Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལ་སྟ་རེ་ཕྱར་བ།

Posted on 2013-07-042013-07-04 By ཁ་བརྡ་ 18 Comments on བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལ་སྟ་རེ་ཕྱར་བ།

            དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་བཙབ་རལ་བྱ་རྩིས།

སེར་སྨད་བློ་དགའ།

རྒྱ་ནག་གིས་ཆོག་ཤེས་མེད་པའི་ཐོག་ནས་བོད་ལ་ཚོད་རྩིས་བྱེད་བཞིན་པ་ལྟར། བོད་རྒྱའི་འབྲེལ་མོལ་བསྐྱར་གསོ་ཐུབ་པའི་དབང་དུ་བཏང་ཡང་། རྒྱ་ནག་ཕྱོགས་ནས་ང་ཚོས་དབུ་མའི་ལམ་ཁས་ལེན་བྱེད་ཆོག ཁྱེད་ཚོས་ཆོས་སྲིད་ཟུང་འབྲེལ་མཇུག་བསྡུ་བྱ་ཐུབ་ཀྱི་ཡོད་དམ། ཟེར་བའི་དྲི་བ་དེ་ཡོད་ཡོད་པ་རེད་ཤག  ཡང་། ༸གོང་ས་མཆོག་ལ་ཆོས་ལུགས་ཀྱི་ཐོག་ནས་དད་པ་ཞུ་ཆོག་པ་དང་ལམ་དབུ་མ་གཉིས་ཀ་ངོས་ལེན་བྱེད་ཆོག ཁྱེད་ཚོས་ཆབ་སྲིད་ཀྱི་ཐོག་ནས་༸གོང་ས་མཆོག་གི་རྗེས་སུ་མི་འགྲོ་བར་ཁས་ལེན་བྱ་ཨེ་ཐུབ་ཟེར་ན། ལན་ཆ་ཚང་ཞིག་གྲ་སྒྲིག་ལོས་ཡོད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་གྱི་སྔོན་གླེང་དང་གཞི་རྩའི་ལམ་སྟོན་གྱི་ནང་དོན། བཅའ་ཁྲིམས་དངོས་གཞིའི་དོན་ཚན་གསུམ་པའི་ཚིག་དོན་དང་། དོན་ཚན་ ༡༡༡ པའི་དགོངས་དོན་བཅས་ལ། བོད་ཀྱི་ཆབ་སྲིད་རང་བཞིན་གྱི་ཐོག་ནས་སྲུང་སྐྱོབ་ཧུར་ནན་བྱ་དགོས་པ་དེ་བཀའ་སྤྱི་གཉིས་ལ་ཐད་ཀར་འཁྲི་བའི་ཐུགས་འགན་ཞིག་ཡིན་གཤིས། 

ཉེ་ཆར་མཚོ་སྔོན་གྱི་ས་གནས་ཁག་ཅིག་ཏུ།  ༸གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་ཆོག ཁོང་ལ་སྡིག་དམོད་བྱེད་མི་ཆོག ཆོས་ལུགས་མི་སྣ་མ་ཡིན་པའི་གཞུང་གི་ལས་བྱེད་ཚོས་༸གོང་ས་མཆོག་གི་སྐུ་པར་སྒྲིག་གཤམ་མི་ཆོག ཆོས་སྲིད་མཉམ་བསྲེས་བྱེད་མི་ཆོག ཅེས་པའི་ཡིག་ཆ་ཞིག་རྒྱ་གཞུང་གིས་བཀྲམས་ཡོད་པར་བོད་ཀྱི་དུས་བབ་གསར་འགྱུར་དུ་ཐོན་པ་རེད། གསར་འགྱུར་དེ་དོན་དངོས་ཡིན་ན། ཆབ་སྲིད་ཀྱི་འཁྱུག་འགྲོས་དེས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལ་སྡང་ཟུག་དང་ཁྲོ་གཉེར་ཆེན་པོ་བྱེད་ཀྱིན་པ་མཐོང་ཐུབ། འདི་ནི་ཆབ་སྲིད་དང་འབྲེལ་བའི་བརྡ་སྦྱོར་ལ་རྫི་གནོན་པོས་བལྟ་སྟངས་ཤིག་ཡིན་ལ། རྒྱ་ནག་གི་ལངས་ཕྱོགས་ཐད། ཆོས་ལུགས་དང་ཆབ་སྲིད་ཀྱི་ཇུས་སྒྲིག་སོ་སོ་ནས་དགོས་པར་སྨྲ་བཞིན་པའི་ཐོག རྒྱ་ནག་ཏང་གི་སློབ་གྲྭ་ཆེན་མོའི་སློབ་དཔོན་ཅིན་ཝེ་ཡིས། སྔོན་ཆད་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ལ་བཏང་བའི་འགོ་ཁྲིད་རིམ་པས། ཆོས་ལུགས་ཐད་ཀྱི་སྲིད་ཇུས་ཐལ་ཆེ་ཆེན་པོ་ཕྱིན་སྟབས། བོད་ནང་གི་བོད་མི་ཚོའི་སེམས་ལ་རྨ་ཁ་དང་མ་འདོད་པ་ཤུགས་ཆེན་བཟོས་ཡོད་སྐོར་བཤད་ཡོད་པ་དེ་གནད་དོན་གཅིག་རེད། འདི་ནས་མཐོང་ཐུབ་པ་ནི། ༸གོང་ས་མཆོག་ལ་ཆོས་ལུགས་ཀྱི་ཐོག་ནས་དད་པ་བྱེད་ཆོག་ཀྱང་། ཆབ་སྲིད་ཀྱི་ཐོག་ནས་ཁོང་གི་རྗེས་སུ་འགྲོ་མི་ཆོག་ཟེར་བ་ཞིག་རང་བཞིན་གྱིས་ཐོན་འདུག་པ་དེར་བོད་ཀྱི་འགོ་མང་གཉིས་ཀར་ཚོར་བ་ཞིག་ཡོད་ལོས་དགོས།  

རྒྱ་ནག་གིས་བཙན་བྱོལ་སྤྱི་ཚོགས་ཀྱི་གོང་བུ་འཐོར་ཞིག་འགྲོ་ཆེད།
༡༽ རྒྱ་ནག་གིས་འབད་བརྩོན་ཆེན་པོས་བོད་མི་མང་པོ་ཕྱིར་བོད་ནང་དུ་འཐེན་ཐབས།
༢༽ རྒྱ་ནག་རང་ཉིད་ཀྱིས་བོད་ནས་བཙན་བྱོལ་དུ་འགྲོ་བར་བཀག་སྡོམས་བྱེད་པ།
༣༽ བོད་པ་རང་ངོས་ནས་རྒྱལ་ཁབ་མི་འདྲ་བའི་ནང་བོད་མི་ཁ་གྲམ་བཞིན་པ། བཅས་ཀྱི་གནད་དོན་གསུམ་བརྟེན་ནས། ༸གོང་ས་མཆོག་དང་སྲིད་སྐྱོང་སོགས་ཕྱིར་འབྱོར་བོད་མིའི་དབུ་ཁྲིད་རྣམས་ཁེར་འབུད་བྱ་ཐབས་ཀྱི་རེ་བ་དང་ནུས་ཤུགས་གཉིས་ཀ་འདོན་བཞིན་པའི་ཐོག  འདི་ལོའི་ཕྱི་ཟླ་ ༦  ཚེས་ ༢༡ ཉིན། བོད་རང་སྐྱོང་ལྗོངས་ཟེར་བའི་རྒྱུན་ལས་དྲུང་གཞོན་གྱི་མིང་ཁྱེར་བ་པདྨ་མ་འཕྲིན་ལས་ཀྱིས། དམར་པོའི་ལས་དོན་པ་འགའ་ཞིག་དང་ལྷན་དུ་ཨ་རིར་ཕྱིན་ཏེ། བྱམས་པ་ཕུན་ཚོགས་ཀྱི་རྐུབ་བཀྱག་དེ་མིག་ལ་འཁོར་བཞིན། དེའི་སྔོན་འགྲོ་ལྟ་གོན་གྱི་ཚུལ་དུ་སྙོབས་ཅི་ཐུབ་ཀྱིས་ངལ་རྩོལ་ཧུར་པོ་བྱེད་པ་དང་ཏང་གི་ལས་སྐུལ་བའི་ཁ་ལ་ཉན་པོ་བྱེད་ཀྱིན་འདུག 
ལས་དོན་པ་པདྨ་འཕྲིན་ལས་ཀྱིས་བཤད་རྒྱུར། ཕྱིར་གནས་བོད་མི་ཕྱིར་རྒྱལ་ནང་དུ་ལོག་པ་དང་རང་ཡུལ་དུ་གཏན་སྡོད་བྱེད་པར་དགའ་བསུ་ཞུ། ཞེས་རྒྱང་འབོད་ཤུགས་ཆེར་བྱས་འདུག དེ་འབྲེལ་གྱི་བཀའ་མོལ་མང་པོ་བརྒྱུད་ལམ་ཁག་ཏུ་ཐོན་ཡང་ཞེད་སྣང་ཆེ་ཤོས་ཏེ། ཆོས་སྲིད་ཟུང་འབྲེལ་དང་འབྲེལ་བའི་སྐོར་སྐད་ཆ་ཉུང་ཉུང་རེད། མི་ཚོས་བཤད་ན། གྲི་རྩེར་སྦྲང་རྩི་བྱུགས་པའི་གུང་ཁྲན་གྱི་སྐད་ཆ་དེ་ཚོས་བོད་མི་བསམ་ཡོད་ཚོ་སྔ་ས་ནས་འདྲོགས་བསླངས་ཟིན་པ་རེད་ཟེར། གཞན་དག་གིས་ཟེར་ན། འདི་ཡང་ཉམས་ཚོད་ཅིག་རེད་ཟེར།

གང་ལྟར་འཁྲབ་སྟོན་དེ་ཚོ་ཕལ་ཆེར་འགྲིམས་པོ་མེད་པ་འདྲ། དཔེར་ན། ཏང་ནང་ཁུལ་གྱི་རྐུབ་བཀྱག་འཐབ་རྩོད་ལ་རྒྱུས་ལོན་བྱ་ཕྱིར། ཞི་ཅིན་ཕིན་ཟླ་ཤས་རིང་བོར་བརླག་ཤོར་བའི་རྣམ་པས། ཚོད་ལྟའི་འཁྲབ་ཚན་ཞིག་བསྒྲུབས་ཡོད། གཞི་རྩའི་ཆ་ནས། རྒྱ་ནག་གི་དོགས་ཟོན་ཆེན་པོས་ཉམས་ཚོད་དང་དཔེ་ལེན་མང་པོ་བྱས་པའི་ནང་། ཕྱི་ལོ་༢༠༠༨ ལོར་བོད་ནང་མདོ་དབུས་ཁམས་གསུམ་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་དོན་རྐྱེན་ཛ་དྲག་ཆེ་བའི་སྐགས། བཙན་བྱོལ་ནང་སྐྱིད་སྡུག་མཉམ་མྱོང་ལྟ་བུས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱིས་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་དུས། རྒྱ་ནག་གིས་ཀྱང་ཉིན་ཤས་ལས་མ་འགོར་བར་བོད་ཀྱི་ས་ཁུལ་ཁག་ཏུ་གུང་ཁྲན་གྱི་དར་དམར་སྒྲེང་འཛུགས་ཀྱི་ལས་འགུལ་ཞིག་སྤེལ་བ་རེད། ཡང་། རྒྱ་ནག་གིས། བཙན་བྱོལ་ནང་གཞུང་དང་འབྲེལ་མ་ཡིན་པའི་ལས་འགུལ་ལ་ངོས་གཉིས་ལྟ་བུ་མཐོང་སྟབས། དེ་ལ་དཔེ་ལེན་ལྟ་བུས་༸གོང་ས་མཆོག་དང་བོད་མི་བཙན་བྱོལ་བར་འཛིན་པའི་སྲིད་ཇུས་ལའང་ངོས་གཉིས་ལྟ་བུས། དབུས་ས་གཉིས་མི་མཚུངས་པའི་ཁྱབ་བསྒྲགས་ཀྱིས་ལས་འགུལ་ཞིག་ཉེ་ཆར་ནས་སྤེལ་འགོ་བཙུགས་པ་རེད། དོན་དངོས་སུ་བོད་ཀྱི་རང་དབང་གི་སྤྱོད་ཚུལ་དང་རྒྱ་ནག་གི་གཅིག་སྡུད་བྱ་སྤྱོད་གཉིས་སྡུར་ཐབས་རྩ་བ་ནས་མེད།  

ལས་དོན་པ་པད་མ་འཕྲིན་ལས་ཀྱིས་སྒྲུབ་བཞིན་པའི་གནད་དོན་ཐད། གནས་ཚུལ་བཞི་མཐོང་ཐུབ་སྟེ།  
༡༽ དཀྲོག་གཏམ་སྤེལ་ས་དེ་ཨ་རིར་བྱེད་པ།
༢༽ སྤེལ་མཁན་དེ་བོད་མི་རིགས་ཀྱི་སེམས་ནང་གི་གྲིབ་གཟུགས་ཆེ་ཤོས་ཤིག་གི་གནས་བབ་ཅན་པདྨ་འཕྲིན་ལས་ཡིན་པ།
༣༽ བརྒྱུད་ལམ་གྱི་ཆ་ནས་རྒྱ་ནག་གཞུང་འབྲེལ་སྡིངས་ཁྱབ་ཆེ་ས་ནས་ཕྱིར་མ་ཐོན་པ།
༤༽ རྒྱ་ནག་གིས་༸གོང་ས་མཆོག་དང་བོད་མིའི་སྒྲིགས་འཛུགས་ལ་གཤེ་གཤེ་གཏོང་བའི་ཁ་རླངས་མ་ཡལ་བའི་དུས་ཚོད་ཅིག་ལ་ཁེལ་ཡོད་པ། བཅས་ཀྱི་གནད་དོན་བཞི་ལ་བརྟེན་ནས་དཀྲོག་བཤད་འདིའི་འགྲེམས་སྒོ་ཆུང་ཆུང་ཡིན་པ་སྨོས་མེད་རེད།  དེའི་རྒྱུ་མཚན་ལ། སྐད་ཆ་གསར་པ་འདི་བོད་མི་ཕྱིར་འབྱོར་བའི་སྟི་གནས་རྒྱ་གར་རྡ་རམ་ས་ལར་སྤེལ་ན། ལས་དོན་པ་ཚོར་རྒྱ་གར་གཞུང་དང་བོད་མིའི་སྒྲིག་འཛུགས་ཀྱིས་ཆོག་མཆན་མི་རག་པའི་ཐེ་ཚོམ་རྩ་བ་ནས་མེད་ཀྱང་དེ་ལྟར་མ་བྱས་པར་ཆེད་དུ་ཨ་རིར་ལས་དོན་དེ་སྒྲུབ་སར་ཕྱིན་པ་རེད། རྒྱ་ནག་དྲིལ་སྒྲོགས་སྡིངས་ཆ་ནས་མི་སྒེར་པ་ཚུན་ཆད་ཀྱི་གནས་ཚུལ་སྤེལ་དང་སྤེལ་མུས་ལ། བོད་རྒྱའི་འབྲེལ་ལམ་དང་འབྲེལ་བའི་གནས་ཚུལ་མི་སྤེལ་བ་ཅི་ཡིན།

བོད་ཀྱི་དཀའ་ངལ་ཆེ་ཤོས་ཀྱི་དུས་ཚོད་ཅིག་ལ་པདྨ་འཕྲིན་ལས་ནི་བོད་པ་ཞིག་ཡིན་པ་དང་གུང་ཁྲན་གྱི་ལག་ཆ་ཡིན་པའི་གནས་ལུགས་གཉིས་ཀ་བོད་ཕྱི་ནང་གཉིས་ཀས་གསལ་པོ་ཤེས་བཞིན་པར། བོད་མིས་ཡིད་ཆེས་མི་བྱེད་པའི་མི་དེ་འདྲ་ཞིག་ལ་རྒྱ་ནག་གིས་ཕྱིར་སྡོད་བོད་མི་རང་ཡུལ་དུ་ལོག་རྒྱུར་དྲིལ་སྒྲོག་བྱེད་བཅུག་པ་འདིས། བོད་པ་དང་བོད་དོན་རྒྱབ་སྐྱོར་བ་བཅས་ལ་དོགས་ཚོར་གསར་པ་ཞིག་སྤྲད་ཡོད་པས། རྒྱ་ནག་གི་སྐད་ཆ་དེ་ལྷག་བསམ་རྣམ་དག་ཡིན་པའི་དབང་དུ་བཏང་ཡང་བྱེད་སྟངས་ནི་རྦད་དེ་ནོར་བ་རེད། རྒྱ་ནག་གཞུང་གིས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་སྡིགས་པའི་སྐད་སྒྲ་དེ་འཇགས་མེད་ཁར། གནམ་ནས་ཆར་པ་བབས་པ་བཞིན་གློ་བུར་འཇམ་ཤས་ཆེ་བའི་སྐད་ཆ་དེ་དང་སྒྲོག་པ་པོ་གཉིས་ཀར་ཆགས་འཇོག་མི་ཐུབ་པའི་ཚོར་སྣང་དེ་བོད་མིར་སྤྲད་ཡོད། དེ་ལྟར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཆེ་ཁག་ནས་ཕྱིར་མ་ཐོན་པའི་གནས་བབ་དང་གནས་ཚུལ་གཉིས་ཀ་བོད་རྒྱ་ཕྱོགས་གཉིས་ཀའི་སེམས་ནང་གསལ་པོ་ཡོད་པ་རེད།    

ནུས་པ་ཅན་དང་ཁ་ལ་ཉན་པོ་གནང་མཁན་རེ་ཟུང་གིས། ཆོས་སྲིད་ཟུང་འབྲེལ་ལ་འགྱུར་བ་གཏོང་རྒྱུའི་ཐད། འགྱུར་བ་གཏོང་ས་དེ་བཅའ་ཁྲིམས་རེད་མ་གཏོགས་རྩ་ཁྲིམས་མ་རེད། ཅེས་སྟབས་བདེ་མདོག་གནང་སྲིད། ཁོང་ཚོའི་བཀའ་མོལ་དེས་བཅའ་ཁྲིམས་ལ་མཐོང་ཆུང་གནང་བ་རེད་ཅེས་ཕལ་ཆེར་ཞུ་ས་རག་གི་མ་རེད། སྤྱི་འཐུས་རྣམ་པས་བཅའ་ཁྲིམས་བཅད་གཏུབ་གནང་རྒྱུའི་རྒྱ་ནག་གི་ཆབ་སྲིད་བརྡ་སྦྱོར་ལ་ཐུགས་ཞིབ་ནན་པོ་གནང་སྟེ། ས་སྔ་ནས་དགོངས་ཚུལ་གྲ་སྒྲིག་ཨང་གསར་དགོས་པ་ཡིན།  གོང་༸ས་མཆོག་གིས་ཆོས་སྲིད་ཀྱི་འགོ་ཁྲིད་སོ་སོར་དགོས་པ་དང་ཆོས་སྲིད་ཟུང་འབྲེལ་དགོས་པ། ཆོས་སྲིད་ཟུང་འབྲེལ་གྱི་འགྲེལ་བཤད་དང་བཅས་པ་ཧ་ཅང་འཐུས་ཚང་པོ་རེད། རྒྱ་ནག་གིས། ང་ཚོས་དབུ་མའི་ལམ་ཁས་ལན་བྱེད་ཀྱི་ཡིན། ཁྱེད་ཚོས་ཆོས་སྲིད་ཟུང་འབྲེལ་ཕྱིར་བསྡུ་བྱེད་ཐུབ་ཀྱི་རེད་དམ་ཟེར་བ་དེར།  བོད་མིའི་སྒྲིག་འཛུགས་ནས། གལ་ཏེ། ལགས་སོ་ལགས་སོ། དེ་དེ་བཞིན་ནོ། དེ་དེ་བཞིན་ཏེ། ཟེར་ན། རྡ་རམ་ས་ལའི་ཞབས་བརྟན་པ་ཚོས། ཤེས་རབ་སྙིང་པོ་འདོན་པའི་ཟོལ་གྱིས། གཟུགས་མེད། སྒྲ་མེད། ཆུ་མེད། གློག་མེད། སྐུ་ཡོན་མེད། ཁང་གླ་མེད། ཅེས་པ་སོགས་ཁ་མཚར་བྱ་མྱོང་བ་ལྟར་བོད་མི་སྒྲིག་འཛུགས་ལ། གཟུགས་མེད། སྒྲ་མེད། ཆོས་མེད། སྲིད་མེད། ཆོས་སྲིད་མེད། ཟུང་འབྲེལ་མེད། ཅེས་པ་སོགས་བསྟན་གཤིག་གི་སྐད་ཆ་སློང་སྲིད་པ་ཞིག་རེད། ཆོས་སྲིད་ཟུང་འབྲེལ་མེད་པར་བཟོས་ན་སྐྱོན་མེད་དེ། ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བ་ཡིན་ཟེར་ན། ནང་གི་དོན་སྙིང་གལ་ཆེ་བ་དེ་གང་ལ་ཟེར། ཆོས་སྲིད་ཟུང་འབྲེལ་ལས་གལ་ཆེ་བ་ཅི་ཞིག་ཡོད། བཅའ་ཁྲིམས་ནང་ཆོས་སྲིད་ཟུང་འབྲེལ་དེ་གལ་ཆེས་ཤོས་རྩིས་པ་མ་རེད་པས། ཞེས་པ་སོགས་དྲི་བ་ཆུ་རྒྱུག་རྒྱུག་ཡིན།

རྒྱ་ནག་གིས་ཆོས་སྲིད་དབྱེ་འབྱེད་དང་མི་རིགས་དབྱེད་གཉིས་ཀར་སྣང་ཆུང་བྱེད་ཀྱིིན་ཡོད་ཀྱང་བོད་ནི་གོམས་གཤིས་དང་བཟང་སྤྱོད་གཉིས་ཀའི་ཆ་ནས་སྤྱོད་ཚུལ་དེ་འཚམས་པོ་ཡོད་པ་མ་རེད། རྒྱ་ནག་གིས། ཆོས་སྲིད་ཟུང་འབྲེལ་ནི་ཆོས་སྲིད་གཉིས་ཀའི་འགོ་ཁྲིད་མི་གཅིག་གིས་བྱེད་པ་ལ་ཟེར། འོན་ཀྱང་མི་གཅིག་ཆོས་སྲིད་གཉིས་ཀའི་བྱ་བར་ཞུགས་པ་ལ་འགྲེལ་བཤད་ཅི་འདྲ་བྱ་རྩིས་ཡོད་མེད་མི་ཤེས། གོང་༸ས་མཆོག་ནས་ཆོས་སྲིད་ཀྱི་འགོ་ཁྲིད་སོ་སོར་དགོས་པར་གསུངས་པ་དེས་རྒྱ་ནག་གིས་བཤད་པའི་ཆོས་སྲིད་ཟུང་འབྲེལ་དེ་ཞལ་བཞེས་མི་མཛད་པར་མཚོན་ཡང་། བོད་ཀྱི་བཅའ་ཁྲིམས་ནང་གི་ཆོས་སྲིད་ཟུང་འབྲེལ་དང་༸གོང་ས་མཆོག་གི་དགོངས་པའི་དབྱིངས་ཀྱི་ཆོས་སྲིད་ཟུང་འབྲེལ་གཉིས་བབ་ས་གཅིག་ཡིན་པས། གང་ལྟར་ཆོས་སྲིད་ཟུང་འབྲེལ་ཞེས་པའི་ཚིག་དུམ་དེར་ཤི་འཐམ་རོ་འཐམ་བྱ་རྒྱུ་རེད། བོད་པས། རྒྱལ་སྲིད་ཆོས་བཞིན་དུ་བསྐྱོང་བར་ཆོས་སྲིད་ཟུང་འབྲེལ་གྱི་འགྲེལ་བཤད་བྱས་ཡོད།
གང་ལྟར་བོད་རྒྱ་གཉིས་ཀྱིས་ཆོས་སྲིད་ཟུང་འབྲེལ་ཞེས་པའི་ཚིག་དུམ་དེ་འཐེན་རེས་རྒྱང་རེས་བྱས་ཏེ། རྒྱ་ཕྱོགས་ནས་ཇི་ཙམ་འཐེན་ཐུབ་མིན་དང་བོད་པས་ཅི་ཙམ་བཟུང་ཐུབ་མིན་ལ་ཐུག་ཡོད། ཆོས་སྲིད་གཉིས་ཀ་གནམ་ས་ལྟ་བུའི་དབྱེ་འབྱེད་བྱེད་ཐུབ་ན་རྒྱ་ནག་གི་འགྲེལ་བཤད་དེར་གོ་རྒྱུ་ཡོད་ཀྱང་། དེ་ལྟར་མ་ཡིན་པར་དོན་དངོས་ཀྱི་ཐོག་ནས། ཆོས་སྲིད་གཉིས་ཀ་ཕ་རི་ཚུལ་རི་ལྟ་བུའི་ལྟོས་གྲུབ་འབའ་ཞིག་གིས་གྲུབ་ཡོད་པས་མེ་ཆུ་བཞིན་རྩ་བ་ནས་འགྲེལ་བརྗོད་བྱ་མི་ནུས་པ་ཡིན། ཆོས་སྲིད་ཟུང་འབྲེལ་ནི་བོད་ཀྱི་ནུས་པ་དང་ཟུངས་ཤུགས་གཉིས་ཀ་ཡིན་པས་མ་ཚད་རྒྱ་ནག་ལའང་དགོས་མཁོ་ཆེན་པོ་ཡོད་པའི་བསླབ་བྱ་ཞིག་ཏུ་གྱུར་ཡོད་པ་རེད།

སྣ་ཚོགས།

Post navigation

Previous Post: ས་སྐྱིད་པོ།
Next Post: གྲུབ་མཐའི་སྡོམ་ཚིག་ཤེས་རབ་སྒོ་འབྱེད་གསེར་གྱི་ལྡེ་མིག

Comments (18) on “བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལ་སྟ་རེ་ཕྱར་བ།”

  1. ཁྱི་རྒན། says:
    2013-07-04 at 6:46 am

    ཆོས་སྲིད་ཟུང་འབྲེལ་མི་དགོས་པ་རྒྱལ་བས་བཀའ་ཡང་ཡང་གནང་ཡོད། སོང་ཙང་རྒྱལ་བས་སྲིད་བཏེགས་མང་གཙོའི་དབུ་ཁྲིད་ལ་སྤྲད་པ་རེད། ལྟས་ངན་ཁྱོད་རང་སྲིད་དོན་བྱེད་འདོད་འདུག་ན་གཟན་ཤམ་ཕུད། མང་མང་ཉ་དང་ཉུང་མ་བསྲེས་ནས་བཤད་དགོས་མི་འདུག རྒྱལ་བས་བགྲེས་ཡོལ་ཞུས་པ་ནས་བཟུང་ཆོས་སྲིད་མཉམ་བསྲེ་དགོས་དོན་མེད།

  2. དབྱངས་ཅན་འབངས། says:
    2013-07-04 at 9:52 am

    ཆོས་སྲིད་ཟུང་འབྲེལ་གྱི་གོ་དོན་གང་རེད་དམ།

  3. ཨོ་རྒྱན་རིག་འཛིན། says:
    2013-07-04 at 10:45 am

    ཆོས་ཆོས་བཞིན་སྤྱོད་སྲིད་སྲིད་བཞིན་བསྐྱངས་ན་དེ་ལས་ཡག་ཙམ་གང་ན་ཡོད། འཛམ་གླིང་ཐོག་དམར་གཞུང་མང་གཙོ་ཚང་མ་ཆོས་སྲིད་ཟུང་འབྲེལ་བྱེད་
    མཁན་ཧ་ཀྱང་ཉུང་ཉུང་རེད། ང་ཚོ་བོད་ལ་མི་དགེ་བ་ཞིག་ཡོད་པ་དེ་ཆོས་སྲིད་ཟུང་འབྲེལ་བྱེད་ཡ་དེ་རེད། དེའི་ནང་ཁུལ་མི་མཐུན་པ་བཟོ་བ་དང་ཆབ་སྲིད་ཀྱི་ནུས་
    པ་ཉམས་རྒུད་དུ་གཏོང་གི་ཡོད། ད་ལྟ་ལྟོས་དང་བོད་ནང་རྒྱ་ལ་ངོ་རྒོལ་བྱེད་མཁན་དགེ་ལུགས་པ་མ་གཏོགས་རྙིང་མ་པདང་ བོན་པོ་ དཀར་རྒྱུད་པ་ ས་སྐྱ་པ་སོགས་
    རྒྱ་ལ་ངོ་རྒོལ་བྱེད་མཁན་ཧ་ཀྱང་ཉུང། དེའི་རྒྱུ་མཚན་ག་རེ་རེད་སྔོན་ཆོས་སྲིད་ཟུང་འབྲེལ་སྐབས་ཕན་ཚུན་འགལ་ཟླ་སོང་ནས་སླར་ཡང་དགེ་ལུགས་པའི་གཞུང་སླར་
    གསོ་བྱས་ན་གཞན་པ་དེ་ཚོ་སྔར་བཞིན་དཀའ་ངལ་འཕྲེད་དོག་ལ་འཇིགས་ནས་བོད་མི་ཚང་མ་སྡོག་རྩ་གཅིག་ཏུ་བསྒྲིལ་ཐུབ་ཀྱི་མེད་། ད་ཁྱེད་ཀྱི་དེ་འདྲ་མ་གསུང་
    ཐུགས་ཆེ།

  4. བློ་བཟང་། says:
    2013-07-04 at 11:11 am

    ༈ ཆོས་སྲིད་ཟུང་འབྲེལ་མཉམ་དུ་མི་ཡོང་། གང་ལ་ཟེར་ན་ཆོས་ལ་གྱོང་ཁ་རང་གི་ལེན་པ་དང་རྒྱལ་ཁ་གཞན་ལ་སྤྲོད་དགོས། སྲིད་ལ་རྒྱལ་ཁ་རང་གི་ལེན་གང་ཐོབ་དང་གྱོང་ཁ་གཞན་ལ་སྤྲོད་གང་ཐོབ་བྱེད་དགོས་པ་ཆོས་ཉིད་ཡིན་པས། ་༸གོང་ས་མཆོག་གིས་ཆོས་སྲིད་ཟུང་འབྲེལ་ཡོང་ས་མེད་པ་གཟིགས་ནས་སོ་སོར་འབྱེད་གནང་བ་རེད་མཁྱེན་པ་གནང་།

  5. ཀརྡོ་གཉེར་ཕྱག་པ་ says:
    2013-07-04 at 12:07 pm

    ཉེ་དུས་༸གོང་ས་མཆོག་གིས། ཆོས་དཔོན་གཅིག་གིས་སྲིད་བཟུང་བའི་ཆོས་སྲིད་ཟུང་འབྲེལ་གྱི་དུས་རབས་ཡོལ་ཟིན་ཙང་དེ་འདྲའི་ཆོས་སྲིད་མེད་ན་ལེགས་པ་དང་། ཡང་གང་ཟག་སྒེར་པ་སྲིད་དོན་པ་ཁོ་རང་གིས་ཆོས་ལ་དད་མོས་བྱས་ནས་དྲང་པོ་དང་ཡ་རབས་ཚུལ་མཐུན། སྙིང་རྗེ་དང་ལྷག་བསམ་རྣམ་དག་ཅིག་བྱུང་ན། དེ་འདྲའི་ཆོས་སྲིད་ཟུང་འབྲེལ་དེ་ཡོད་ན་ཡག་ག་གསུང་བགྱིད་འདུག་གོ །

  6. ཐུ་བ་རྒྱ་མཚོ། says:
    2013-07-04 at 12:43 pm

    གཅིག
    སེར་སྨད་བློ་དགས་རྩོམ་བྱང་ལ་ཕག་མགོ་ཞིག་བཏགས་ནས་རྩོམ་གཞུང་ལ་ཁྱི་གཟུགས་ཅིག་སྦྱར་འདུག

    གཉིས།
    གང་ཞིག་ཤོད་འདོད་པ་གསལ་ཁ་མེད་པའི་ཆོས་སྲིད་ཟུང་འབྲེལ་གྱིས་མིང་གིས་སྙད་པའི་ཚིག་སྐམ་ཞིག་ལ་ཞེན་ཆགས་བྱེད་ཀྱིན་ཡོད་པ་འདྲ།

    གསུམ།
    དུས་ལས་ཡོལ་པའི་ཟས་རྙིང་དེ་ཞིམ་པོ་ག་འདྲའི་ཡོད་ཀྱང་བསྐྱར་དུ་སྒྲོག་ཙེ་སྟེང་བསྒྲུག་ཐབས་མེད་པ་ཤེས་དགོས་རེད།

  7. རྔ་རྒྱལ། says:
    2013-07-04 at 12:56 pm

    མི་ཉུང་ཤས་ཞིག་གི་ཆབ་སྲིད་སྐོར་གླེང་མོལ་བཤད་པ་རི་བོང་ཅལ་འདྲོགས་པའི་དཔེར་ལྟར་རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་བྱིན་མིན་ཐད་ལ་སྐད་ཆ་མང་བོ་བཤད་པ་དེ་ རྒྱ་ནག་གི་འདོད་པ་སྒྲུབ་གི་མེད་འགྲོ་བསམ་པའི་ཚོར་སྣང་བྱུང་།
    ངས་དྲན་ཚོད་ལ་ཕྱི་ལོ་༡༩༣༢་ལོ་ཡིས་ནང་རྒྱ་ནག་གི་དམགས་འཁྲུགས་ཆེན་པོ་དེས་ནང་གི་གཡོ་རྒྱུ་རྣམས་ཀྱིས་དེབ་སྤྱོད་དེ་བོད་ཐོགས་ལ་སླེབ་ཚར་བ་འདྲ།
    རྒྱུན་མཚན་རྒྱ་ནག་གི་ཆོས་དོན་ལས་ཁོང་ནས་གསལ་བྱེད་བཤད་སྟང་དེ་དང་རྫོང་རིན་པ་ནས་བཤད་སྟང་གཉིས་པར་ལ་ཁྱད་པར་ཆེན་པོ་ཡོད་པ་མ་ཟད་ཨ་རིའི་ནང་དུ་རྒྱུག་ཁྱི་བོད་རིགས་ལས་བྱེད་ཅིག་གིས་བཤད་སྟང་དང་རྒྱ་ནག་སྐེམ་ས་ནས་འགྲེལ་ཚབ་པའི་བཤད་སྟང་སོགས་མང་བོ་ཡོད་པའི་འདི་མ་བྲས།
    ངས་རེ་སྐུར་བཤད་འདོད་པ་ནི་བཙན་བྱོལ་དང་དམངས་གཙོའི་ཁྱད་པར་མིན་ལ་དབུ་མ་དང་རང་བཙན་དེ་ལས་མིན། ངས་བསམ་པ་གཞུང་འཛིན་མི་སྣའི་དེ་རིང་བར་དུ་ཡོད་རབ་དང་འཇོན་རབ་བཤད་པ་སོགས་ཕྱི་ལ་སྟོན་རན་ཡིན་པ་མཐོང་བའི་ཆུ་ཆེན་པོ་ཡོད་མེད་ལ་མ་གཟིགས་པ་ཆུའི་ནང་དུ་འགྲོ་དགོས་བྱུང་ན་ཡང་འགྲོ་རིན་རེད།
    སྤྱི་སྒེར་སུ་ཡིན་རུང་འགྲོ་བ་མའི་མགོན་སྐྱབས་༸གོང་ས་སྐྱབས་མགོན་ཆེན་པོའི་མཛད་པ་དང་འཕྲིན་ལས་མ་ནེ་བཞིན་དུ་སྒྲང་ནས་མ་སྡོད་པར་ཨ་མའི་བུ་ལ་མཇོན་ཐང་ཡོད་ན་སློབ་ཆེན་སློབ་མ་འམ་རིགས་གཅིག་རྐང་འཛིན་མི་མང་དཀྱིལ་མ་སུ་ཡིན་རུང་རྫུན་གཏམ་དང་གཡོ་རྒྱུའི་འོག་དུ་མ་སོང་བར་བོད་མི་རིགས་གི་ཤེས་མཇོན་ཕྱོགས་གཅིག་དུ་སྐྱོད་རོག་ཞུ། ལྷགས་བསམ་དཀར་བོ་ཐོགས་ནས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་གཞོན་ནུའི་ལྷན་ཚོགས་བཅས་ནས་འགན་ལེན་གནང་རོགས་ཞུ།

  8. འོད། says:
    2013-07-04 at 1:07 pm

    གལ་སྲིད་ང་སེར་སྨད་བློ་དགའ་ལགས་ཡིན་ན། རྩོམ་ཡིག་འདི་འདྲ་འབྲི་བར་སེམས་གཏིང་ནས་ངོ་ཚ་ས་རེད། དཀོན་མཆོག་གསུམ། ད་ཅི་བྱ།།

  9. ཁྱི་རྒན། says:
    2013-07-04 at 11:23 pm

    མ་གཞི་ནས་ཆོས་པ་དེ་ཚོས་ཆོས་ཚུལ་བཞིན་བསྒྲུབས་ནས་རི་ཕུག་བྲག་ཕུག་འགྲིམས་མ་ཐུབ་ཡོང་དུས། སྲིད་དོན་སྤུ་སུག་བ་ཞིག་བྱེད་ནས་གྲོང་དུ་ཐོན། སྲིད་དོན་པ་ཚོས་སྲིད་དོན་རང་མགོ་ཐོན་པ་ཞིག་མ་འཇོན་ཡོང་དུས་ལག་ཏུ་འཕྲིན་མ་ཞིག་བཟུང་ནས་རང་ལས་གཞན་གཅེས་འཛིན་དགོས་ཚུལ་སྐྱོར་བཞིན་ཁང་ཕུག་ཏུ་འཛུལ། ད་དུང་གཞན་ཞིག་མཐོང་རྒྱུ་ཡོད་པ་ནི་ཆོས་པ་ཚོས་ཆོས་པའི་རང་ཚུགས་ཤོར་ནས་འཁོར་སློབ་འབངས་དང་སྐོར་གདུལ་བྱ་མེད་པར་གྱུར་ཚེ་སྲིད་དོན་མི་སྣ་བེད་སྤྱོད་ནས་དེ་དག་སླར་གསོ་ཐབས་བྱེད། སྲིད་དོན་པས་སྲིད་ཀྱི་ཐབས་བྱུས་ཡོད་ཚད་ཤོར་ནས་འོག་འབངས་ཀྱི་ཡིད་ཆེས་དང་བློ་གཏད་བརླགས་ཚེ་བླ་མའི་བཀའ་དང་དམ་ཚིག་སོགས་ཀྱིས་ཡང་ཡང་བརྡིར་ནས་མང་ཚོགས་ནོན་ཐབས་བྱེད། དེ་དང་དེ་ལ་སོགས་པ་ཆོས་སྲིད་ཟུང་འབྲེལ་གྱིས་ཟློས་གར་ནི་ཆེས་སྐྱི་ཡ་བ་ཞིག་རེད།

  10. བློ་བཟང་། says:
    2013-07-05 at 12:21 am

    ཁོང་གིས་སྟ་རི་རྒྱ་གཞུང་ལ་འཕྱར་བཞིན་འདུག་ན་ཁྱེད་ཚོ་དེ་ཙམ་མི་དགའ་བ་བྱེད་དོན་ཅི། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་དང། ཆོས་དེ་ཡང་ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་པ་རེད། རྩོམ་གྲོས་ལེགས་ཉེས་གང་ཡིན་རུང་།
    ཁ་འཁོག་མཐུན་མི་མཐུན་གང་ཡིན་རུང་། དོན་ངོ་མ་སྟ་རི་ཕྱར་དགོས་སར་འཕྱར་འདུག ང་ཚོ་བོད་པ་ཚོ་ད་བར་རྒྱན་བསྡུས་ཀྱི་དཔེར་བརྗོད་རྒྱག་པར་ཤིན་ཏུ་ནས་དགའ་བ་ཞིག་རེད། ཡིག་གཟུགས་ཡག་པོ་འདུག འོན་ཡང་དག་ཆ་འདི་ཞེས་པ་ལྟ་བུ་རྐྱང་གསུངས་ཞུགས་པ་རེད། ང་ཚོའི་མི་རིགས་ལ་ཆ་ཐམས་ཅད་ནས་འགྲིག་པ་ཞིག་རགས་མི་སྲིད་ཡིན་ནམ། ཀྱང་ཡང་འང་གསུམ་ལ་ཧ་ཅང་དགའ་བའི་ཕྱིར། དོན་ངོ་མ་དེ་འདྲ་མ་རེད་སྙམ། ཡིག་གཟུགས་ཡག་པོ་འདུག་ན་དེའི་ཆ་ནས་བསྟོད་ར་གཏོང་དང་། མ་མཐར་སེམས་ཤུགས་མི་ཆགས་པ་ཞིག་ཡོང་ངེས།

    ཆོས་སྲིད་ཟུང་འབྲེལ་ཡོང་ཐབས་མེད་པ་དང་། མ་གཞི་ནས་ཆོས་པ་དེ་ཚོས་ཞེས་སྡིགས་མོ་གཏོང་སྟངས་ལ་གཟིགས་ན་སྲིད་དང་ཡ་རབས་སྤྱོད་བཟང་དེ་ཡང་ཡོང་ཐབས་མེད་པ་རེད་དམ། སྟོབས་ཆེན་རྒྱལ་ཁབ་ཁ་ཤས་ནང་ཡ་རབ་སྤྱོད་བཟང་གི་ཕུངས་ནས་དཀའ་ངལ་གང་འདྲ་འདུག བོད་དེ་ཡང་དེ་བཞིན་འདོད་དམ། མ་ནས་ས་ཆེན་ཀུན་སྙིང་ནས། རིགས་པས་དཔྱད་ན་ཆོས་ལུགས་མི་གལ་ཞིང་། གསུངས་པ་མ་ཡིན་ནམ། སྔར་རྒྱ་གར་ན་ཅ་ན་ཀི་ཡ་ཞེས་པས་ཆོས་ཀྱི་བསླབ་བྱ་གཞིར་ཟུང་གིས་སྲིད་སྐྱོངས་ནས་རྒྱལ་ཁ་ལེན་པ་མི་ཐོས་སམ།

    གྱོང་ཁ་རང་གི་ལེན་པ་ཞེས་པ་ཆོས་པ་ཚང་མའི་དེ་དོན་གནང་དགོས་ཞེས་པ་གང་ན་འདུག ནང་ཆོས་འདི་དབང་པོ་རབ་འབྲིང་ཐ་གསུམ་དང། མོས་པ་མི་འདྲ་བ་ལ་སོ་སོར་གསུངས་ཡོད་པ་མཁྱེན་དགོས། དེང་སང་འཛམ་གླིང་ནང་ནང་པའི་གཞུང་ལ་མོས་པ་དང་དགའ་ཞེན་ཡོད་པ། ཡར་ཐོན་རྒྱལ་ཁབ་ཀྱི་མི་སྣ་གང་མང་དང་། ཆོས་ལུགས་ལ་ཡིད་ཆེས་མེད་མཁན་གང་མང་རེད། ང་ཚོའི་ནང་ནས་གཏོར་ཤིག་གཏོང་མཁན་གང་མང་རེད། ཡ་ཚན་པོ་རེད།

    ང་ཚོ་མི་ཞིག་དང་བོད་རིགས་ཡིན་པའི་ཆ་ནས་ཆོས་ལ་ངེས་པར་དད་མོས་མི་དགོས་ཀྱང་། ཡ་རབས་སྤྱོད་བཟང་དང་། རྒྱལ་ཁབ་ལ་ཞེན། མི་རིགས་ལ་གདུང་སེམས་མཉམ་སྐྱེ་དགོས་གལ་ཤིན་ཏུ་ནས་ཆེ། དེ་ལ་ཆོས་ཕྱོགས་ནས་གནོད་མི་སྲིད་དོ།།

  11. Lobsang says:
    2013-07-05 at 12:28 am

    ༸གོས་ས་མཆོག་གིས་ཆོས་སྲིད་སོ་སོར་འབྱེད་ནས་དགའ་ལྡན་ཕོང་བྲང་དང་བོད་མིའི་སྒྲིག་འཛུག་གཉིས་སོ་སོར་བཟོ་གནང་བ་རེད། ཆོས་པ་ཚོས་ཆོས་ཚུལ་བཞིན་བསྒྲུབས་ནས་རི་ཕུག་བྲག་ཕུག་དགོན་པར་བཞུགས་གནང་རྒྱུ་དང་།
    སྲིད་དོན་པ་མཉམ་གྲོང་དུ་མ་ཕེབས་ན་དགའ། དུས་རབ་ཉེར་ཅིག་ལ་ལྷ་དང་བླ་མའི་དམ་ཚིག་ཁར་ཁྱེར་ནས་སྲིད་དོན་མ་གནང་ན་དགའ། མངས་གཙོ་དང་མི་མཐུན། ཆོས་མི་མཁྱེན་མཁན་ཚོས་མགོ་འཁོར་རུ་མ་བཅུག་རོགས། ཆོས་སྲིད་ཟུང་འབྲེལ་བྱེད་ནས་ད་བར་གང་འདྲ་བྱུང་བསམ་བློ་གཏོང་དང་།

  12. བློ་བཟང་། says:
    2013-07-05 at 12:29 am

    ཁྱི་རྒན་རྩིག་ཟུར་ཀར་ན། མཆེ་བ་མི་གཙིགས་ཀ་མེད།

  13. ཁྱི་རྒན། says:
    2013-07-05 at 8:39 am

    ཧ་ཧ་་་་་་་བློ་བཟང་མིང་ཅན་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག ལར་ནས་བཤད་ན་སྤྱི་ཚོགས་སམ་མི་བུ་སྒེར་ངོས་ཅི་འདྲ་ཞིག་གིས་ཐད་ནས་བཤད་ན་འཚོ་བའི་ཁྲོད་བདེ་སྐྱིད་ཚད་ངེས་ཅན་ཞིག་ཐོབ་པ་ལ། བྱམས་བརྩེ་དང་གཞན་ཕན་སྤྱི་སེམས་སོགས་མེད་མི་རུང་བའི་དོན་ཆེན་ཞིག་ཡིན་པར་ཤེས་ཡོད། ཡིན་ནའང་དེ་དག་ཡོང་བ་ལ་ཆོས་ལུགས་ཀྱི་ར་བ་ངེས་ཅན་ཞིག་ནང་འཛུལ་དགོས་དོན་མེད། དེའི་ཕྱིར་༧གོང་ས་མཆོག་གིས་དེང་སང་ཆོས་ལུགས་དང་མ་འབྲེལ་བའི་མིའི་བཟང་སྤྱོད་ཐད་འབད་བརྩོན་གནང་བཞིན་པ་མཐོང་ཆོས་རེད། དེས་ན་བྱམས་བརྩེ་དང་ལྷག་བསམ་སོགས་བཟང་སྤྱོད་རིགས་ཚད་དང་བཅད་མཚམས་མེད་པར་གོང་མཐོར་གཏོང་འདོད་ན་ཆོས་ལུགས་དང་མ་འབྲེལ་བར་བྱས་ན་རླབས་ཆེ་ངེས་རེད། རྒྱུ་མཚན་ཆོས་ལུགས་ཐོག་ནས་བཟང་སྤྱོད་བཤད་ན་ཐིག་ངེས་ཅན་ཞིག་རང་བཞིན་གྱིས་ཁས་ལེན་སྔོན་འགྲོ་ཡིན་དགོས། དཔེར་ན་ཁྱོད་ཀྱི་ཡིད་ངོར་འཐད་ཆེ་བའི་ནང་པའི་ཆོས་ལུགས་ངོས་ནས་བཤད་ན་ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་ལ། དེ་དུས་ནས་དགེ་འདུན་ལ་སྐྱབས་སུ་སོང་ན་གྲོགས་མུ་སྟེགས་ཅན་དང་མི་འགྲོགས་པ་ཞེས་པས་དེ་ག་རང་སྤྱི་སེམས་དང་འཆམས་མཐུན་ལ་བཅོས་མི་ཐུབ་པའི་ནད་ཅིག་ཕོག་ཚར་བ་མིན་ནམ། དེ་དཔེར་བརྗོད་ཙམ་ཡིན།

  14. བློ་བཟང་། says:
    2013-07-05 at 5:29 pm

    འགྲིག་ཀ ངས་ཀྱང་ཚང་མ་ཆོས་ལུགས་ནང་ཞུགས་པར་མི་འདོད་པ་གོང་དུ་ཞུས་པ་བཞིན་རེད། མདའ་འབེན་ལ་འཕོག་ཐུབ་ན་ཡག་པོ་རེད།

    སྦེལ་ཀོབ་དང་མོན་གྷོར་མཚོན་ན། གཞོན་ནུ་དང་བུད་མེད་ཚོགས་པའི་གཙོས་ཚོགས་པ་ཆེ་ཆུང་ཚང་མའི་ཕྱི་ལ་ལས་འགུལ་ཞིག་སྤེལ་དགོས་ཚེ་གྲྭ་པ་ཨ་ནི་མེད་ན་ཅང་ཅང་རེད་དོ།

    ལར་ནས་བོད་ས་ནམ་འོག་ཏུ་ལྷུང་པའི་དུས་དེར་མགོ་རུལ་པ་རྣ་བའི་མི་ཚོར་བ་བཞིན་སུའི་སྡོད་འཕོད། ཡར་མི་མར་མིན་ཁྱེད་ལྟ་བུ་ཡིན་ན་ཅི་ཤེས་མ་གཏོགས་སེམས་ལ་རུས་པ་ཡོད་ན་ཟུག་དགོས་ཚོད་རེད་དོ།།

    ནམ་ཞིག་ཆོས་བྱེད་པ་ཚོ་རི་ཕུག་ན་ཞུགས་ཚེ་ཡང་མ་འགྲིག་མ་འཐུད་པ་ཞིག་བཤད་རྒྱུ་ཡོད་ལེ་རེད་ཨ་རོ། དེ་ཡང་དང་པོ་ཁྱེད་རང་གིས་བཤད་འགྲོ སྣང་བ་ཞིག་མ་འགྲོ་དུས་གང་བྱེད་ནའང་མི་མཐུན་པ་ཞིག་མཐོང་སྡད་པ་ཆོས་ཉིད་རེད་། དེ་ཚོ་དམིགས་ཡུལ་དང་རང་ལུགས་ཡོད་པའི་སྐད་ཆ་མ་རེད། ཚོར་བ་དང་སེམས་པའི་གཞན་དབང་རེད་ད།། ཆབས་སྲིད་པ་ཡིན་ནའང་རང་ལུགས་ཞིག་ཏན་ཏན་དགོས། འགྱུར་ལྡོག་མང་པོ་ཡོད་པའི་མི་ཞིག་མི་བྱ་རྒྱུ་རེ་བ་ཡོད།

  15. བློ་བཟང་། says:
    2013-07-05 at 5:44 pm

    འཛམ་བུ་གླིང་དེར་ཐིག་ངེས་ཅན་ཞིག་མེད་པའི་ས་ཞིག་དུ་འགྲོ་ས་ཡོད་ན་ང་ལ་ལམ་སྟོན་གནང་རོགས། ལྷག་པར་ང་ཚོ་བོད་པ་ཡིན་ན་དང་པོ་རང་གི་ལག་དེབ་ལ་གཟིགས་དང་དེས་ལན་ཞིག་སྤྲད། ཁྱེད་རང་སྐྱབས་འགྲོའི་བྲན་གཡོག་མིན་ནའང་གང་ལྟར་བྲན་གཡོག་ཞིག་ནི་རེད་འདུག ཐིག་ངེས་ཅན་ནང་ཚུད་ཚར་འདུག ད་གྲོགས་ངན་པ་དང་མ་འགྲོགས་ན་ཡག་ག་མ་གཏོགས་ཁྲིམས་ལ་སྦྱར་ཡོང་། རྒྱལ་ཁབ་ཀྱི་དཔོན་ལ་མི་འདོད་བཞིན་དུ་གུས་བཀུར་ཞུས་ན་མ་གཏོགས་གཏམ་ལ་གྱོང་རགས་ཡོང་། མཐའ་ན་ང་ཚོར་སྣུམ་འཁོར་ཁ་ལོ་པ་ཡན་ནས་སྡིགས་མིག་བལྟ་བཞིན་འདུག་པ་ཁྱེད་ཀྱི་བརྗེད་སོང་བ་ཡིན་ནམ། ང་ཚོར་མི་རིགས་ཀྱི་མཐོང་ཡོད་ན་སྐྱིད་དང་མ་སྐྱིད་ཀྱི་ཚོད་གཅིག་ཟིན་ས་ཡོད།

    ཨོ་འོ། Somalia ཞེས་པའི་རྒྱལ་ཁབ་ཞིག་འདུག་དེ་ཐིག་ངེས་ཅན་མེད་པ། ཁྲིམས་མེད་པ། དབང་སྟོབས་ཆེ་བས་དབང་བསྐུར་ནས་ཉམས་ཞན་པ་རྣམས་སྡུག་བསྔལ་གྱི་རྒྱ་མཚོ་ནང་ལྷུང་ནས་ཡོད་པ་དེ་འདྲ་ཞིག་ཡོད་པ་མ་གཏོགས།།།།།

    ཨ་དེ་འདྲ་རེད་མང་པོ་མི་བཤད་ཀྱིས་རྫོགས་མི་ཐལ།

  16. Lobsang says:
    2013-07-05 at 10:44 pm

    ༈ ཆོས་སྲིད་ཟུང་འབྲེལ་མི་ཡོང་པའི་རྒྱུ་མཚན། སྔོན་གྱི་ཆོས་རྒྱལ་རྣམ་དང་། གོང་ས་མཆོག་ལྟ་བུ་དགོས་པ་ལས་མ་འོངས་པ་ནང་ཁག་པོ་ཡིན་རྒྱུ་རེད་བསམ་པ་བྱུང་། ཆོས་དེ་ཆོས་རྐྱང་དང་སྲིད་དེ་སྲིད་རྐྱང་གནང་ན་དགའ། ཆོས་ཀྱིས་མི་རིགས་འཕེལ་རྒྱས་དང་སྤྱི་ཚོ་འཕེལ་རྒྱས་ལ་གནོད་པ་གསལ་པོ་རེད།

  17. བློ་བཟང་། says:
    2013-07-05 at 11:23 pm

    ཆོས་ཀྱི་མི་རིགས་འཕེལ་རྒྱས་ལ་གནོད་སྟངས་གང་ཡིན་ནམ། དེང་སང་བོད་པ་མི་སྐྱ། མི་རིགས་འཕེལ་རྒྱས་གཏོང་རྒྱུའི་ཆ་རྐྱེན་ཡོངས་སུ་རྫོགས་པ་ཚང་བ་དེ་ཚོས་རང་གི་ཕྲུ་གུ་བཟོ་རྒྱུར་མི་དགའ་བ་ཇི་ཙམ་ཡོད་མེ་བརྟག་ཞིབ་གནང་མྱོང་ངམ། བོང་རིགས་ན་གཞོན་སྐྱ་བོ་ནང་ཆང་ས་མི་རྒྱག་པ་ཇི་ཙམ་འདུག གཉེན་སྒྲིག་རྗེས་ནས་ཕྲུ་གུ་མ་བཟོས་པ་ཇི་ཙམ་འདུག ཡང་ན་ཕྲུ་གུ་གཅིག་ཙམ་མ་གཏོགས་མེད་པ་ཇི་ཙམ་འདུག མི་རིགས་བསམ་ན་ཁྱེད་རང་ཕྲུ་གུ་ ༡༢ བཟོས་དང་། ཕལ་ཆེ་བ་དེ་འཁྱིམ་ཚང་བསྐྱོང་རྒྱུ་དེ་ཨང་དང་པོ་མ་གཏོགས་བོད་མི་རིགས་ཨང་དང་པོར་རྩིས་མྱོང་མཁན་ཡོད་དམ། སྐད་བཅོར་རྒྱག་དགོས་ན་དང་ཐོག་ཐོབ་འཐང་ཡོད་མཁན་ཚོར་རྒྱོབ། མི་རེ་ངོ་རེ་ནས་མ་མཐར་ཕྲུ་གུ་དྲུག་རེ་འབོད་བསྐུལ་ཞུས་དང་ཧ་གོ་ཡོང། དོན་མེད་བསྐྱོན་བརྗོད་མ་བྱེད་ན་བཟང་།

    སྤྱི་ཚོགས་འཕེལ་རྒྱས་ལ་ཇི་ལྟར་གནོད། སྤྱི་ཚོགས་འཕེལ་རྒྱས་ཟེར་ན་ངོ་བོ་གང་འདྲ་ཞིག་ལ་འཛིན་དགོས། རྒྱ་ནག་པོ་ནང་བཞིན་དངུལ་བྱུང་ན་ཡོད་ཚད་རྡོ་བརྫི་གཏོང་ནས་འགྲོ་མཁན་ཞིག་དགོས་སམ། རྒྱལ་ཁབ་གྱི་ཁེ་ཕན་ཆེད་ཡོད་ཚད་ལ་གོ་སྐོར་གཏོང་མཁན་ཞིག་དགོས་སམ། དེ་དག་ནི་ཆོས་མེད་རིང་ལུགས་པ་ཚོས་ཀྱང་ནག་ཉེ་ལ་རྩི་བཞིན་ཡོད། འཛམ་གླེང་ནང་སྤྱི་ཚོགས་འཕེལ་རྒྱས་ཆེན་པོ་ཡོད་པའི་ནང་། འགྲོ་བ་མིའི་ཐོབ་འཐང་ཚོགས་པ། དུད་འགྲོ་བསྲུང་སྐྱོབས་ཚོགས་པ། ལྐོག་ས་རུལ་བསྲུང་བ་་ཚོར་ངོ་རྒོལ་ཚོགས་པ། སེམས་ནད་ཅན་ལ་སེམས་ཁམས་ཨེམ་རྗེ། ཉམས་ཐག་རོགས་བསྐྱོར་ཚོགས་པ་སོགས་ཇི་ཙམ་འདུག་ དེ་ཚོ་ཆོས་དང་གལ་འདུག་གམ། ཡང་ན་དེ་དག་མི་དགོས་པ་ཡིན་ནམ། བསམ་བློ་གཏོང་། སློབ་སྦྱོང་བྱེད། ཕྱི་ཁག་ལ་མང་ཙམ་བལྟ་ཐུབ་པ་གྱིས་དང་ཕན་ཐོག་ཡོད།

  18. ཁྱི་རྒན། says:
    2013-07-06 at 1:00 am

    བླ་མ་གྲྭ་པས་བོད་ཀྱི་བདེན་དོན་ཤ་ཞེན་སྙིང་ནས་ཡོད་ན་སྡོམ་དམ་ཚིག་སྲུང་བསླབ་པ་སློབ་གཉེར་བྱེད་དེ་བོད་རྒྱུད་སངས་རྒྱས་ཀྱི་བསྟན་པ་འཛམ་གླིང་ཡོངས་ཀྱི་སྤྱི་ནོར་དུ་གྱུར་པ་འདི་མ་ཉམས་པར་རྒྱུན་འཛིན་བྱེད་དགོས་པ་ལས། གཟན་འཕྲག་ཏུ་འཕེན། སྟོད་གོས་ལ་ཁྲག་རིས་བྲི། དཔུང་པ་གནམ་ལ་འཕྱར། གྲེ་བ་འགག་འགག་བར་དུ་སྐད་ངར་བྱེད་བཞིན་དུས་དུས་སུ་སྲང་ལམ་མྱུལ་ནས་ངས་སྲིད་བྱེད་འདོགས་དང་འཇོན་འདོགས་བྱེད། ཧ་ལམ་གྲྭ་པ་ཨ་ནེ་མེད་ན་བོད་དོན་རྩོད་མཁན་མེད་པའི་ཟོལ་འདྲ་བཤད་ཅིང་སེམས་བསྡད་མཁན་བློ་བཟང་ཁྱོད་དང་ཁྱོད་འདྲ་བའི་མི་བུ་དག་ལ་ནི། ངས་ཅི་དགོས་ཤེས་ལ་འདི་དགོས་མི་ཤེས་པའི་མིའི་ལུས་ལ་བ་ལང་གི་རྣམ་ཤེས་ཞུགས་པ་ཞིག་རེད་ཟེར་ན་ཐལ་དྲགས་མེད། ཧ་ཧ་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme