Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བི་ཀྲ་མ་ཤཱི་ལ།

Posted on 2016-04-072016-04-07 By ཁ་བརྡ 17 Comments on བི་ཀྲ་མ་ཤཱི་ལ།

སྐྱོ་བྲག་དགའ་དབང་།

 
གནའ་བོའི་དུས་ན་འཕགས་ཡུལ་གྱི་ཆོས་གཞི་གྲགས་ཅན་ཡིན་པ་བི་ཀྲ་མ་ཤཱི་ལའམ་རྣམ་གནོན་ངང་ཚུལ་ཞེས་པ་དེ། ཐོག་མའི་བཞེངས་པ་པོ་ནི། པ་ཚབ་ལོ་ཙཱས་རྒྱལ་པོ་དེ་བ་པཱ་ལ་ཡིན་པར་གསུངས་ཤིང་། ཏཱ་ར་ནཱ་ཐས། རྒྱལ་པོ་དྷརྨ་པཱ་ལ་ཡིན་པར་གསུངས་པ་ལྟར་ན། དེ་བ་པཱ་ལས་གཞི་བཏིངས། དྷརྨ་པཱ་ལས་རྒྱ་སྐྱེད་པར་མངོན་ནོ། །
ཆོས་གཞི་འདིའི་བཀོད་པའི་ཁྱད་པར་ནི། རྒྱ་གར་ཆོས་བྱུང་ལས། དཔལ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་བཞེངས་ཏེ། དེ་ཡང་མ་ག་དྷཱའི་བྱང་ངོས་ཆུ་བོ་གངྒའི་འགྲམ་རི་དེའུ་ཞིག་གི་རྩེ་ལ་དབུས་སུ་བྱང་ཆུབ་ཆེན་པོའི་སྐུ་ཚད་ཀྱི་ལྷ་ཁང༌། མཐའ་སྐོར་དུ་གསང་སྔགས་ནང་གི་ལྷ་ཁང་ཆུང་ངུ་ལྔ་བཅུ་ང་གསུམ། ལྷ་ཁང་དཀྱུས་མ་ལྔ་བཅུ་ང་བཞི་སྟེ་ལྷ་ཁང་བརྒྱ་རྩ་བརྒྱད་ཡོད་པ་ཕྱི་ལྕགས་རིས་བསྐོར་བ་བཞེངས། ཞེས་བྱུང་བས་ན་ཧ་ཅང་གི་གཞི་རྒྱ་ཆེ་བ་ཞིག་ཡིན་ཚོད་འདུག །

unnamed-19

བོད་ཡུལ་དུ་གྲགས་པའི་མཁས་པ་མང་པོ་ཞིག་ཀྱང་ཆོས་གཞི་འདི་ན་བཞུགས་པ་སྟེ། མཁས་པ་སྒོ་དྲུག་ཅེས་པ་ཡང་འདི་ནས་ཡིན་ལ། མཻ་ཏྲྀ་པས་ཕག་མོ་མཆོད་པའི་ཆང་བསྣམས་པ། ཇོ་བོ་རྗེ་དགེ་བསྐོས་ཡིན་པས་གཟིགས་ཏེ་གནས་ནས་ཕྱུང་བ་ན། ཉམས་པ་སྒོ་ནས་འགྲོར་མི་རུང་ཞེས་རྩིག་པ་ལ་ཐལ་གྱིས་བཞུད་ཅིང་། མདུན་གྱི་ཆུ་བོ་གངྒཱ་ལ་གདིང་བ་བཏིང་སྟེ་ཕེབས་པ་ཡང་འདི་ནས་ཡིན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ཡང་འདི་ནས་བོད་དུ་བྱོན་པ་ཡིན། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱིས་འདི་ནས་སྦྱངས་བརྩོན་གནང་ཞིང་། སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་ཡང་ཐོག་མར་འདི་ན་བྱོན་པ་སྟེ། རྒྱབ་ཚབ་གྲགས་པ་དོན་གྲུབ་ཀྱི་མར་པའི་རྣམ་ཐར་ལས། བླ་མ་མར་པས་ལམ་དུ་ཞུགས་ནས་གངྒཱ་བརྒལ་ཏེ་བི་ཀྲ་མ་ལ་ཤཱི་ལར་བྱོན་ནས་རྟེན་རྣམས་ལ་ཕྱག་དང་མཆོད་པ་མཛད། ཅེས་དང་། པད་དཀར་ཆོས་བྱུང་ལས། དེར་བི་ཀྲ་མ་ཤཱི་ལར་སླེབས། དགེ་ཚུལ་ཤེས་རབ་སེངྒེ་དང་མཇལ། ཞེས་བྱུང་ངོ་། །

ཆོས་གཞི་འདི་ཉིད་ཡུལ་ཕྱོགས་གང་ན་ཡོད་པ་ནི། དངོས་སུ་ཞབས་ཀྱིས་བཅགས་པའི་པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་གྱིས། མདོ་དྲན་པ་ཉེར་བཞག་གི་འགྱུར་བྱང་དུ། ཡུལ་དབུས་མ་ག་དྷཱ་ཞེས་བྱ་བ་དེ་བཞིན་གཤེགས་པའི་རྟེན་མང་དུ་བཞུགས་ཤིང་སངས་རྒྱས་པའི་སྐྱེ་བོ་དཀོན་མཆོག་གསུམ་ལ་དད་པས་ཡུལ་གང་བའི་མ་གའི་ཡུལ་སྨད་ན། རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་བ་པཱ་ལས་མཛད་པའི་གཙུག་ལག་ཁང་ཆེན་པོ་བསྟན་པའི་མིག་ཏུ་གྱུར་པ་བི་ཀྲ་མ་ཤཱི་ལ་ན་ཡང་མཁས་པའི་སྐྱེ་བོ་མང་དུ་ཟིན་ཀྱང་། ཞེས་གསུངས་པ་དང་། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས། ཤེས་བྱ་ཀུན་ཁྱབ་ཏུ། རྒྱལ་པོ་དྷརྨ་པཱ་ལ་ཞེས་མངའ་ཐང་ཤིན་ཏུ་ཆེ་བ་དེས། མ་ག་དྷཱའི་བྱང་ངོས་གངྒཱའི་འགྲམ་དུ་རི་དེའུ་ཞིག་གི་རྩེར་བཞེངས་པ་བི་ཀྲ་མ་ཤཱི་ལ་སྟེ་རྣམ་གནོན་ངང་ཚུལ་ཞེས་པའི་མཚན་གྱིས་བསྔགས་པའི་གཙུག་ལག་ཁང་ཆེན་པོ། ཞེས་གསུངས་པ་ཇི་ལྟ་བ་བཞིན། མ་ག་དྷཱའི་བྱང་ངོས་ཀྱི་ཡུལ་སྨད། ཆུ་བོ་གངྒཱའི་ལྷོ་འགྲམ་གྱི་རི་འབུར་ཞིག་ན་ཡོད།

འདི་དང་ཁད་ཉེ་བ་གངྒཱའི་བྱང་འགྲམ་ན་བྷ་གལ་པུར་ཟེར་བའི་གྲོང་ཁྱེར་ཞིག་འདུག་པ་ནི། སྔོན་མ་བྷཾ་ག་ལའི་རྒྱལ་ས་སྟེ། ཇོ་བོའི་སྐུ་བསྟོད་དུ་བྱུང་བ། ཕུན་སུམ་ཚོགས་པ་བྷཾ་ག་ལ་ཡི་ཡུལ། །ཆོ་རིགས་བཙུན་པ་ཟ་ཧོར་རྒྱལ་པོའི་རིགས། །བྱང་ཆུབ་སེམས་དཔའ་ཞི་འཚོ་འཁྲུངས་པའི་རྒྱུད། །མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས། །ཞེས་པའི་འཁྲུངས་ཡུལ་དག་ཡིན་པར་གྲགས།
བི་ཀྲ་མ་ཤཱི་ལར་པཱ་ལའི་རྒྱལ་རྒྱུད་རྣམས་ཀྱི་བདག་རྐྱེན་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ལ་སོགས་པ་མཁས་ཤིང་གྲུབ་པ་བརྙེས་པའི་གང་ཟག་བར་མ་ཆད་པ་བྱུང་བ་རྣམས་ཀྱི་མཛད་ཕྲིན་ལ་བརྟེན་ནས་མདོ་སྔགས་གཉི་གའི་བསྟན་པ་ཡུན་རིང་བར་དར་རྒྱས་ཆེ་ནའང་། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་གདན་རབས་མཛད་པའི་སྐབས་ནས་ཁ་ཆེའི་དམག་གིས་བསྟོར་ཏེ་ཤུལ་ཙམ་དུ་བསྒྱུར་བ་རེད།

ཕྱིས་རྒྱ་གར་གཞུང་གིས་བསྔོགས་ནས་སྲུང་སྐྱོབ་བྱས་པའི་གནའ་ཤུལ་ཕྲན་བུ་དང་། རྡོ་སྐུ་ཆག་གྲུམ་སོགས་ཉར་བའི་འགྲེམ་སྟོན་ཁང་ཆུང་ངུ་ཞིག་བཅས་མཇལ་དུ་ཡོད། སྤྱིར་རྡོ་རྗེ་གདན་ལ་སོགས་པ་འཕགས་ཡུལ་གྱི་ཆོས་གཞི་ཡོད་དོ་ཅོག་རྣམས་སྔ་མོ་ཞིག་ནས་ཉམས་ཆག་ཏུ་སོང་མོད། དིང་སང་གནས་ཤུལ་ཕལ་མོ་ཆེ་རུ་ཐེག་པ་ཆེ་ཆུང་གི་རྟེན་བཞེངས་མི་ཉུང་བ་ཡོད་ནའང་། འདི་ནི་ད་བར་སྟོང་སང་དུ་ལོས་གདའ།
ང་ཚོ་མཆེད་གྲོགས་བཅུ་གྲངས་ཤིག་རླངས་འཁོར་གྱིས་གནས་མཇལ་ཆེད་སོང་བ་ན། སྤྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༦ ཉིན་གྱི་དགོང་མོར་བསླེབས། གནའ་བོའི་ཆོས་ཀྱི་ཞིང་ཁམས་ཡིད་ལ་བཅགས་ཏེ། མཇལ་སྐོར་དང་སྨོན་ལམ་ཙམ་གྱི་སྐལ་བཟང་བྱུང་ངོ་། །

ངོ་སྤྲོད།

Post navigation

Previous Post: མཐོང་ཐོས་ཚིག་ལ་བཏགས་པ།
Next Post: སྲིད་སྐྱོང་འོས་མི་གཉིས་ནས་བཟོད་གསོལ་ཞུས་པ་དང་སྦྲཊ་ཆིག་སྒྲིལ་དགོས་པའི་འབོད་སྐུལ་གནང་།

Comments (17) on “བི་ཀྲ་མ་ཤཱི་ལ།”

  1. ནུབ་ཕྱོགས་གངས་ཕྲུག says:
    2016-04-07 at 11:01 pm

    བི་ཀྲ་མ་ཤཱི་ལ་དེང་སང་རྒྱ་གར་གྱི་ས་ཆ་ག་བ་ཡོད་རེད།

  2. རྫ་ཚེ་རིང་བཀྲ་ཤིས། says:
    2016-04-08 at 2:05 am

    གནའ་བའི་ལོ་རྒྱུས་ལས་ད་ལྟའི་གནས་སྟངས་དང་གནས་ཤུལ་འདི་ངོས་འཛིན་བྱང་སྟངས་སོགས་རྒྱས་ཙམ་ཡོད་ན་ཤིན་ཏུ་ལེགས།
    ཇོ་བོ་རྗེ་འཁྲུངས་ས་དེ་འདི་ཡིན་པ་ནི་ཅུང་འགྲིག་དཀའམ་སྙམ། མ་གྷ་དྷའི་སྨད་ན་བྷང་ག་ལའི་རྒྱལ་ས་ཡོད་པ་དེ་གོ་བ་ཅུང་མ་ལོན་ཐལ།

  3. སྤོབས་པ་མཐའ་ཡས། says:
    2016-04-08 at 2:18 am

    ང་དེར་སོང་བ་ཡིན། དྷི་ལི་ནས་མེ་འཁོར་ཨང་གྲངས་2367/2368 མིང་ལ་Vikramashila Express ཟེར་བ་དེ་ལ་བསྡད་ནས་སོང་ན་ཏག་ཏག་དེར་ཐོན་གི། Bhagalpurལ་སླེབས་དུས་གླ་འཁོར་ལ་བསྡད་ནས་སོང་ན་ཐག་རིང་ཞིག་མ་རེད། བྷེ་ཧར་གྱི་ས་ཁོངས་རེད། གནའ་ཤུལ་སྔོགས་འདོན་སོགས་ཡག་པོ་བྱེད་གི་ཡོད་གི།
    འདི་ཇོ་བོ་འཁྲུངས་ས་མ་རེད། ཇོ་བོ་བྷང་ལ་དྷེ་ཤི་ལ་འཁྲུངས་པ་རེད། ཇོ་བོ་འདི་ལ་ཡུན་རིང་བཞུགས་པ་རེད།

  4. ཀརྡོ་གཉེར་ཕྱག་པ་་ says:
    2016-04-08 at 2:23 am

    ཆེད་རྩོམ་འདི། ཕན་ཐོགས་དང་། བྱིན་རླབས་ཆེ།
    མཁས་པ་སྒོ་དྲུག་ཟེར་དུས། བི་ཀྲ་མ་ཤཱི་ལའམ་རྣམ་གནོན་ངང་ཚུལ་དང་། ན་ལེནཌ་གཉིས་ཅུང་བསྲེས་འདུག་སྙམ།
    ཡང་།
    འདི་དང་ཁད་ཉེ་བ་གངྒཱའི་བྱང་འགྲམ་ན་བྷ་གལ་པུར་ཟེར་བའི་གྲོང་ཁྱེར་ཞིག་འདུག་པ་ནི། སྔོན་མ་བྷཾ་ག་ལའི་རྒྱལ་ས་སྟེ། ཞེས་པ་འདི་ནོར་བ་མིན་ནམ་སྙམ་པས། ད་དུང་དཔྱད་པར་མཛོད་ཅིག

  5. ཏི་སི། says:
    2016-04-08 at 6:41 am

    ཇོ་བོད་ལ་ཕེབས་སྐབས་ནལནྡ་ནས་ཕེབས་ཡིན་པ་འངྲ། སྤྱིར་རྒྱ་གར་པན་གྲུབ་ཀྱང་གཙུག་ལག་གཉིས་ཀ་ཕེབས་པ་ཡང་ཡོད་འདུག གཅིག་ཁོ་རང་རེད་ཟེར་ཞུ་ཐིག་ཁག་པོ་རེང

  6. ཉི་མ། says:
    2016-04-08 at 6:41 am

    ཅུང་ཁ་ཇེ་གསལ་དུ་བཏང་ན་བཟང་ངོ་། །

  7. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-04-09 at 11:19 am

    विक्रमशिला विश्वविद्यालय – विकिपीडिया
    https://hi.wikipedia.org/…/विक्रमशिला_विश्व…
    Translate this page
    विक्रमशिला विश्वविद्यालय बिहार राज्य के भागलपुर जिले में स्थित था। इस विश्वविद्यालय की स्थापना पाल वंश के राजा धर्मपाल ने ७७५-८०० ई० में की। इस विश्वविद्यालय ने अपनी स्थापना के तुरन्त बाद ही अन्तर्राष्ट्रीय महत्त्व प्राप्त कर लिया

  8. ཀརྡོ་གཉེར་ཕྱག་པ་་ says:
    2016-04-09 at 3:37 pm

    ཧིན་སྐད་དུ།
    विक्रमशिला विश्वविद्यालय बिहार राज्य के भागलपुर जिले में स्थित था। इस विश्वविद्यालय की स्थापना पाल वंश के राजा धर्मपाल ने ७७५-८०० ई० में की। इस विश्वविद्यालय ने अपनी स्थापना के तुरन्त बाद ही अन्तर्राष्ट्रीय महत्त्व प्राप्त कर लिया
    བོད་སྐད་དུ་བསྒྲུར་ན།
    ་
    རྣམ་གནོན་ངང་ཚུལ་མཐོ་སློབ་བི་ཧྰར་ཁབ་ཀྱི་བྷ་གལ་པུར་གྲོང་ལ་གནས་ཆགས་པ་རེད། མཐོ་སློབ་འདི་ནི་པ་ལའི་རྒྱལ་བརྒྱུད་ཀྱི་རྒྱལ་པོ་ཆོས་ཀྱི་པ་ལས ༧༧༥་་༨༠༠ བརྒྱ་ཕྲག་ནང་ལ་བསྐྲུན་པ་རེད། མཐོ་སློབ་འདི་བཞིན་གསར་བཙུགས་བྱས་མ་ཐག་ནས་རྒྱལ་སྤྱིའི་ནང་ལ་སྙན་གྲགས་རྒྱས་པ་རེད།
    ་
    ངའི་རོབ་འགྱུར་ལ་དཔྱད་ཞིབ་ཀྱིས། ཞུ་དག་གནང་ན་དགའ་བསུ་ཡོད་དོ།།

  9. ཀརྡོ་གཉེར་ཕྱག་པ་་ says:
    2016-04-09 at 3:50 pm

    ཆོས་ཀྱི་པ་ལ་ནི། དྷརྨ་པ་ལའི་དོད་དོ། །ཁུངས་འདིས། པ་ཚབ་ལོ་ཙཱ་པ་ལས། ཏཱ་ར་ནཱ་ཐ་ཁུངས་བཙན་པར་བསྒྲུབས་པ་རེད།

  10. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-04-09 at 10:30 pm

    སྐྱོ་བྲག་དགའ་དབང་ལེགས་ཀྱིས་འབད་པ་ཆེན་པོས་ལུང་གིས་བསྒྲུབས་པ་འདི་ལྟར།
    ཆོས་གཞི་འདི་ཉིད་ཡུལ་ཕྱོགས་གང་ན་ཡོད་པ་ནི། དངོས་སུ་ཞབས་ཀྱིས་བཅགས་པའི་པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་གྱིས། མདོ་དྲན་པ་ཉེར་བཞག་གི་འགྱུར་བྱང་དུ། ཡུལ་དབུས་མ་ག་དྷཱ་ཞེས་བྱ་བ་དེ་བཞིན་གཤེགས་པའི་རྟེན་མང་དུ་བཞུགས་ཤིང་སངས་རྒྱས་པའི་སྐྱེ་བོ་དཀོན་མཆོག་གསུམ་ལ་དད་པས་ཡུལ་གང་བའི་མ་གའི་ཡུལ་སྨད་ན། རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་བ་པཱ་ལས་མཛད་པའི་གཙུག་ལག་ཁང་ཆེན་པོ་བསྟན་པའི་མིག་ཏུ་གྱུར་པ་བི་ཀྲ་མ་ཤཱི་ལ་ན་ཡང་མཁས་པའི་སྐྱེ་བོ་མང་དུ་ཟིན་ཀྱང་། ཞེས་གསུངས་པ་དང་། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས། ཤེས་བྱ་ཀུན་ཁྱབ་ཏུ། རྒྱལ་པོ་དྷརྨ་པཱ་ལ་ཞེས་མངའ་ཐང་ཤིན་ཏུ་ཆེ་བ་དེས། མ་ག་དྷཱའི་བྱང་ངོས་གངྒཱའི་འགྲམ་དུ་རི་དེའུ་ཞིག་གི་རྩེར་བཞེངས་པ་བི་ཀྲ་མ་ཤཱི་ལ་སྟེ་རྣམ་གནོན་ངང་ཚུལ་ཞེས་པའི་མཚན་གྱིས་བསྔགས་པའི་གཙུག་ལག་ཁང་ཆེན་པོ། ཞེས་གསུངས་པ་ཇི་ལྟ་བ་བཞིན། མ་ག་དྷཱའི་བྱང་ངོས་ཀྱི་ཡུལ་སྨད། ཆུ་བོ་གངྒཱའི་ལྷོ་འགྲམ་གྱི་རི་འབུར་ཞིག་ན་ཡོད།
    འདི་ལ་བརྩད་གཅོད་ལེགས་པར་དགོས། དང་པོ། ཤཱི་ལ་སྟེ ངང་ཚུལ་ཞེས་བོད་ཀྱི་མཁས་པ་རྣམས་ཀྱིས་བཞེད་པ་དང་། ཤི་ལཱ་སྟེ་རྡོ་བ་ཞེས་དིང་དུས་ཀྱི་རྒྱ་གར་པའི་མཁས་པ་རྣམས་ཀྱིས་བཞེད་པ་ལྟར་བྲིས་པར་མངོན། དེ་ཡང་བི་ཀྲ་མ་ཤི་ལཱ། ཞེས་པ་བོད་སྐད་དུ། རྣམ་གནོན་རྡོ་བ། ཞེས་སྒྱུར་དགོས། དཔེར་ན། ཏཀྵ་ཤི་ལཱ་རྡོ་འཇོག་ཅེས་པ་ལྟ་བུའོ།
    ལྷག་པར་དུ། ས་གནས་འདི་ཉིད་ཇོ་བོ་རྗེ་ཨ་ཏི་ཤ་སྐུ་འཁྲུངས་པར་སྒྲུབ་ཐུབ་ན། ཇོ་བོ་ཨ་ཏི་ཤའི་གདུང་རུས་བོད་ནས་བྷང་ལ་དེཤ་ལ་ཕེབས་ཡོད་པ་གནས་འདིར་གདན་འདྲེན་ཞུ་བའི་ཐབས་ལ་འབད་དགོས་པར་མཐོང་་ངོ་།

  11. ཀརྡོ་གཉེར་ཕྱག་པ་་ says:
    2016-04-10 at 1:11 am

    བརྒྱ་ཕྲག་ཉེར་གཅིག་པའི་དུས་འདིར། བྷང་ལ་དེཤ་ལ། ཇོ་བོའི་གདུང་རུས་དགོས་ལ། བྷ་གལ་པུར་པ་ཚོ་ལ། ཇོ་བོ་ཨ་ཏི་ཟའི་གདུང་མི་དགོས་སྟངས་འདི་གང་ཡིན་ནམ། རྒྱ་གཞུང་གིས་བོད་མི་རིགས་ཀྱིས་བྱིན་རྟེན་ཕྱི་མིར་བཙོང་པ་ཡིན་ནམ། དངུལ་ཁེ་ག་ཚོད་བཟས་ཡོད་དམ། ལགས། འདི་ནི་དྲི་བ་ཆེན་པོ་ཞིག་གོ།

  12. ཀརྡོ་གཉེར་ཕྱག་པ་་ says:
    2016-04-10 at 1:30 am

    བི་ཀྲ་མ་ཤཱི་ལ།
    https://books.google.hu/books?id=zS00goyn7gkC&pg=PT10&lpg=PT10&dq=vikramalashila&source=bl&ots=XTo5N8LZvW&sig=LZsdR2_-8F9ONZ4kVx9RdZg3Gto&hl=hu&sa=X&ved=0ahUKEwiXrurgp4PMAhXEVxQKHUgDC7AQ6AEIKjAD#v=onepage&q=vikramalashila&f=false

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-04-10 at 1:47 am

    མ་ག་དྷཱ་ཞེས་པ་མ་ག་དྷ་ཞེས་པར་དྷཱ་ཡིག་རིང་པོར་བྲིས་པ་ལ་རྒྱུ་མཚན་འགའ་ཡོད་དམ། མ་ག་དྷ་ཞེས་པ་མ་དྷྱ་ག་ཏ་དྷ་ར་སྟེ། དབུས་གྱུར་འཆང་། ཞེས་པ་མ་ག་དྷ་་རུ་གནས་པ་པོ་མཁས་པ་རྣམས་ཀྱིས་ཀྱང་ཤེས་པར་དཀའ་བ་བོད་ཀྱི་བསྟན་བཅོས་ན་བྲིས་སོ།

  14. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-04-10 at 6:54 pm

    ཀ་རྡོ་གཉེར་ཕྱུག་ལེགས་ལ་ཞུ་བ། སྐུ་ཁམས་བཟང་པོ།
    ་
    ཇོ་བ་རྗེའི་སྐུ་གདུང་དེ་ཉེ་ཐང་དུ་མཆོད་རྟེན་ཞིག་གི་ནང་ན་བཞུགས་ཡོད་ངེས། བླ་མའི་བྱིན་རླབས་ཡིན་ནའང་འདྲ་འདུག རྒྱ་མར་པོའི་དཀྱིལ་ན་ཡང་ཆོས་སམ་དད་པའི་རྗེས་འབྲང་འགས་གད་རྙིགས་སུ་དབྱུག་མ་ཕོད་པར་རྒྱ་ནག་པེ་ཅིན་དུ་འཁྱེར། དེའི་དུས་༡༩༦༠པའི་མཇུག་ཙམ་མམ་༡༩༧༠་པའི་མགོ་སྟོད་ཙམ་ལ་སྲིད་བློན་ཀྲའུན་ལེས་ནོར་ནས་བྷང་ལ་དེཤ་ལ་སྤྲད། དངོས་གནས་བྱས་ན། སྔོན་དུས་བྷངྒ་ལ་པུར་ཞེས་པ་གྱུར་ནས། དིང་སང་བྷ་གལ་པུར་ཞེས་པ་ཇོ་བོ་རྗྲེའི་འཁྲུངས་ཡུལ་དངོས་མ་དེ་ཡིན་ཏེ། བོད་མི་རྒྱ་གར་ས་གནས་དག་རྟོག་དཔྱོད་མཛད་པར་མཁས་པ་ཨ་མདོ་པ་དགེ་འདུན་ཆོས་འཕེལ་ལེགས་ཀྱི་གསུང་རྩོམ། དེབ་གསུམ་པ། ཤོག་གྲངས་༣༣༣ནས་༣༣༤པ་དག་ན། འདི་ལྟར་བྲིས་ཏེ། “ཡང་ག་ཡཱ་ནས་ཀ་ལི་ཀ་ཏར་འགྲོ་བའི་ལམ་དུ་སུལ་ཏན་གན་ཇི་བྱ་བའི་གྲུ་ཟན་ལ་སླེབས། དེར་གྲོང་དང་ཉེ་བའི་གངྒཱླའི་ཆུལ་དཀྱིལ་ན་བྲག་རི་ལྷ་ཁང་ཅན་ཞིག་ཡོད་པའི་ཚུར་ངོས་ཀྱི་ཆུ་འགྲམ་བྲག་རི་ཞིག་ཡོད་ས་དེ་བི་ཀྲ་མ་ཤི་ལའི་དགོན་ཤུལ་ཡིན་ཀྱང་ས་མ་རྐོས་པས་ས་མིག་འདི་ཡིན་ད་དུང་མི་ཤེས། དེ་ནས་སོང་བས་བྷང་གལ་པུར་དུ་སླེབས་ཤིང་དེ་ནི་སྔོན་གྱི་བྷང་ལའི་རྒྱལ་ཁབ་སྟེ་སློབ་དཔོན་ཞི་བ་འཚོ་དང་ཇོ་བོ་རྗེ་འཁྲུངས་པའི་གནས་ཡིན་ཅིང་ཡུལ་ཅམ་པ་ཡང་དེ་ཡིན། ཟ་ཧོར་རམ་ས་ཧོར་དེ་་དང་ཉེ་བར་སྔོན་གྱི་ཕོ་བྲང་གི་ཤུལ་སོགས་ཡོད་ཟེར་།”
    ་
    འདི་བཞིན་ཧིནྡ་སྐད་དམ་ཨིན་སྐད་དུ་བྲིས་ནས་བི་ཀྲ་མ་ཤི་ལ་འི་གནས་འཛིན་པར་སྤྲོད་ཐུབ་ཚེ་ཇོ་བའི་་རྗེའི་སྐུ་གདུང་གི་སྐལ་བ་ཞིག་དེ་ཕེབས་ངེས།
    ་
    དིང་སང་བྷང་ལ་དེཤ་ནི་མི་བོར་ཆེ་བ་མུ་སུས་མན་ཡིན་ཀྱང་། ཨ་ཏི་ཤའི་མཚན་ཐོག་སློབ་གྲྭ་ཆེན་མོ་གཉིས་ཙམ་ཡོད་ཟེར། གནས་བརྟན་པའི་རྗེས་འབྲངས་ནང་པ་ཡང་གྲངས་ཉུང་མི་རིགས་སུ་ཐར་ཐོར་མཆིས། གནས་བརྟན་པའི་དགོན་པ་ཆུང་ངུ་ཞིག་བཞེངས་ཤིང་་དེའི་སྟེང་ཐོག་མཆོད་རྟེན་ཆུང་ངུ་ཞིག་བཞེངས་པར་ཇོ་བོ་རྗེའི་སྐུ་གདུང་ངམ་སྐུ་རུས་གང་འབྱུང་གཟུངས་སུ་བཞུགས་པར་གསོལ་ཅིག་ཅེས་ཞུས་སོ།

  15. ཀརྡོ་གཉེར་ཕྱག་པ་་ says:
    2016-04-11 at 1:52 am

    རྒན་འཇམ་དཔལ་ལགས་ཀྱིས། ངོ་སྤྲོད་དང་གསལ་བཤད་ལ་བཀའ་དྲིན་ཆེ། ད་དུང་མུ་མཐུད་ནས་བགྲོ་གླེང་བྱུང་ན། ཀུན་ལ་ཕེན་ངེས། སླར་ཡང་ཇུགས་རྗེ་ཞེས་ཞུའོ།།

  16. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-04-11 at 5:26 am

    ཡང་སྐྱར་དུ་ཞུ་དགོས་པ་ནི། ཇོ་བོ་རྗེ་ལ་ཨ་ཏི་ཤ་ཡ་སྟེ།་ ཕུལ་དུ་བྱུང་བ་ཞེས་བོད་ཀྱི་ལོ་ཙ་པ་རིན་ཆེན་བཟང་པོ་དང་། ལྷ་བླ་མ་ཡེ་ཤེས་འོད་ལ་སོགས་པས་མཚན་གསོལ། ་ལེགས་སྦྱར་ཚིག་མཛོད་དག་ན། ཨ་ཏི་ཤ་ཡ་ཞེས་པ་ཕུལ་བྱུང་གི་དོན་སྟེ། ལེགས་སྦྱར་ཨིན་སྐད་ཚིག་མཛོད་ཅིག་ན།
    Pre-eminent. superior, ཞེས་ཁྱད་ཆོས་དང་། མིང་དུ། Excellence, superiority ཞེས་སོ།
    དེ་མིན་ཨ་ཏི་ཤ་ཞེས་པ་ལེགས་སྦྱར་ཚིག་མཛོད་ན་མེད་པར་མངོན་ནོ། དེས་ན། ཨ་ཏི་ཤ་ཡ། ཞེས་པ་མཁྱེན་ཆུབ་མཛོད་ཅིག་ཅེས་ཞུ་འདོད་བྱུང་ངོ་།

  17. ཀརྡོ་གཉེར་ཕྱག་པ་་ says:
    2016-04-13 at 3:49 am

    བི་ཀྲ་མ་ཤྰི་ལ་དང་། ན་ལེནཌའི་སྐོར་ལ།
    https://www.youtube.com/watch?v=Smjcyp80yhs

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme