག་ཚོར། བསྲེག་གཅད་བརྡར་པའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ངའི་བཀའ། །བླང་པར་བྱ་ཡིས་གུས་ཕྱིན་མིན། །ཞེས་གསུངས་པ་ཉམས་སུ་བླངས་དགོས།

18. མང་གཙོའི་ལམ་ལུགས་ནི་དེ་ལྟར་བསྲེག་གཅད་བརྡར་ཏེ་བསྐྱར་དང་ཡང་དུ་བརྟག་དཔྱད་བྱས་རྗེས་ཡང་དག་པ་གྱུར་ཐུབ། དེ་མིན་བོད་པའི་སྤྱི་ཚོགས་ཀྱི་ནུས་སྟོབས་འཕེལ་རྒྱས་སླད་ཕྱིའི་ཐེ་ཇུས་ཀྱིས་དེ་ཙམ་ཕན་རོགས་བྱེད་དཀའ།
མང་གཙོའི་འོས་བསྡུའི་དྲིལ་བསྒྲགས་སྐབས་ཕན་ཚུན་འགྲན་རྩོད་དྲག་པོ་བྱེད་པ་དེ་སྤངས་ཐུབ་པ་ཞིག་ཡིན་ཡང་། དེ་ནི་མང་གཙོའི་ལམ་ལུགས་ཕལ་མོ་ཆེའི་ནང་འབྱུང་བཞིན་ཡོད། དེང་གི་ཨ་རིའི་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་ལ་གཟིགས་དང་། དེ་ནི་སྒྲིག་སྲོལ་གྱི་ཡང་མ་དག་པའི་ཆ་ཤས་ཤིག་རེད། རྒྱུ་མཚན་ནི་ང་ཚོའི་སྤྱི་ཚོགས་ཁོ་རང་སྐྱོན་མེད་ཡང་དག་པ་ཞིག་མིན། དེ་ལྟར་མོད་ཀྱང་། ང་ཚོས་སྡུག་སྡུག་ནང་ནས་ཡག་ཡག་དེ་ལག་ལེན་བསྟར་དགོས་པ་ཞིག་རེད།

 

ཇི་ལྟར་བོད་མིའི་སྒྲིག་འཛུགས་ཕྱི་གསལ་ནང་གསལ་ཆེ་བར་བཟོ་དགོས་སམ།

1. བོད་པ་ལ་ངེས་པར་དུ་གྲུང་ཤ་དོད་ལ། རང་དབང་དང། འཇིགས་ཞུམ་མེད་པའི་གསར་འགོད་པ་དགོས་(དབྱེ་ཞིབ་གསར་འགྱུར་རིག་པ་བ་) དེའི་སླད་ངེས་པར་དུ་བོད་པའི་བསམ་བློའི་སྒྲོམ་གཞིར་བཅོས་བསྒྱུར་བྱ་དགོས། སྐྱོན་བརྗོད་ཐེར་འདོན་བྱ་རྒྱུ་ནི་བསྒྱུར་བཅོས་ཀྱི་འབྱུང་གནས་ལྟར་བརྩིས་དགོས། &གོང་ས་མཆོག་དབུས་པའི་ཆོས་ལུགས་ཀྱི་དབུ་ཁྲིད་རྣམས་ཀྱིས་སྐྱོན་བརྗོད་ཐེར་འདོན་གནང་རྒྱུར་ངང་བསྒུག་བྱས་པ་ཁོ་ན་མིན་པར། བོད་པའི་སྤྱི་ཚོགས་རང་ངོས་སུ་དགག་སྒྲུབ་དང་དག་ཐེར་གཟུ་བོས་ངང་བྱེད་ནུས་མཁན་གྱི་རྟོག་དཔྱོད་པ་མང་ཙམ་དགོས།

2. ཉེ་བའི་ཆར་གྱི་པཱ་ན་མའི་ཡིག་ཆ་ལྟ་བུ་དཔེར་མཚོན་ན། དེ་ནི་ཁུངས་ལྡན་གྱི་སྐྱོན་བརྗོད་ཅིག་ཡིན་སྟབས་དེས་འཛམ་གླིང་ནང་དྲང་བདེན་དགོས་པའི་རམ་འདེགས་སུ་གྱུར་ཡོད།

3. དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཐོག་གནས་ཚུལ་ཤེས་རྟོགས་ཀྱི་ཐོབ་ཐང་(RTI)ལག་ལེན་བསྟར་དགོས། དེས་རས་ཡོལ་རྒྱབ་ཏུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ལ་རྒྱུས་ལེན་ཡག་པ་བྱ་ཐུབ། དེ་ཡང་། ༸གོང་ས་མཆོག་གིས་ཉེ་སྔོན་ལམ་སྟོན་གནང་བའི་གཞིས་ཆགས་ཁག་གི་ནང་འཕྲོད་བསྟེན་གྱི་མཐུན་རྐྱེན་དང་འབྲེལ་བའི་གནད་དོན་རྣམས། སྔ་ཙམ་ནས་ཤེས་ཤིང་ཉེས་འགོག་བྱ་ནུས་པ་ཞིག་རེད།

4. བུད་མེད་ཚོས་སྲིད་སྐྱོང་འོས་བསྡུའི་ནང་གལ་ཆེའི་འགན་འཁུར་འཁྱེར་དགོས་(བཀའ་བློན་བརྒྱ་ཆ་ལྔ་བཅུ་བུད་མེད་ཡོང་མི་ཆོག་པ་མེད་)། དེང་རབས་སྤྱི་ཚོགས་ནང་བུད་མེད་ཀྱིས་སྐྱེས་པས་བསྒྲུབ་མི་ཐུབ་པའི་འགོ་ཁྲིད་ཀྱི་ལས་དོན་གཉེར་ཐུབ་ཀྱི་ཡོད།

 

སྲིད་སྐྱོང་གསར་པའི་མདུན་དུ་ལྷག་པའི་གདོང་ལེན་ཁག

1. སྲིད་སྐྱོང་གསར་པ་དེ་བཞིན་བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལགས། རང་ཉིད་བཀའ་བློན་ནས་དགོངས་ཞུ་གནང་སྐབས་བཏོན་པའི་བསམ་འཆར་འགྲེལ་བརྗོད་དང་འཚམ་པ་ཞིག་ཡོང་བའི་རེ་བ་བྱེད། བཀའ་ཟུར་མཆོག་གིས་བོད་མི་རྣམས་ཆིག་སྒྲིལ་བྱ་དགོས་པ་ལས། ཆོལ་ཞེན་བྱ་མི་རུང་བའི་གནད་དོན་གླེང་སློང་གནང་བ་གཙིགས་ཆེར་འཛིན་དགོས།

2. སྲིད་སྐྱོང་གསར་པས་བདམ་ཐོན་གནང་རྒྱུའི་བཀའ་བློན་རྣམས་ངེས་པར་དུ། བཙན་བྱོལ་བོད་མི་དང་བོད་ནང་གི་བོད་མིར་འོས་ཤིང་རན་ཤོས་ཤིག་ཡིན་དགོས་པ་ལས། སྒེར་གྱི་ངོ་ཤེས་དང་དགའ་ཞེན་ཅན་རིགས་མིན་དགོས།

3. བཀའ་བློན་གསར་པ་ཚོ་བོད་ནང་གི་བོད་མི་(དང་རྒྱ་དམར་དཔོན་རིགས་)ཡི་དམིགས་དཔེར་འགྱུར་དགོས།

4. སྲིད་སྐྱོང་གསར་པས་ཕྱོགས་དང་མཐའ་ཀུན་ནས་རྒྱ་གར་གཞུང་དང་མཉམ་དུ་བསམ་ཤེས་དང་འབྲེལ་ལམ་ཉེ་བོ་བཟོ་དགོས།

5. སྲིད་སྐྱོང་གིས་ངེས་པར་དུ་བོད་དང་རྒྱ་ནག་ནང་གི་གནས་ཚུལ་རྣམས་མཁྱེན་རྟོགས་ཟབ་མོ་དགོས་པ་ཙམ་མ་ཟད། ད་ལྟ་བོད་ནང་གྱུར་འགྲོས་ཅི་ཞིག་བྱུང་མིན་དང་། དེ་དག་ལ་འབྲེལ་འདྲིས་ཡོད་པའི་ཐོག་ནས་རྒྱ་དམར་གྱི་འཆར་གཞི་ལ་ཁ་གཏད་ཆོག་པ་ཞིག་དགོས། དེ་ལྟར་མ་བྱུང་ཡང་ཐ་ན་རྒྱ་དམར་ལ་དུས་ཐོག་གིས་ལན་འདེབས་གནང་ཐུབ་པ་དགོས་(དཔེར་ན། རྒྱ་དམར་གྱིས་ཡང་སྲིད་སྐོར་བཏོན་པའི་ཡིག་ཆ། ཡང་ན། རྒྱ་དམར་གྱིས་བོད་མཐོ་སྒང་ལ་ཡུལ་སྐོར་བ་ས་ཡ་བཅུ་ཕྲག་གིས་བཙན་འཛུལ་བྱེད་པ་བཅས་)

6. བོད་ནང་གིས་བདེ་དོན་ཆེད་བཀའ་བློན་ལྷན་ཁང་ཞིག་ཡོད་ནའང་མི་ཆོག་པ་མེད།

7. གལ་ཏེ་རྒྱ་དམར་གྱིས་བཟང་ཕྱོགས་ཀྱི་ལས་དོན་གཅིག་བསྒྲུབས་ཚེ། དེ་དག་ཀྱང་ངེས་ལེན་བྱ་ཐུབ་པ་དགོས།

8. ལོ་ཤས་ནས་བཟུང་། རྒྱ་ནག་གཞུང་ནི་གནས་ཚུལ་དང་ཆབ་སྲིད་དྲིལ་བསྒྲགས་ཐད། རྟག་པར་དྷ་རམ་ས་ལ་ལས་གོམ་པ་འགའ་ཤས་ཀྱིས་སྔོན་དུ་འགྲོ་བཞིན་ཡོད་པ་འདི་ནི་བློ་ཕམ་གྱི་གནས་ཤིག་རེད།

9. &གོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་འཇོག་གནང་མཛད་པ་ཡིན་སྟབས། སྲིད་སྐྱོང་གསར་པས་འགན་འཁུར་མང་ཙམ་བཞེས་དགོས། འོས་འདེམས་བྱུང་པའི་འགོ་ཁྲིད་གསར་པས་སོ་སོ་འགོ་ཁྲིད་ཡིན་པའི་འདུ་ཤེས་ངང་ཕྱག་ལས་བརྩམ་དགོས་(སྤྱི་ཕན་སེམས་བཅངས་དང་བཅས)།

10. བོད་མིའི་མི་ཆ་ཨ་རི་དང་ཡོ་རོབ་ཡུལ་གྲུ་ཁག་གི་གནམ་འོག་ཏུ་བརླགས་མི་འགྲོ་ཕྱིར། རྒྱ་གར་ནང་བསྡད་དེ་བོད་པའི་སྤྱི་ཚོགས་ཀྱི་སྤྱི་ཕན་ཆེད་བྱ་བ་བསྒྲུབ་དགོས།

11. དབུས་བོད་མིའི་སྒྲིག་འཛུགས་ལ་མ་འོངས་བོད་རྒྱལ་ཁབ་ཀྱི་དཀའ་རྙོག་སེལ་སླད་སྲིད་ཇུས་དབྱེ་ཞིབ་སྡེ་ཚན་(Think Tank)ཞིག་ཡོད་དགོས།

12. དབུས་བོད་མིའི་སྒྲིག་འཛུགས་ལ་སྒྲིག་འཛུགས་ཀྱི་སྲིད་ཇུས་དང་བྱེ་བྲག་ཏུ་རྒྱ་ནག་དང་འབྲེལ་བའི་སྲིད་ཇུས་གསལ་འགྲེལ་ཐུབ་མཁན། ཆེད་མཁས་གསར་འགོད་མགྲིན་ཚབ་པ་ཡག་པོ་ཞིག་དགོས། དེ་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་མགོ་རྙོག་ཅན་གྱི་དྲི་བར་ལན་འདེབས་བྱེད་ཐུབ་མཁན་ཞིག་དགོས།
འདི་དག་ནི་ངའི་བསམ་ཚུལ་འགའ་ཞིག་ཡིན།

བོད་པའི་མང་གཙོའི་ལམ་ལུགས་ནི་སྦྱོང་བརྡར་གྱི་དུས་སྐབས་ཤིག་ནང་བསྐྱོད་བཞིན་ཡོད། སྤྱི་ཡོངས་ནས་བཟང་ཕྱོགས་ཀྱི་རྣམ་པ་ཞིག་མངོན་གྱི་འདུག བོད་པའི་མང་གཙོའི་ལས་འགན་གལ་ཆེ་ཤོས་ནི་མི་དམངས་དཀྱུས་མའི་ནུས་སྟོབས་གོང་འཕེལ་གཏོང་དགོས་པ་དེ་རེད།

རྩོམ་པ་པོ་ཀེལོ་ཌི་ཨར་པི་ Claude Arpi ལགས་ནི། ༡༩༤༩ ལོར་ཕ་རན་སིར་སྐྱེས་ཤིང་། ཁོང་ནི་ལོ་རྒྱུས་དང་། བོད་རིག་པ་མཁས་པ་ཞིག་ཡིན། ཁོང་གིས་ལོ་ངོ་བཞི་བཅུ་ལྷག་རིང་རྒྱ་གར་དང་། རྒྱ་ནག བོད་སོགས་དབར་གྱི་ཆབ་སྲིད་གནད་དོན་གཙོར་བྱས་ཀྱི་དཔྱད་བརྗོད་རང་བཞིན་གྱི་རྩོམ་ཡིག་མང་པོ་སྤེལ་གནང་གི་ཡོད།

མ་རྩོམ་གྱི་དྲ་ཐག
http://claudearpi.blogspot.in/2016/04/tibetan-democracy-ramdom-thoughts.html

འགྱུར་རྩོམ།

Post navigation

Previous Post: རྩོམ་པ་པོ་བློ་མིག་ལ་ལོ་༧དང་ཕྱེད་ཀའི་ཁྲིམས་ཐག་བཅད་འདུག
Next Post: ངས་ནུབ་ཕྱོགས་པའི་ཨ་མའི་དུས་ཆེན་སྲུང་བརྩི་ཞུ་མི་འདོད།

Comments (2) on “བོད་ཀྱི་མང་གཙོའི་ཐོག་བསམ་ཚུལ་ཐར་ཐོར།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-11 at 5:45 am

    ལྷག་བསམ་དཀར་པོའི་རང་དབང་དཔྱད་རྩོམ་འདི་།
    མཐོང་བ་ཙམ་གྱི་དགའ་ཚོར་སེམས་སུ་ཤར་།
    སོག་པོའི་འདྲེ་ལག་བོད་ཀྱི་ཆབ་སྲིད་བསླུས།
    ཆོལ་ཁའི་ཐ་སྙད་སོག་པའི་སྐད་ནས་བཏུས་།
    བོད་འབངས་བསོད་ནམས་དམན་པའི་ལས་བསྐལ་དུ་།
    མི་ལོ་ཉི་སྟོང་ཕྱིན་ཀྱང་སོག་སྐད་དོར་མ་ཐུབ་།
    ཆོས་སྲིད་བཟུང་དུ་སྦྲེལ་བ་མེས་སྤོའི་སྲོལ་།
    སྲོལ་བཟང་བརྒྱུད་ནས་བོད་ཀྱི་བསྟན་སྲིད་དར་།
    དར་པ་ཡུན་དུ་མ་གནས་བོད་མིའི་ལས་།
    ལས་ངན་བསག་པའི་འབྲས་བུ་དུས་སྨིན་།
    སྨིན་པ་ཐམས་བཅས་རང་གི་བྱེད་ལས་རག་།

  2. ཀརྡོ་གཉེར་ཕྱག་པ་་ says:
    2016-05-17 at 9:55 am

    ་་་་་་་་་་་ པེ་ཅིང་གིས་ནུབ་ཕྱོགས་པའི་མང་གཙོའི་ཞན་ཆར་མཛུབ་མོ་ཡང་ཡང་འཛུགས་ཀྱི་ཡོད་ཀྱང་། སོ་སོའི་སྒྲིག་སྲོལ་འཐོར་ཞིག་ཏུ་འགྲོ་ཉེན་གྱིས་དེ་རྒྱུན་བསྲིངས་ཆེད་མཉའ་གནོན་ཤུགས་ཇེ་ཆེར་གཏོང་གི་ཡོད། ་་་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme