Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསྟོད་པ་ཚད་མར་གྱུར་པ་ལེགས་བཤད་སྙིང་པོའི་རྒྱན་དོན་བཞིན་གསལ་བ་ཚིག་གི་ཉིན་བྱེད།

Posted on 2015-06-082015-06-08 By ཁ་བརྡ་ 3 Comments on བསྟོད་པ་ཚད་མར་གྱུར་པ་ལེགས་བཤད་སྙིང་པོའི་རྒྱན་དོན་བཞིན་གསལ་བ་ཚིག་གི་ཉིན་བྱེད།

ཚ་རུ་མ་ཐབས་མཁས། (ཨོ་སི་ཁྲིའུ་ལེ་ཡ།)

2015-05-29-TCV-G12

༧བཀའ་དྲིན་གསུམ་ལྡན་གྱི་དཔལ་ལྡན་རྩ་བའི་བླ་མ་འཕགས་མཆོག་སྙིང་རྗེའི་རང་གཟུགས་༧རྒྱལ་བའི་དབང་པོ་བཅུ་བཞི་པ་ཆེན་པོ་༧རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་མཆོག་ལ་བསྟོད་པ་ཚད་མར་གྱུར་པ་ལེགས་བཤད་སྙིང་པོའི་རྒྱན་དོན་བཞིན་གསལ་བ་ཚིག་གི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ།།

ན་མོ་གུ་རུ་བྷྱཿ རྒྱལ་བ་དགྱེས་པའི་ལམ་བཟང་མཆོག།སྟོན་མཁས་ཚད་མེད་ཐུགས་རྗེའི་གཏེར།།
སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན།།གཟིགས་ཤིང་འདོམས་པ་ཁྱོད་ལ་འདུད།།
འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ།།དེ་ཡི་རྩ་བ་བདག་གཅེས་འཛིན།།
གང་ཞིག་མཐོང་བས་དེ་འགོག་པར།།སྟོང་ཉིད་སྙིང་རྗེའི་གདམས་པ་གསུངས།།
དེ་ཚེ་བློ་ལྡན་མཁས་པ་ཡིས།།སྟོང་ཉིད་སྙིང་རྗེ་ཟུང་འཇུག་ལམ།།
ཁྱོད་ཀྱི་དགོངས་པའི་མཐིལ་ཉིད་དུ།།ཇི་ལྟར་ངེས་པ་ཐོབ་མི་འགྱུར།།
དེ་ལྟར་མགོན་པོ་ཁྱོད་ཉིད་ལ།།བསྟོད་ཅིང་བསྔགས་པ་སུ་ཞིག་གིས།།
སྟོང་ཉིད་སྙིང་རྗེ་གསུང་བ་ལས།།ངོ་མཚར་གྱུར་པ་གང་ཞིག་ཡོད།།
གང་གང་སྡུག་བསྔལ་གྱིས་མནར་པ།།དེ་དེ་རང་བདེ་འདོད་ལས་བྱུང་།།
གདམས་པ་འདི་ལས་ཡ་མཚན་པའི།།ཚད་མར་གྱུར་པ་ཅི་ཞིག་ཡོད།།
གང་ཞིག་རང་ཉིད་གཅེས་འཛིན་ཅིང་།།རྟག་ལྟའི་འཆིང་བས་བཅིངས་གྱུར་པ།།
དེ་དག་གྲོལ་བའི་བདག་འཛིན་གྱི།།དྲ་བ་མ་ལུས་གཅོད་པའི་ཐབས།།
གསུངས་འདི་ལས་གཞན་མ་མཐོང་བས།།སྟོན་པ་ཞེས་བྱ་ཁྱོད་ཉིད་དོ།།
རི་དྭགས་རྒྱལ་པོ་སེངྒེ་བཞིན།།མཐའ་དག་སྐྱེ་རྒུའི་མགོན་དུ་གྱུར།།
ཨེ་མའོ་སྟོན་པ་ཨེ་མའོ་མགོན།།ཨེ་མའོ་འདྲེན་མཆོག་ཨེ་མའོ་སྐྱབས།།
སྟོང་ཉིད་སྙིང་རྗེ་ལེགས་གསུངས་པའི།།སྟོན་པ་ཁྱོད་ལ་བདག་ཕྱག་འཚལ།།
སྨྲ་མཆོག་ཁྱོད་ཀྱིས་འགྲོ་ཀུན་ལ།།ཕན་བདེའི་སླད་དུ་བཀའ་བསྩལ་པ།།
སྟོང་ཉིད་སྙིང་རྗེའི་སྙིང་པོ་ཉིད།།ངེས་པའི་རིགས་ཚུལ་མཐའ་ཡས་པས།།
ཟླ་མེད་དཔྱོད་ལྡན་ཚན་རིག་པར།།འགལ་བ་དང་འབྲེལ་བ་ཀུན།།
ཡང་དག་བསྟན་པས་ཁྱོད་ཀྱི་ལུགས།།ཇི་བཞིན་མཐོང་བས་ངོ་མཚར་སྐྱེས།།
ཁྱོད་ནི་ནམ་ཡང་ཐུབ་པའི་བསྟན།།ཚན་རིག་གཞུང་དུ་མཐོང་བ་ན།།
རང་བཞིན་གྱིས་ནི་དངོས་སྟོབས་ཀྱིས།།ཕན་ཚུན་རིགས་པའི་ལམ་ནས་བསྒྲིལ།།
དེ་ལས་ལྡོག་པར་སེམས་པ་ཡི།།ནང་བསྟན་ཚན་རིག་འགལ་ལོ་ཞེས།།
རང་རིགས་བློ་གྲོས་དམན་པ་འགའ།།ཉམ་ངའི་གཡང་ན་ལྷུང་ལ་ཁད།།
དེ་ཕྱིར་ཁྱོད་ཀྱིས་ཐུབ་བསྟན་དང་།།དངོས་གཙོ་ཚན་རིག་འགྲོགས་པ་བསྔགས།།
དེ་ཡང་ཀུན་ཏུ་བརྟག་གཞིག་ངང་།།རང་བཞིན་གྱིས་ནི་འབྲེལ་བ་མིན།།
འབྲེལ་མེད་ནམ་མཁའི་མེ་ཏོག་བཞིན།།གཞན་སྡེའི་ཆོས་ལས་རྨད་བྱུང་བའི།།
རྟེན་འབྲེལ་གཏན་ཚིགས་རིགས་པ་ཡིས།།རྒྱུ་དང་རྐྱེན་ལ་ལྟོས་པར་སྨྲ།།
དེ་ཕྱིར་ནང་བསྟན་ཚན་རིག་ལས།།མ་གཏོགས་རིགས་ཚུལ་ཡོད་མིན་པས།།
རིགས་པས་རིགས་པ་སྨྲ་བ་ལས།།མ་གཏོགས་ཐུབ་བསྟན་གཞན་མེད་གསུངས།།
རང་བཞིན་ལྡོག་པ་མེད་པ་ཡི།།ནང་བསྟན་མཚན་ཉིད་རིག་པ་ན།།
འཇིག་རྟེན་བྱེད་པོ་མི་འདོད་ཅིང་།།ཆོས་ཀུན་བརྟེན་ནས་འབྱུང་བར་གསུངས།།
དེ་ཕྱིར་བྱེད་པོ་རྣམ་བྲལ་ཞེས།།སེང་གེའི་སྒྲ་ཡིས་ཡང་དང་ཡང་།།
རིགས་སྨྲའི་ཚོགས་སུ་ལེགས་གསུངས་པ།།འདི་ལ་སུ་ཡིས་རྒོལ་བར་ནུས།།
འཇིག་རྟེན་བྱེད་པོ་མེད་པ་དང་།།རྒྱུ་རྐྱེན་རྟེན་འབྲེལ་ལས་འབྱུང་བའི།།
རྣམ་གཞག་ཐམས་ཅད་འཐད་པ་ཡི།།མི་འགལ་ངོ་མཚར་སྨོས་ཅི་དགོས།།
བརྟེན་ནས་འབྱུང་བའི་རིགས་ཚུལ་གྱིས།།ཚན་རིག་གཞུང་དང་ཡོངས་འབྲེལ་ཞེས།།
ལེགས་གསུངས་འདི་ཀོ་མགོན་ཁྱོད་ཀྱི།།སྨྲ་བ་བླ་ན་མེད་པའི་བཀའ།།
ཆོས་ཀུན་བརྟེན་ནས་འབྱུང་བ་དང་།།འདི་ལས་འདི་འབྲས་འབྱུང་བའི་ཚུལ།།
སྟོན་པའི་ནང་བསྟན་ཚན་རིག་དང་།།ཕན་ཚུན་གེགས་མེད་གྲོགས་བྱེད་པ།།
འདི་ལས་ངོ་མཚར་ཆེ་བ་དང་།།འདི་ལས་ཕུལ་དུ་བྱུང་བ་གང་།།
ཚུལ་འདི་ཁྱོད་ཀྱིས་སྲོལ་ཕྱེས་པས།།བསྟོད་ཅིང་བསྔགས་འོས་འདི་ལས་གང་།།
རྨོངས་པས་བྲན་དུ་བཟུང་བ་འགའ།གང་ཞིག་ཁྱོད་ཀྱིས་ལེགས་གསུངས་པའི།།
ནང་བསྟན་ཚན་རིག་སྨྲ་བའི་སྒྲ།།མི་བཟོད་གྱུར་ལ་མཚར་ཅི་དགོས།།
ཐུབ་པའི་གསུང་གི་གཅེས་པའི་མཛོད།།དབུ་ཚད་རིགས་པ་སྦྱངས་སྦྱངས་ནས།།
མཐོང་བ་མངོན་སུམ་མི་བཟོད་པ།།འདི་དག་ཕལ་ཆེར་ཕྱོགས་སུ་ལྷུང་།།
རྒྱལ་བསྟན་ཡུན་དུ་གནས་པའི་སྒོ།།བླ་མེད་ནང་བསྟན་ཚན་རིག་དང་།།
བསྡུར་ཞིང་དཔྱད་པའི་ཤིང་རྟའི་སྲོལ།།འབྱེད་མཁས་ཁྱོད་ལ་ཆེ་རྒུས་བསྟོད།།
འཛམ་གླིང་མཛེས་པའི་པཎ་གྲུབ་ཀྱི།།འཇུག་ངོགས་ཟླ་དང་བྲལ་བ་གང་།།
ཁྱོད་དགྱེས་གྱུར་པའི་ལམ་བཟང་འདིར།།ཐབས་གང་གིས་ནི་བགྲོད་པར་བྱ།།
ནང་བསྟན་སེམས་གཙོ་སྨྲ་བ་དང་།།ཚན་རིག་དངོས་གཙོ་སྨྲ་བ་གཉིས།།
ཇི་ལྟ་བུ་ན་གཞི་གཅིག་ཏུ།།འགལ་དང་མཐུན་པའི་ཆ་ཀུན་འདོམས།།
དེ་ཕྱིར་རྨད་དུ་བྱུང་བའི་ཐབས།།བརྩོན་པ་ཆེན་པོས་འདོམས་མཛད་ནས།།
དབང་རྟུལ་དད་པའི་རྗེས་འབྲང་གི།བརྟུལ་ཞུགས་དགོས་པ་མེད་པར་གསུངས།།
ཁྱོད་ཀྱིས་རིགས་ཚུལ་སྨྲས་པ་ལ།།རྒོལ་བ་འགའ་ཡང་ལྐུགས་པ་ན།།
གླགས་མི་རྙེད་པའི་ཚད་མའི་གསུང་།།ཁྱོད་ཀྱིས་སྟོན་པ་ལེགས་པར་འཁུམས།།
ཅི་སླད་ཅེ་ན་ནང་བསྟན་དང་།།ཚན་རིག་ཤེས་དང་མཁས་པ་ཡི།།
སྐྱེ་བོའི་སྒྲོ་འདོགས་སྐུར་འདེབས་ཀྱི།།གོ་སྐབས་གཏན་ནས་མེད་ཕྱིར་རོ།།
ཁྱོད་ནི་སྨྲ་བའི་སེང་གེ་རུ།།ངེས་པའི་རྒྱུ་མཚན་རྟེན་འབྱུང་དང་།།
སྙིང་རྗེ་ཆེན་པོས་གསུང་གཞན་ཡང་།།ཚད་མར་གྱུར་པར་ངེས་པ་ཐོབ།།
དོན་བཞིན་གཟིགས་ནས་ལེགས་འདོམས་པ།།ཁྱོད་ཀྱི་རྗེས་སུ་འཇུག་པ་ལ།།
རྒུད་པ་ཐམས་ཅད་འདོར་འགྱུར་ཞིང་།།ཉེས་ཀུན་རྩ་བ་འཇོམས་ཕྱིར་རོ།།
ཁྱོད་ཀྱིས་ཇི་ལྟར་བསྟན་པ་ལས།།གཞན་ལ་ངལ་བ་བསྟེན་བྱས་ཀྱང་།།
ཕྱི་ཕྱིར་རྨོངས་ཤིང་འཐོམ་པ་ཡི།།བདག་འཛིན་ལྟ་བས་འཆིང་བར་བྱེད།།
ཨེ་མའོ་མཁས་པའི་ཚོགས་རྣམས་ཀྱིས།།ཁྱོད་ཀྱི་དགོངས་དོན་རྟོགས་གྱུར་པས།།
དེ་ཚེ་རུས་པའི་གཏིང་ནས་ནི།།ཁྱོད་ལ་འདི་ལྟར་གུས་པར་གྱུར།།
ཁྱོད་གསུང་ཟབ་དང་རྒྱ་ཆེ་ལས།།ཆ་ཤས་རེ་ཡི་དགོངས་པ་ལ།།
འོལ་སྤྱི་ཙམ་ཞིག་ངེས་རྙེད་པ།།འདིས་ཀྱང་མཆོག་གི་བདེ་བ་སྟེར།།
ཀྱེ་ཧུད་བདག་བློ་རྨོངས་པས་བཟུང་།།ཁྱོད་ཀྱི་ཡོན་ཏན་ཕུང་པོ་ནི།།
རིང་ནས་མགོན་དུ་བསྟེན་གྱུར་ཀྱང་།།མཐར་འཛིན་མདུད་པས་དམ་དུ་བཅིངས།།
འོན་ཀྱང་འཆི་བདག་ཁར་རྔུབས་པའི།།སྲོག་གི་རྒྱུན་འདི་མ་འགག་བར།།
ཁྱོད་ལ་དད་ཅིང་ཡིད་ཆེས་པ།།འདི་ཡང་བསྐལ་པ་ཤིན་ཏུ་བཟང་།།
འཛམ་གླིང་འདི་ན་རྟེན་འབྱུང་སྟོན་པ་དང་།།བྱམས་བརྩེའི་ཐུགས་རྗེའི་འོད་རླབས་འཕྲོ་བ་ཡིས།།
འཇིག་རྟེན་འདི་ན་ཉི་མ་ཟླ་བ་བཞིན།།ཁྱོད་ཉིད་ཁོ་ན་འཕགས་ཀྱི་གཞན་དག་མིན།།
ཁྱོད་ཀྱི་ཇི་སྙེད་བསྩལ་བའི་བཀའ།།རྟེན་འབྲེལ་བདེན་བཞིའི་རིགས་ཚུལ་ཀྱིས།།
འགྲོ་ཀུན་སྡུག་བསྔལ་བསལ་ཕྱིར་ཏེ།།ཀུན་ཏུ་གཏན་བདེའི་དཔལ་ལ་གཞོལ།།
ཀྱེ་མ་ཁྱོད་ཀྱི་གདམས་པའི་གསུང་།།གང་གི་རྣ་བར་ལྷུང་བ་ན།།
དགའ་དང་དད་པ་འགྲན་བཞིན་འཕེལ།།ཁྱོད་ཀྱི་རྗེས་སུ་སློབ་པར་འགྱུར།།
འཛམ་གླིང་ཞི་བདེ་འབྱུང་བ་དང་།།མི་སྡེའི་བྱམས་བརྩེའི་རིན་ཐང་ཤེས།།
ཀུན་ལ་བདེ་སྐྱིད་འབྱུང་བའི་ཕྱིར།།ཁྱོད་ཀྱི་ལུགས་ལ་སྤྲོ་བ་འཕེལ།།
འདི་ལྟར་ཁྱོད་ཀྱིས་དུས་ཀུན་ཏུ།།ལ་ལར་གུས་ཤིང་ཐལ་སྦྱར་ཞིང་།།
ངལ་བའི་མཛད་པ་ལྷུར་བླངས་ནས།ཉིན་མཚན་ཀུན་ཏུ་གཞན་དོན་བརྩོན།།
གསུང་གི་བྱིན་རླབས་ཐོབ་པ་ན།།ལྕགས་ཀྱུས་ཉ་ལ་ཇི་ལྟ་བར།།
ཁྱོད་ཀྱིས་བསྟན་པའི་རིགས་ཚུལ་ལ།།དོན་བཞིན་དཔྱོད་ལ་འབད་པས་བྲེལ།།
མྱ་ངན་ཤུགས་ཀྱིས་ཡིད་ནོན་པའི།།བརྩེ་བའི་བུ་ལ་མ་ཡི་སེམས།།
རྗེས་སུ་འཇུག་པ་ཇི་བཞིན་དུ།།བདག་གི་ཡིད་ཀྱི་བརྟན་པ་འཕྲོག།
འདི་ནའང་ཁྱོད་གསུང་དྲན་པ་ན།།བྱམས་བརྩེའི་འཛུམ་དཀར་རབ་བཞད་པའི།།
འདྲེན་མཆོག་ཁྱོད་ཀྱི་གསུང་དབྱངས་ཀྱིས།།འདི་དོན་འདི་ལྟར་གསུངས་སྙམ་པའི།།
ཡིད་ལ་ཁྱོད་ཞལ་འཆར་བ་ན།།ཚ་བས་གདུང་ལ་ཟླ་ཟེར་བཞིན།།
ཞི་བསིལ་བདེ་དགའི་བྱིན་རླབས་ཀྱི།།སིམ་པ་སྟེར་འདི་མཆོག་ཏུ་སྨན།།
དེ་ལྟར་རྨད་བྱུང་མགོན་ཁྱོད་ཀྱི།།ལེགས་གསུང་དོན་བཞིན་མི་རྟོགས་པའི།།
རང་ཅག་གངས་ཅན་སྐྱེ་བོ་འགའ།།བལ་བ་ཛ་བཞིན་ཀུན་ཏུ་འཛིངས།།
ཚུལ་འདི་བསམས་ནས་བདག་གིས་ནི།།ཅུང་ཟད་འབད་པས་མགོན་ཁྱོད་ཀྱི།།
གཞན་གཅེས་འཛིན་པའི་རླབས་ཆེན་གྱི།།དགོངས་པ་ཡང་ནས་ཡང་དུ་བསམས།།
དེ་ཚེ་འཇིག་རྟེན་མི་སྡེ་ཡི།།གླིང་ཀུན་ཁྱབ་པའི་མཛད་འཕྲིན་གྱིས།།
ཕྱི་ཕྱིར་སྙན་པའི་གྲགས་པ་འཕེལ།།བདག་ཡིད་ཀུན་ནས་དད་ཅིང་སྤྲོ།།
ཁྱོད་ནི་བླ་མེད་མགོན་གྱི་ཚུལ།།འདི་ལྟར་གླིང་འདིར་བྱོན་པ་ནི།།
ཐུབ་བསྟན་ཀུ་མུད་རྒྱས་མཛད་པའི།།ཀླུ་སྒྲུབ་ཟླ་ཟེར་ཤར་བ་བཞིན།།
དྲི་མེད་མཁྱེན་བརྩེའི་དཀྱིལ་འཁོར་རྒྱས།།ཟབ་རྒྱས་ཆོས་ཀྱི་དགའ་སྟོན་འཇོ།།
མཐར་འཛིན་སྙིང་གི་མུན་སེལ་པའི།།དཔལ་ལྡན་སྨྲ་བའི་ཉི་མ་ཁྱོད།།
འཕགས་ཡུལ་པཎ་ཆེན་བཅུ་བདུན་དང་།།གངས་ཅན་མཁས་པའི་གཙུག་རྒྱན་ཀུན།།
གཅིག་ཏུ་བསྡུས་པ་ཁྱོད་མཇལ་བས།།བདག་གི་ཡིད་ལ་ངལ་གསོ་ཐོབ།།
མཛད་པ་ཀུན་ལས་གཞན་དོན་གྱི།།མཛད་པ་མཆོག་དེ་འདོམས་མཛད་པའི།།
མགོན་པོ་ཁྱོད་ཀྱི་རྣམ་ཐར་གྱིས།།ཤཱཀྱའི་གཙོ་བོ་རྗེས་སུ་དྲན།།
ཁྱོད་ཀྱི་གདུལ་བྱའི་འཁོར་དུ་སྐྱེས་པ་ཡི།།དམ་པའི་ཆོས་ལ་དད་པ་མི་དམན་ཞིང་།།
ཁྱོད་གསུང་སྒྲུབ་པར་བརྩོན་པའི་ཕལ་བ་ཞིག།དྲང་སྲོང་ཆེན་པོ་ཁྱོད་ལ་རབ་ཏུ་གུས།།
འདྲེན་མཆོག་ཁྱོད་ཀྱི་གསང་གསུམ་མཛད་པ་ལ།།མཇལ་བ་འདི་འདྲ་བསྐལ་བ་ཆེས་བཟང་བས།།
བདག་གི་དུས་གསུམ་དགེ་རྩ་མ་ལུས་པ།།མགོན་ཁྱོད་ཞབས་པད་བརྟན་པའི་རྒྱུ་རུ་བསྔོ།།
ཕན་མཛད་ཁྱོད་ཀྱི་ཐུགས་བསྐྱེད་སྲིད་མཐའི་བར།།ཀུན་ཏུ་སྤྲོ་བའི་དམ་བཅའ་མི་གཡོ་ཞིང་།།
ཤེས་ནས་དད་པ་ཐོབ་པའི་མགོན་ཁྱོད་ཀྱི།།བཀའ་བཞིན་སྒྲུབ་པའི་ལས་ལ་བརྩོན་པར་ཤོག།
བདེན་གཉིས་བདེན་བཞིའི་ཆོས་ཚུལ་རིགས་པ་ཡིས།།ངེས་ཤེས་རྙེད་པའི་ལུང་རྟོགས་རྒྱལ་བའི་བསྟན།།
བཤད་སྒྲུབ་འཁོར་ལོ་གསུམ་གྱིས་འཛིན་པ་ལ།།སྐད་ཅིག་ཙམ་ལའང་ལྷོད་པ་མ་གྱུར་ཅིག།
མགོན་པོ་ཁྱོད་ཀྱིས་ནན་ཏན་གདམས་པ་ཡི།།སྟོང་ཉིད་སྙིང་རྗེའི་སྙིང་པོ་ཉམས་ལེན་ཞིང་།།
ཇི་སྲིད་ནམ་མཁའ་གནས་པ་དེ་སྲིད་དུ།།གཞན་ཕན་ལས་ཀྱིས་ཉིན་མཚན་འདའ་བར་ཤོག།
ལྷག་བསམ་དག་པས་ཚུལ་འདིར་འབད་པ་ན།།ཕྱི་ནང་གསང་བའི་འགལ་རྐྱེན་བར་ཆད་ཀུན།།
ཆོས་བཞིན་ཉམས་སུ་ལེན་པའི་གྲོགས་གྱུར་ནས།།དཔལ་ལྡན་བླ་མས་དགྱེས་བཞིན་རྗེས་འཛིན་ཤོག། ། །

ཅེས་པ་འདི་ནི་རང་ཅག་ཁ་བ་གངས་ཅན་པ་ཡོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འདི་ཕྱིའི་གཏན་གྱི་མགོན་སྐྱབས་འཛམ་གླིང་ཞི་བདེའི་འདྲེན་མཆོག་༧གོང་ས་རྒྱལ་བའི་དབང་པོ་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་བཞེས་པའི་སྐུའི་གྱ་སྟོན་གྱི་འཁྲུངས་སྐར་ལ་དགའ་སྟོན་རྟེན་འབྲེལ་གྱི་ཤིས་ཚིག་མེ་ཏོག་གི་ཚོམ་བུ་ཞིག་འབུལ་ཕྱིར་གུས་འབངས་ཕལ་བ་་ཚ་རུ་མ་ཐབས་མཁས་སུ་འབོད་པས། གླིང་ཆེན་ཨོ་སི་ཁྲུའུ་ལེ་ཡའི་ཤར་འདབས་མེལ་བྷོན་གྲོང་ཁྱེར་གྱི་རི་ལྗོངས་ཀཱ་ལོ་རམ་མཱའི་འདབ་ཆགས་ནེ་ཙོ་དཀར་པོ་དག་གི་གཤོག་འགྱུར་རྩེན་ཞིང་།དུས་བཞིར་ལྗང་མདོག་གིས་འཁྱུད་པའི་ལྗོན་ཚལ་ཆེན་པོ་ནས་དད་གུས་ཀྱིས་གསོལ་བ་སྙིང་ནས་འདེབས་བཞིན་ཕྱི་ལོ་༢༠༡༥ཕྱི་ཟླ་༦ཚེས་༢བྲིས་པ་དགེ་ལེགས་སུ་གྱུར་ཅིག་གུ། །། སརྦམངྒལཾ

རྩོམ་རིག

Post navigation

Previous Post: ད་དུང་ཡང་ངུ་སྙིང་འདོད།
Next Post: བོད་ཡིག་སྦྱང་འབྲས་རྩེ་ཕུད་ལ་ཧིན་སྒོར་ཁྲི་གཉིས་ཀྱི་གཟེངས་རྟགས་ཡོད།

Comments (3) on “བསྟོད་པ་ཚད་མར་གྱུར་པ་ལེགས་བཤད་སྙིང་པོའི་རྒྱན་དོན་བཞིན་གསལ་བ་ཚིག་གི་ཉིན་བྱེད།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-06-08 at 12:42 pm

    ༸བློ་བཟང་གྲགས་པས་སྟོན་པ་ལ། །
    རྟེན་འབྱུང་བསྟན་པས་བསྟོད་པ་ཕུལ། །
    ཚ་རུ་མ་ཡི་ཐབས་མཁས་ཀྱིས། །
    ༸གོང་ས་མཆོག་ལ་གསར་བསྟོད་སྦྱར། །

  2. ཨ། says:
    2015-06-08 at 1:14 pm

    དཔལ་ལྡན་བླ་མ་ལ་ཕྱག་འཚལ།།
    སྐུ་ཚེ་བསྐལ་བརྒྱར་རབ་བརྟན་ནས།།
    གསུང་གི་ཡོད་པ་མ་ལུས་པ།།
    ཐུགས་ཀྱི་བཞེད་པ་ལྟར་འགྲུབ་ཤོག།

  3. ཀརྨ་བློ་གསལ་ says:
    2015-06-09 at 10:12 am

    ད་རེས་གོང་ས་མཆོག་གིས་དམ་བཅའ་ཟེར་བ་ཁ་ཤས་བཞག་སོང་། ཉན་གྱིན་ཉན་གྱིན་བསྐུལ་མ་གཏོང་བཞིན་པ་འདྲ་པོ་ཞིག་འདུག མང་ཚོགས་ཡོངས་ལ་འདོད་པ་ཡོད་མེད་ལ་ལྟ་ཡ་ལས་མི་རེ་ཟུང་གི་སྤྲེལ་ལད་ཡིན་ཤག་གནང་བཞིན་པ་དེ་ཧ་ཅང་གི་མ་འོས་པ་ཞིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme