Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བུ་འདོད་ཕ་མའི་རྒྱུན་ཤེས།

Posted on 2010-10-02 By ཁ་བརྡ་ 11 Comments on བུ་འདོད་ཕ་མའི་རྒྱུན་ཤེས།

བློ་བཟང་ཆོས་འཕེལ་གྱིས་
————–

B B C གསར་ཁང་གི་སྡོམ་ཚིག་ལྟར་ན་ཉིན་རེར་འཛམ་གླིང་འདིར་ཕོ་མོའི་ལུས་འབྲེལ་བྱེ་བ་གཅིག་ལྷག་བྱེད་ཀྱིན་ཡོད་པ་ལ་བརྟེན་ནས་ཕྲུ་གུ་གྲངས་བཞི་འབུམ་རེ་སྐྱེ་བཞིན་ཡོད་སྐད་བསྒྲགས་འདུག་ཀྱང་། ཁྱིམ་ཚང་ཞིག་ལ་མཚོན་ན་ལུས་དབང་ཡན་ལག་དང་བཅས་པ་ཐང་པོ་ཡོད་པའི་ཕྲུ་གུ་རེ་སྐྱེ་བ་ནི་ཧ་ཅང་རེ་བ་ཆེན་པོ་བྱེད་ཡུལ་ཞིག་ཡིན། མ་ཟད་ཕྲུ་གུ་ཆགས་མ་ཐུབ་པ་དང་། ཡང་ན་སྐྱེས་ཀྱང་སོ་སོའི་རེ་འདུན་དང་མི་མཐུན་པར་བུ་ལས་བུ་མོ་མི་སྐྱེ་བ་དང་བུ་མོ་ལས་བུ་མི་སྐྱེ་བ། ཞ་ལོང་ལྟ་བུ་དབང་པོ་ཡན་ལན་མ་ཚང་བ་དང་སྐྱོན་ཅན་སྐྱེ་བ་སོགས་ཕྲུ་གུ་སྐྱེད་བསྲིང་བྱེད་པའི་ཐད་སེམས་འཚབ་དང་དཀའ་ངལ་མང་པོ་ཞིག་ཡོང་དང་ཡོད་བཞིན་པར་བརྟེན་དེའི་རིགས་ལ་དཔྱད་གཞི་ལྟ་བུར་དམིགས་ནས་བོད་ལུགས་གསོ་རིག་དང་མི་འགལ་བའི་རང་ལུགས་གཙོར་བཟུང་གིས་གཞན་ལུགས་ཀྱི་སྤྲོས་པ་དོར་ཏེ་ཚིག་ཉུང་དོན་བསྡུས་གང་ཐུབ་བྱས་ཏེ་བྲི་བ་ལ།

དང་པོ། ཕ་མའི་འོས་ཆོས།

ཕོ་ལོ་བཅུ་དྲུག་ལོན་དགོས་ཀྱང་མ་མཐའི་ལོ་ཚད་འདི་ཡིན་ཞེས་གཅིག་གྱུར་གྱི་ཚད་བཀག་མེད། མོ་ལོ་བཅུ་གཉིས་ནས་ལྔ་བཅུ་བར་གྱི་དར་མ་ཡིན་དགོས། དེའི་དོན་གཙོ་བོ་ནི་ཕོ་མོ་སུ་ཡིན་ཡང་ལུས་ཟུངས་དང་དབང་པོའི་ནུས་པ་མ་ཉམས་པའི་དར་མ་ཡིན་པ། རྒྱུན་པར་ཟས་སྐོམ་བཟའ་བཏུང་དང་མྱགས་བཞུ་དྭངས་གསུམ་ལ་དཀའ་ངལ་མེད་པར་བཤང་གཅི་སྐ་སླ་སོགས་ཚུལ་བཞིན་དུས་སུ་འབབ་པ་མ་ཟད་ལུས་ངག་ཡིད་གསུམ་བྱ་བ་གང་ལའང་བརྩོན་ནུས་དང་ལྡན་པའི་ཐ་མལ་ནད་མེད་ཡིན་དགོས། ཁྱད་པར་དུ་རིགས་རྒྱུད་སྤེལ་ནུས་པའི་རྟགས་སུ་ཕའི་ཁུ་བ་དེ་མདོག་སྦྲང་རྩི་ལྟར་དཀར་ཞིང་འོད་འཚེར་བ། ངོ་བོ་ལྕི་ཞིང་རོ་བསྐ་མངར་དང་ལྡན་པ། བུངས་ཚད་ཀྱང་མང་དུ་འབྱུང་བ་བཅས་དང་། དེ་བཞིན་མའི་ཟླ་མཚན་ཡང་སྐབས་རེར་རྒྱ་སྐེགས་ཀྱི་ཁུ་བ་ལྟར་སྨུག་ལ། སྐབས་རེར་རི་བོང་གི་ཁྲག་དང་འདྲ་བར་དམར་བོ་ཡིན་པ་ལ་ངོ་བོ་དྭངས་ཤིང་གོས་ལ་འགོས་པ་ཆུ་གྲང་གིས་བཀྲུས་ན་ཁྲག་གི་ཤུལ་མེད་པར་དག་པར་འགྱུར་བ་བཅས་ཀྱི་རྟགས་དང་ལྡན་པ་སོགས་དེ་ལྟ་བུའི་ཁུ་ཁྲག་གཉིས་ནི་ཉེས་པ་རླུང་མཁྲིས་སོགས་ཀྱིས་སྐྱོན་དང་བྲལ་བ་ཡིན་ལ་དེ་གཉིས་འཛོམས་ན་མངལ་ཆགས་པའི་ས་བོན་ཚུལ་བཞིན་བྱེད་ཐུབ། དེ་ལས་ལྡོག་པའི་ཁུ་ཁྲག་སྐྱོན་ཅན་ནི།

རྒྱུད་ལས། ཁུ་ཁྲག་རླུང་གིས་རྩུབ་ནག་རོ་བསྐ་ལ།། མཁྲིས་པས་རོ་སྐྱུར་མདོག་སེར་དྲི་མ་མནམ།། བད་ཀན་སྐྱ་འབྱར་རོ་མངར་བསིལ་བ་སྟེ།། ཁྲག་གིས་རུལ་ཏེ་བད་རླུང་དུམ་བུར་ཆད།། ཁྲག་མཁྲིས་རྣག་འདྲ་བད་མཁྲིས་མདུད་པ་ཅན།། རླུང་མཁྲིས་སྐམ་ཞིང་འདུས་པ་བཤང་གཅི་འདྲ།། འདི་དག་སྐྱོན་རེས་ས་བོན་བྱེད་མི་ནུས།། ཞེས་གསུང་བ་ལྟར་རང་ཉིད་ཀྱི་ཁུ་ཁྲག་སྐྱོན་ཅན་ཡིན་ན་སྔོན་དུ་སྨན་པར་བསྟེན་གཏུགས་ཀྱིས་བཅོས་ཐབས་གནང་དགོས་པ་ལས་གང་བྱུང་སྣང་མེད་བྱས་ན་མངལ་མི་ཆགས་ཐུབ། མ་ཟད་འབྱུང་ལྔ་སོ་སོའི་ཆ་ཤས་ཡོངས་སུ་མ་སྙོམས་པ་སོགས་ཉེས་པའི་སྟོབས་ཀྱིས་མངལ་ཆགས་ཀྱང་མིའུ་ཐུང་དང་། ཞ་ལོང་སོགས་གཟུགས་མི་སྡུག་པ་ཇི་སྙེད་གཅིག་སྐྱེས་དང་སྐྱེ་བཞིན་ཡོད་པས་ངེས་པར་ཕ་མ་སོ་སོས་འཕྲོད་བསྟེན་ལ་བརྟག་དཔྱད་དང་ཡིད་གཟབ་བྱ་དགོས། དེ་མིན་གནད་དོན་གཞན་ཞིག་ལ་ཕ་མ་རང་ཉིད་དང་བསོད་ནམས་མཉམ་པའི་ཕྲུ་གུ་སྐྱེ་བ་ཤུགས་ཆེ་བས་བྱམས་སྙིང་རྗེ་བྱང་སེམས་ཀྱི་རྩིས་ཟིན་པའི་ཚོགས་གསོག་དགེ་སྒྲུབ་བྱེད་རྒྱུ་ཡང་རྨོངས་དད་དང་སྐབས་འདིར་འབྲེལ་འབྲས་མེད་པ་ཞིག་མིན་པས་རྒྱུན་པར་ཕ་མ་རང་ངོས་ནས་དོ་སྣང་བྱ་གལ་མཐོང་།

གཉིས་པ། འདོད་པ་བསྟེན་པའི་དུས།

ཟླ་མཚན་འབབ་ཉིན་ནས་བཟུང་ཞག་བཅུ་བཞིའི་རིང་གི་དང་པོའི་ཞག་གསུམ་ལ་ཟླ་ཁྲག་འབབ་བཞིན་པའི་དུས་ཡིན་པས་བུ་མི་ལེན་པ་མ་ཟད་སྐབས་དེར་འཁྲིག་པ་སྤྱད་ན་ཕ་མ་གཉིས་ཀྱི་ལུས་ལ་གནོད་ཆེ། མ་ཟད་ཟླ་མཚན་ཕྱིར་བབས་ཟིན་ནས་ཞག་བཅུ་གཅིག་གི་རིང་ལ་ཡང་བུའི་ས་བོན་ཁམས་དམར་དེ་གསོག་བཞིན་པའི་སྐབས་ཡིན་པས་མངལ་ཆགས་མི་ཐུབ། དེ་ནས་བརྩིས་པའི་ཞག་བཅུ་གཉིས་ཀྱི་རིང་ལ་བུའི་ས་བོན་ཁམས་དམར་དེ་ཤེད་ཡོངས་སུ་རྫོགས་ཤིང་སྨིན་པའི་དུས་ཡིན་པས་རིགས་རྒྱུད་འདོད་པའི་ཕ་མ་གཉིས་ཀྱིས་སྐབས་འདིར་ཟས་སྤྱོད་ལེགས་པར་བསྟེན་ཞིང་། ཁྲུས་དང་གཙང་སྦྲ་བྱས་ཏེ་འདོད་པ་བསྟེན་པའི་ཆོ་ག་ཚུལ་བཞིན་དུ་སྤྱད་དགོས། དུས་དེ་ཡོལ་བའི་རྗེས་སུ་འཁྲིག་པ་སྤྱད་ཀྱང་མངལ་ནང་ཁྲག་རོ་བསགས་པ་དེ་མང་དུ་སོང་ནས་ཞག་བཞི་ལྔའི་རྗེས་སུ་ཕྱིར་བརྡོལ་རན་པས་ཁུ་བ་དེ་མངལ་དུ་འཛིན་པའི་ནུས་པ་ཡོངས་སུ་བྲལ་ཞིང་ཕྱིར་དོན་པར་འགྱུར་བ་མ་ཟད། དཔེར་ན་ཉི་མར་བསྟེན་ནས་ཁ་འབྱེད་པའི་མེ་ཏོག་པདྨའི་ཁ་ཉི་མ་ནུབ་པ་དང་ཟུམ་འགྲོ་བ་བཞིན་དུ་ཞག་གྲངས་བཅུ་གཉིས་པོ་འདས་ནས་བུད་མེད་མང་ཆེ་བའི་མངལ་ཁ་ཟུམ་པར་འགྱུར་བ་ཡང་ཡིན། རག་རྡོ་བློ་བསྟན་མཆོག་གིས། མངལ་ཆགས་པའི་སྐོར་གྱི་ཞག་གྲངས་རྣམས་ནི་ཚེས་ཞག་གཙོ་བོ་བྱེད་པ་ཡིན་ཏེ། ནང་གི་ཁམས་དཀར་དམར་གྱི་འཕེལ་འགྲིབ་བཞིན་ཟླ་བ་འཕེལ་འགྲིབ་བྱེད་པའི་ཕྱིར། དེས་ན་ཚེས་ཞག་གི་ཟླ་བ་སོ་གསུམ་ལ་ཉིན་ཞག་གི་ཟླ་བ་སོ་གཉིས་ལས་མེད་དོ།། ཞེས་གསུང་བ་ལྟར་ཚེས་ཞག་བརྒྱད་ལ་ཉིན་ཞག་བདུན་ལྷག་ཙམ་ལས་མེད་པས་བརྩི་སྟངས་ལ་ཁྱད་པར་ཕྲན་བུ་ཡོད། མདོར་ན། ཟླ་མཚན་འབབ་ཉིན་ནས་བརྩིས་པའི་ཞག་གྲངས་བཅུ་བཞིའི་རྗེས་ཀྱི་ཞག་གྲངས་བཅུ་གཉིས་དེ་ནི་རིགས་རྒྱུད་སྤེལ་བར་འདོད་མཁན་དག་གི་རེ་བ་མངོན་འགྱུར་ཡོང་བའི་དུས་ཚོད་གཙོ་བོ་ཡིན། ད་དུང་འཁྲིག་པ་སྤྱོད་སྟངས་ལ་སྦྱོར་དངོས་ཀྱི་ལས་སྣ་ཚོགས་ཤིག་ཡོད་པ་ལྟར་མཁས་དབང་དགེ་ཆོས་ཀྱི་འདོད་བསྟན་སོགས་སུ་གཟིགས་ནས་ཇི་ལྟར་བུ་ཆགས་པའི་ཐབས་སུ་འབད་རིགས་པ་ཡིན་ནོ། །

གསུམ་པ། འདོད་མོས་ལྟར་ཕྲུ་གུ་ཕོ་མོ་བཟོ་ཐབས།

མངལ་དུ་ཕ་མ་གཉིས་ཀྱི་ཁུ་ཁྲག་ལྷན་གཅིག་ཏུ་ཚོགས་པ་དེའི་ཚེ་བུའི་རྒྱུར་འགྱུར་བའི་ཁུ་བའི་ཆ་མང་ན་བུ་ཕོ་རུ་སྐྱེ་བར་འགྱུར་ལ། ཟླ་མཚན་དེ་བུ་མོར་འགྱུར་བའི་ཁུ་བའི་ཆ་མང་ན་བུ་མོར་སྐྱེ་བར་འགྱུར་ཞེས་གསུང་བ་ལྟར་གཙོ་བོ་ཐོག་མའི་ལུས་ཁུ་ཁྲག་གི་ཚོགས་རྡུལ་དེའི་ངོ་བོ་དང་། དེ་བཞིན་བར་དོའི་རྣམ་ཤེས་དེའི་ལས་དབང་དང་འབྲེལ་བ་ཆེ་ཞིང་མཐུན་པའི་རྒྱུ་ཚོགས་མང་པོ་འཛོམས་དགོས་པས་མཐའ་གཅིག་ཏུ་བཤད་ཐུབ་པ་ཞིག་མིན།

ལྷག་དོན་རྒྱུད་ལས། ཐ་མལ་རྟེན་གྱི་རྩ་རྒྱུད་རྣམ་གསུམ་ནི།། ཕོ་རྩ་མོ་རྩ་བྱང་ཆུབ་སེམས་རྩ་གསུམ།། ཕོ་ཡི་རྩ་ནི་སྦོམ་ལ་རགས་པར་འཕར།། མོ་ཡི་རྩ་ཡི་ཕྲ་ལ་མྱུར་བར་འཕར།། བྱང་ཆུབ་སེམས་རྩ་རྒྱུད་རིང་འཇམ་ལ་མཉེན།། ཕོ་ལ་མོ་རྩ་བྱུང་ན་ཚེ་རིང་ཞིང་།། མོ་ལ་ཕོ་རྩ་བྱུང་ན་བུ་དཔལ་ཆེ།། གཉིས་ཀར་བྱང་ཆུབ་སེམས་དཔའི་རྩ་བྱུང་ན།། ཚེ་རིང་ནད་དཀོན་ཡས་བྱམས་མས་སྡང་སྟེ།། དྲུང་གསུམ་དགྲར་ལྡང་མཐའ་ཕུགས་རབས་ཀྱང་ཆད།། ཕོ་རྩ་ནང་ཕྲད་ཕར་ཆེར་བུ་མང་སྟེ།། མོ་རྩ་ནང་ཕྲད་བུ་མོ་ཕར་ཆེར་མང་།། བྱང་ཆུབ་སེམས་རྩ་ཕོ་མོ་གང་ཕྲད་པ།། དེ་ཡི་དབང་གིས་གཅིག་འབྱུང་དེ་ནས་མིན།། ཞེས་གསུང་བ་ལྟར་རྒྱུན་རྩ་བྱང་ཆུབ་སེམས་རྩའམ་མ་ནིང་གི་རྩ་ཡིན་པའི་ཕོ་མོ་གཉིས་བཟའ་ཟླ་བྱས་ན་རིགས་རྒྱུད་སྤེལ་མི་ཐུབ། དེའི་ཕྱིར་སྤྱི་ཚོགས་དང་ཕ་མ་སུ་ཡིན་ཡང་སོ་སོའི་ཕྲུ་གུ་དེའི་རྒྱུན་རྩ་གང་ཡིན་ཆུང་དུས་ནས་སྨན་པར་དྲིས་ཏེ་ཧ་གོ་བ་བྱེད་ཅིང་དེ་མཐུན་གྱི་བཟའ་ཟླ་འཚོལ་རྒྱུ་ཡང་རིགས་རྒྱུད་སྤེལ་བའི་གནད་དོན་དང་འབྲེལ་བ་ཆེ། དེ་ཙམ་མ་ཟད་བག་རྩིས་ཚད་ལྡན་བྱས་ཏེ་ལུས་སྲོག་དབང་ཀླུང་གི་འབྱུང་བ་མཐུན་པའི་རིགས་དང་གཉེན་བསྒྲིག་དགོས་པ་སོགས་མདོར་ན་རིགས་རྒྱུད་ཕོ་མོ་རང་འདོད་ལྟར་སྤེལ་རྒྱུ་ནི་རྒྱུ་རྐྱེན་སྣ་མང་འཛོམས་དགོས་པ་ཞིག་ཡིན་པས་མཐའ་གཅིག་ཏུ་བཤད་མི་ཐུབ་ཀྱང་། འདོད་པ་བསྟེན་པའི་ཞག་གྲངས་ལ་ཁྱད་པར་ཡོད་དེ། ས་བོན་ཁམས་དམར་དེ་མ་སྨིན་པའི་ཞག་བཅུ་བཞི་ཡོལ་ནས་བརྩིས་པའི་ཞག་དང་པོ་དང་། གསུམ་པ། ལྔ་པ། བདུན་པ། དགུ་པ་བཅས་སུ་འཁྲིག་པ་སྤྱད་ན་བུ་ཕོར་འགྱུར་བ་དང་། དེ་བཞིན་ཞག་གཉིས་པ་དང་། བཞི་པ། དྲུག་པ། བརྒྱད་པ་རྣམས་སུ་འཁྲིག་པ་སྤྱད་ན་བུ་མོར་འགྱུར་བར་ཡིན་ཏེ། རྒྱུད་ལས། གཅིག་གསུམ་ལྔ་བདུན་དགུ་ལ་བུར་འགྱུར་ཏེ།། གཉིས་དང་བཞི་དྲུག་བརྒྱད་པར་བུ་མོར་འགྱུར།། ཞེས་གསུངས་པས་སོ། ད་དུང་བུ་མོ་བུར་འགྱུར་བའི་ལྟེ་བསྒྱུར་གྱི་ལག་ལེན་ཞིག་ཡོད་ཀྱང་སྐབས་འདིར་དགོས་གལ་མ་མཐོང་བས་རེ་ཞིག་བཞག

བཞི་པ། མངལ་ཆགས་པའི་རྟགས།

གོང་དུ་ཇི་སྐད་བཤད་པའི་ས་བོན་དང་བར་སྲིད་ཀྱི་རྣམ་ཤེས་གཉིས་ལྷན་དུ་མངལ་ནང་ཆགས་ཤིང་གནས་ཡོད་པའི་རྟགས་སུ། ཕོ་མོ་གཉིས་འཁྲིག་པར་ཞུགས་པ་ལས་བྱུང་བའི་ས་བོན་དེ་ཉིད་མངལ་གྱི་ནང་བཟུང་ནས་ཕྱིར་མི་འབྱུང་བ་དང་། དེས་བུད་མེད་དེ་རེ་ཞིག་འདོད་པ་ནམ་རྒྱུན་ལས་ངོམ་ཆེ་ཞིང་ཚིམ་པ་དང་། གློ་བུར་དུ་བྱ་བ་གང་ཡང་བྱེད་མི་སྤྲོ་བར་ལུས་སྙོམ་པ་དང་སྔར་ལས་ལུས་ལྕི་ཞིང་དུབ་པ། ཡན་ལག་རྣམས་འདར་བ། སྙིང་རྩའི་འཕར་གྲངས་ཅུང་མགྱོགས་སུ་འགྲོ་བ། ལུས་ཀྱི་བ་སྤུ་ལྡང་བ་སོགས་ཀྱི་མངོན་རྟགས་ཡོང་ཞིང་དེ་དུས་མངལ་དུ་བུ་ཆགས་ཡོད་པས་ཚད་ལྡན་སྨན་པར་བསྟེན་གཏུགས་ཀྱིས་སྨན་པའི་ངག་བཞིན་མ་བུ་བདེ་ཐང་གི་ཟས་སྤྱོད་བསླབ་བྱ་སོགས་བདུན་ཕྲག་སོ་བརྒྱད་འདས་ནས་དངོས་སུ་མ་བཙས་བར་ཚུལ་བཞིན་ཉམས་ལེན་དང་སྤང་བླང་བྱེད་གལ་ཧ་ཅང་ཆེ།

ལྔ་བ། མཇུག་བསྡུ་བ།

རྩོམ་ཐུང་འདི་མི་དམངས་དཀྱུས་མའི་གྲས་ཀྱི་ཕ་མ་རིགས་རྒྱུད་འདོད་མཁན་ཚོར་ཆེད་དམིགས་ཀྱིས་དཔྱད་གཞིར་བྲིས་པའི་ཁུལ་ཡིན་པས། དེ་དག་གི་ངོར་གང་འཚམ་པ་གཙོར་བཟུང་བྱས་པ་ལས་ཁམས་དཀར་དམར་གྱི་གནས་སྟངས་དང་ཕྱིར་འབྱིན་ཚུལ། བར་དོའི་རྣམ་ཤེས་མངལ་དུ་ཇི་ལྟར་འཇུག་ཚུལ་སོགས་ཕྲ་བའི་གནད་གང་ཡང་བཤད་ཐབས་ལ་འབད་མེད། ལྷག་པར་མངལ་ཆགས་པའི་དུས་ཚོད་ངོས་འཛིན་གྱི་འགྲེལ་བཤད་ལྟ་བུར་མཚོན་ན་རྒྱུད་འགྲེལ་མང་པོ་དང་། རྩོམ་ཡིག་འདྲ་མིན་ནང་མ་འདྲ་བ་མང་པོ་ཡོད་ཀྱང་ཐེངས་འདིར་དོན་དངོས་རྒྱུ་མཚན་གྱིས་ཕྱུག་ཤོས་སུ་མཐོང་བ་དྲང་སྲོང་ཞལ་ལུང་རང་ལུགས་བཞིན་བྲིས་པ་ལས་གཞན་དག་ལ་དགག་སྒྲུབ་དང་དཔྱད་པ་ཅི་ཡང་མ་བྱས་པ་འདི་ཡང་གཙོ་བོ་གང་དུ་དམིགས་པའི་ཡུལ་གཙོར་བཟུང་བྱས་པའི་ཁུལ་ཡིན། ཡང་རྒྱུ་མཚན་གཞན་ཞིག་ལ་ཁ་བརྡ་དྲ་ཚིགས་སོགས་སུ་བོད་ལུགས་གསོ་རིག་གི་ཆེད་ལས་སྨན་པ་དང་སྨན་སློབ་མེད་པ་ལྟ་བུའི་ཉུང་བ་དང་། ཚིག་ཚོགས་མང་དྲགས་ན་དྲ་ངོས་འདིའི་རྩོམ་ཡིག་གི་ཁྱད་ཆོས་བཀླགས་འགྲོ་བ་མ་ཟད་ཀློག་མཁན་ལའང་ཉོབ་སྣང་སྟེར་བར་སྐྲག་ནས་གང་བསྡུས་རོབ་བཤད་འདི་ཙམ་བྱས་པ་ཡིན།

སྨྲས་པ།

རྗེ་གཡུ་ཐོག་བླ་མའི་དགོངས་པ་བཞིན།།

བོད་ཕ་མ་འབྱོར་མེད་དཀྱུས་མ་ཚོར།།

ཅུང་ཕན་ན་སྙམ་ནས་བྲིས་འདིས་ཀྱང་།།

གཞན་འགྲོ་དོན་ཅུང་ཞིག་འགྲུབ་གྱུར་ཅིག།

ཅེས་བློ་བཟང་ཆོས་འཕེལ་གྱིས་གུས་ཕུལ།

རྩོམ་རིག

Post navigation

Previous Post: ཁུ་ཁྲག་མེ་རུ་འབར་བའི་རྨི་ལམ།
Next Post: སང་ཉིན་ལས་ཀ་དེ་རིང་ཚགས་སུ་ཚུད་པར་གྱིས།

Comments (11) on “བུ་འདོད་ཕ་མའི་རྒྱུན་ཤེས།”

  1. གཞོན་ནུ་ཟླ་མེད། says:
    2010-10-02 at 4:05 pm

    རྒྱུན་ཤེས་ཡག་པོ་བྲིས་འདུག རྐང་པ་དང་ལག་པའི་མཐེ་བོང་བཞི་ཆ་སྟོན་གྱི་ཡོད་དོ།

  2. འཇིགས་མེད་བཀྲ་་་་ཤིས། says:
    2010-10-03 at 1:30 am

    འདི་རིགས་སྤྱི་ཚོགས་ནང་དངོས་སུ་ཕན་ཐོགས་ཡོད་པས་ལེགས། བཟའ་ཚང་སྤྱི་དང་ལྷག་པར་བུད་མེད་ཚོས་ཤེས་རྒྱུ་གལ་ཆེ་བས། བུད་མེད་ཚོགས་པས་འདི་རིགས་ཁྱབ་བསྒྲགས་ལྟ་བུ་བྱས་ནའང་མི་རུང་བ་མེད་སྙམ་པས། རྩོམ་པ་པོས་འདི་བུད་མེད་ཚོགས་པར་གཅིག་བསྐུར་རོགས་གྱིས།

  3. དབང་འདུས། says:
    2010-10-04 at 1:31 am

    མངལ་སྦྲུམ་སྟངས་འདི་གསང་བ་ཆེན་པོ་ཞིག་རེད། འདིས་སྐྱེ་བ་སྔ་ཕྱི་དང་ལས་འབྲས་སོགས་ལྐོག་གྱུར་གྱི་གནས་ལུགས་མང་པོ་ཤེས་པ་ལ་ཕན་ཆེ་བས་བརྗོད་གཞི་འདིར་བགྲོ་གླེང་གནང་འོས་སུ་མཐོང་།

  4. བློ་བཟང་ཆོས་འཕེལ། says:
    2010-10-04 at 2:53 am

    རྒྱུད་ལས།
    དང་པོ་ཕ་མའི་ཁུ་ཁྲག་སྐྱོན་མེད་པ།།
    རྣམ་ཤེས་ལས་དང་ཉོན་མོངས་ཀྱིས་བསྐུལ་ནས།།
    འབྱུང་ལྔ་ཚོགས་པ་མངལ་དུ་ཆགས་པའི་རྒྱུ།།
    དཔེར་ན་རྩུབ་ཤིང་དག་ལས་མེ་འབྱུང་མཚུངས།། ཞེས་གསུངས་ཡོད། འདི་མཆན་ལ་དག་མཆན་ཐོབ་ཆེད་ཙམ་དུ་བྲིས་པ་ཡིན། ང་ནང་ལ་ཐར་གྱི་མི་འདུག

  5. དོལ་སྨྱོན། says:
    2010-10-04 at 11:25 am

    འདིའི་སྐོར་ལ་དོ་སྣང་བྱེད་རྒྱུ་གལ་ཆེན་དུ་མཐོང་
    རང་རེ་རྣམས་ནི་སྐྱེ་བ་སྔ་ཕྱི་ཡོད་ཤག་བྱེད་མཁན་ཞིག་ཡིན་དུས་
    འདིའི་སྐོར་ཡག་པོ་ཞིག་ཤེས་པ་ཡིན་ན་ སྐྱེ་བ་སྔ་ཕྱིའི་གནས་སྟངས་ཤེས་པ་ལ་ཕན་ཐོགས་ཆེན་པོ་ཡོད་ངེས་རེད་
    དོན་གྱིས་སྟོང་བའི་རྩོམ་རྙོགས་དག་ལ་མགོ་བོ་འཁོར་བ་ལས་ ནང་ཆོས་དང་གསོ་རིག་ལ་སྦྱང་ཆ་ཆེ་བའི་མི་བུ་དག་གིས་འདི་ལྟ་བུའི་རྩོམ་ཡིག་གང་མང་སྤེལ་ན་ཕན་པ་ཆེན་པོ་ཡོད་པའི་སྟེང་ ཁ་བརྡའི་རྩོམ་ཡིག་གི་བརྗོད་བྱ་ཡང་ཕུན་སུམ་ཇེ་ཚོགས་སུ་འགྱུར་ངེས་རེད།

  6. བློ་བཟང་ཆོས་འཕེལ། says:
    2010-10-04 at 12:20 pm

    གཞོན་ནུ་ཟླ་མེད་ལགས་ཀྱིས་བཀླགས་འདུག་པས་སྤྲོ་བོ་བྱུང་། ཁྱེད་ནི་ཤེས་བྱ་སྣ་མང་ལ་དོ་སྣང་དང་རྒྱུས་མངའ་ཅན་ཞིག་ཡིན་པའི་ངོས་འཛིན་དང་འབྲེལ་གུས་ཞབས་ཡོད།

    དེ་བཞིན་འཇིགས་མེད་བཀྲིས་ལགས་ཀྱིས་ཀྱང་ངའི་རྩོམ་ཁྱོག་དེར་མཐོང་ཆེན་གྱིས་བུད་མེད་ཚོགས་པ་ལ་བསྐུར་དགོས་པ་སོགས་ཀྱི་བསམ་ཚུལ་གནང་པར་དགའ་བྱུང་ཟེར་རྒྱུ་ཡིན། འོན་ཀྱང་རྩོམ་ཡིག་འདི་དྲྭ་ངོས་ཀྱི་གྲོགས་པོ་ཚོར་དཔྱད་གཞིར་ཆེད་དམིགས་ཀྱིས་བྲིས་ཁུལ་ཙམ་ཡིན་པས་ཞིབ་བཤད་དང་། དགག་སྒྲུབ་སོགས་མང་པོ་ཞིག་ཁྱེད་ཅག་གི་བགོ་སྐལ་ལྟ་བུ་ཞིག་ཏུ་བརྩིས་ནས་བཞག་ཡོད་ལགས།

  7. དམུ་ཐག་དཀར་པོ། says:
    2010-10-08 at 6:35 am

    ཨེམ་ཆི་བློ་བཟང་ཆོས་འཕེལ་ལགས། རྒྱུན་ཤེས་འདི་དངོས་གནས་གལ་ཆེན་དང་ཡག་པོ་བྲིས་འདུག ཁྱོད་ཀྱི་རྩོམ་ཡིག་དེ་འབྲུ་འདེད་ཀྱིས་ཞིབ་ཏུ་ཀློག་སྐབས་ཨ་ཙི་ཁོ་རང་ལ་ཕྲུ་གུ་ཐེངས་མང་པོ་སྐྱེས་མྱོང་ས་རེད་བསམ་པའི་ཚོར་བ་སྟེར་གྱི་འདུག
                       སྐད་ཆ་གཞན་ཞིག་ལ་ཨ་རུ་དང་ཡོས་རོབ་ཕྱོགས་ཡོང་སྒོ་ཆེན་པོ་ཡོད་ས་ལ་བོད་པའི་ཨེམ་ཆི་མང་པོ་ཐུག་རྒྱུ་འདུག
    ཡིན་ཡང་བོད་ཁུག་དང་ཁ་བརྡ་དྲ་ཚིགས་སོགས་ལ་སྨན་པ་གཅིག་ཀྱང་མཐོང་རྒྱུ་མི་འདུག དེ་རིང་ཁྱོད་ལ་ཐུག་པ་དངོས་གནས་དགའ་ཐ།       སྐུ་ཉིད་ལ་བོད་པའི་སྨན་པ་ངོ་ཤེས་རེ་ཡོད་ན་བོད་ཁུག་དང་བརྡ་དྲ་ཚིགས་སུ་སྨན་པའི་རྐུབ་ཅོག་སྟེང་ལ་ནད་འབུ་གཅིག་མ་གཏོགས་གཞན་གང་ཡང་མི་འདུག་ཅེས་ལབ་རོགས་ཞུ།
    ཡ་ད་བདེ་མོ་བྱོས། རྗེས་མ་ཕོ་བ་སྦོས་ན་ཡོང་གི་ཡིན་ད།  

  8. དམུ་ཐག་དཀར་པོ། says:
    2010-10-08 at 6:38 am

    ཨེམ་ཆི་བློ་བཟང་ཆོས་འཕེལ་ལགས། རྒྱུན་ཤེས་འདི་དངོས་གནས་གལ་ཆེན་དང་ཡག་པོ་བྲིས་འདུག ཁྱོད་ཀྱི་རྩོམ་ཡིག་དེ་འབྲུ་འདེད་ཀྱིས་ཞིབ་ཏུ་ཀློག་སྐབས་ཨ་ཙི་ཁོ་རང་ལ་ཕྲུ་གུ་ཐེངས་མང་པོ་སྐྱེས་མྱོང་ས་རེད་བསམ་པའི་ཚོར་བ་སྟེར་གྱི་འདུག
                       སྐད་ཆ་གཞན་ཞིག་ལ་ཨ་རུ་དང་ཡོས་རོབ་ཕྱོགས་ཡོང་སྒོ་ཆེན་པོ་ཡོད་ས་ལ་བོད་པའི་ཨེམ་ཆི་མང་པོ་ཐུག་རྒྱུ་འདུག
    ཡིན་ཡང་བོད་ཁུག་དང་ཁ་བརྡ་དྲ་ཚིགས་སོགས་ལ་སྨན་པ་གཅིག་ཀྱང་མཐོང་རྒྱུ་མི་འདུག དེ་རིང་ཁྱོད་ལ་ཐུག་པ་དངོས་གནས་དགའ་ཐ།       སྐུ་ཉིད་ལ་བོད་པའི་སྨན་པ་ངོ་ཤེས་རེ་ཡོད་ན་བོད་ཁུག་དང་ཁ་བརྡ་དྲ་ཚིགས་སུ་སྨན་པའི་རྐུབ་ཅོག་སྟེང་ལ་ནད་འབུ་གཅིག་མ་གཏོགས་གཞན་གང་ཡང་མི་འདུག་ཅེས་ལབ་རོགས་ཞུ།
    ཡ་ད་བདེ་མོ་བྱོས། རྗེས་མ་ཕོ་བ་སྦོས་ན་ཡོང་གི་ཡིན་ད།  

  9. ཀརྡོ་རབ་འབྱམས་པ་ says:
    2010-10-09 at 5:52 am

    བུ་འདོད་ལེགས་བཤད་ཚིགས་བཅད་མ། །

    སྐེད་པ་བརྒྱབ་ནས་ཞག་མ་བཅུ་བཞི་ནས། །
    བརྩིས་པའི་ཞག་མ་དང་པོ་གསུམ་པ་ལྔ། །
    བདུན་པ་དགུ་པར་འཁྲིག་སྤྱད་བུ་ཕོར་འགྱུར། །
    དེ་བཞིན་གཉིས་པ་བཞི་པ་དྲུག་པ་བརྒྱད། །

    འཁྲིག་སྤྱད་བུ་མོར་འགྱུར་བར་གསུངས་པས་ཕྱིར། །
    བུ་འདོད་པ་དང་བུ་ཕོར་འདོད་རྣམས་ཀྱིས། །
    བཅུ་བཞི་པ་དང་ཆ་ཡའི་ཉིན་གྲངས་རྣམས། །
    མ་ནོར་དུས་ཐོག་བྱུང་ན་ཕན་ཡང་སྲིད། །

  10. གཡུ་འབྲུག་དཀར་པོ། says:
    2010-10-09 at 6:52 am

    ང་ཚོའི་ལུང་པའི་རྒན་རབས་རྣམས་ཀྱི་ངག་རྒྱུན་ལྟར་ན། ལོ་འཁོར་གཅིག་ལ་ཟླ་བ་༡༢ ཡོད་པ་དེ་ཕོ་ཟླ་མོ་ཟླ་གཉིས་སུ་ཕྱེ་ནས། ཕོ་ཟླ་ལ་ཕྲུ་གུ་ཆགས་པ་ཡིན་བུ་སྐྱེ་རྒྱུ་དང་། མོ་ཟླ་ལ་ཕྲུ་གུ་ཆགས་པ་ཡིན་ན་བུ་མོ་སྐྱེ་གི་རེད་ཟེར། ཕོ་ཟླ་མོ་ཟླ་ནི་རྩིས་གཞུང་ལས་གསུངས་པ་ལྟར་ལས་ཁག་ཁག་རེད་མིན་འདུག
    འདི་ཡང་བུ་འདོད་ཕ་མའི་རྒྱུན་ཤེས་ཀྱི་ལྷན་ཐབས་སུ་བཀོད་པ་ལགས།

  11. ལས་རླུང་། says:
    2010-11-10 at 9:59 am

    མངལ་ཆགས་སྟངས་དང་། རྣམ་ཤེས་མངལ་དུ་འཇུག་ཚུལ་སོགས་ལ་སྨན་པ་ཚོས་གླེང་མོལ་བྱེད་དགོས་ཆེན་པོ་ཡོད་པས་འདི་ནས་བགྲོ་གླེང་བྱས་ན་གང་འདྲ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme