Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསྟན་འཛིན་སྒང་ལ་སྡིགས་པ།

Posted on 2011-08-23 By ཁ་བརྡ་ 26 Comments on བསྟན་འཛིན་སྒང་ལ་སྡིགས་པ།

ཐེ་བོ་ཤེས་རབ་རྒྱ་མཚོ།

ཀ་རྩོམ་གཟུ་མོ་གཉོམ་ཆུང་རྒྱབ་རྩར་སྤྲིངས།།
ཁ་བ་སྐམ་པོ་ཁ་དོན་མཐུན་ནས་འདུག།
ག་ས་གང་དུ་ཁྱོད་འདྲ་ཡོད་སོང་ན།།
ང་ཚོ་མི་རབས་གསར་པ་སུ་ལ་འཇིགས།།

ཅ་ཅོ་སྒྲོག་པའི་ཙི་ཙིའི་ཕྲུ་གུ་རྣམས།།
ཆ་ལུགས་བཙོག་པ་དེ་འདྲ་རིག་ན་ཡང་།།
ཇ་མར་ཟ་འཐུང་ཙམ་ཞིག་རྙེད་པ་ན།།
ཉ་བ་རྒན་པོ་བཞིན་དུ་འཁུམས་པ་འདྲ།།

ཏ་རེ་ལྷ་མོ་ལྟ་བུའི་བུ་མོ་དེར།།
ཐ་ཆད་མི་ཚོས་ཁྲིམས་མེད་ལུགས་མེད་ཀྱིས།།
ད་རེ་རྡེག་ཅིང་མཚང་ནས་བྲུས་པ་འདི།།
ན་རག་དམྱལ་བའི་བྱེད་ལས་ས་ལ་རྒྱུ།།

པ་ཕ་མེད་པའི་བུ་མོ་ཉམ་ཆུང་ཞིག།
ཕ་ཁུ་མང་པོས་ཡར་མར་དྲུད་དྲུད་ནས།།
བ་སོ་ལྟ་བུ་དཀར་འཇམ་ལུས་པོའི་སྟེང་།།
མ་ཉེས་ཁག་གཡོག་ལྕག་ནག་ཆར་བཞིན་ཕབ།།

ཙ་ར་གཅོད་སྟངས་གདུག་རྩུབ་ཅན་པོ་དེས།།
ཚ་མོ་ཆུང་ཆུང་དེ་ཡི་ལུས་སེམས་རྨས།།
ཛ་ལང་སྤྱོད་པ་ཅན་གྱི་མི་ཚོགས་དེ།།
ཝ་ལེར་བསམ་ན་གདོན་འདྲེ་མངོན་སུམ་ཉིད།།

ཞ་ལོང་འོན་ལྐུགས་བཟོས་པའི་བུ་མོ་དེར།།
ཟ་མ་མོ་རྣམས་རྒྱབ་རྩར་ལངས་ནས་ཤོག།
འ་ཅག་ཚང་མས་ཀླ་ཀློ་དེ་རིགས་རྣམས།།
ཡ་གིའི་ཁྲིམས་ལ་སྦྱར་ནས་དྲང་བདེན་རྩོད།།

ར་གན་གསེར་བརྫུས་རང་བདེན་ཚོགས་གཙོ་དེར།།
ལ་འོང་ཟེར་ནས་བསྡད་པའི་མཇུག་འབྲས་སུ།།
ཤ་རེ་ཚ་བའི་བུ་མོ་ཉམ་ཆུང་ཞིག།
ས་ལ་གཅེར་བུར་ཕུད་ནས་ཁྲོམ་སྐོར་བྱས།།

ཧ་ཅང་ཐལ་ཆ་ཆེ་བའི་བྱེད་སྟངས་དེར།།
ཨ་མདོ་བུ་ངས་ནམ་ཡང་སྡིགས་རྒྱུ་ཡིན།།
རྒྱུ་འབྲས་བློ་མིག་ཅན་གྱི་མྱི་བུ་རྣམས།།
ཉམ་ཆུང་བུ་མོའི་རྒྱབ་རྩར་ལངས་ནས་ཤོག།

སྙན་ངག

Post navigation

Previous Post: སེམས་དང་སེམས་པའི་བར།༼ ཞར་བཀོད་ལྔ ༽
Next Post: སྲིད་སྐྱོང་བློ་སེང་གི་དོན་ཚན་བདུན།

Comments (26) on “བསྟན་འཛིན་སྒང་ལ་སྡིགས་པ།”

  1. གཞོན་ནུ་ཟླ་མེད། says:
    2011-08-23 at 5:22 am

    ཀ་ཐ་མན་ཀྲུ་བལ་བོའི་རྒྱལ་ས་ན།།
    ཁ་ཁོག་དུང་ལས་དཀར་བའི་དགེ་སློང་ཞིག།
    ག་དུས་ཤ་ཚའི་གཏམ་གྱི་བདུད་རྩི་ཡིས།།
    ང་ཅག་བོད་པའི་དོན་དུ་སྤྲིངས་ལ་བསྟོད།།
    ཅ་དག་མིན་པའི་སྤྱི་ཚོགས་ཆུང་ཆུང་འདིར།།
    ཆ་ལུགས་ཡ་མ་ཟུང་གིས་ཁེངས་ནས་འདུག།
    ཇ་ཁ་ཆང་ཁ་སྟུ་ཁ་མཇེ་ཁ་རྩོད།།
    ཉ་ཉོག་འདི་ཚོ་མཐོང་ན་ཡིད་རེ་མུག།
    ཏྰ་ལེ་བླ་མས་བསྐྱངས་པའི་དྲིན་མིན་ན།།
    ཐ་ཤལ་འདི་ཚོ་གནའ་ནས་ཤི་ཚར་ཡོད།།
    ད་ལྟ་ཅུང་ཟད་ལུས་ལ་སྤུ་ཐོག་ན།།
    ན་རག་དམྱལ་བ་མི་དྲན་འདི་ཅི་ཞིག།
    པ་ཡིག་འདི་ལ་ཚིག་སྒྲུབ་མ་རེག་ཐལ།།
    ཕ་ནས་བཟུང་སྟེ་བྲིས་ན་ཅི་འདྲ་འདུག།
    བ་ཕྱུགས་འཚོ་བའི་བུ་མོ་བདག་མེད་ལ།།
    མ་རབས་དེ་ཚོས་ཕོ་རྡུང་མོ་རྡུང་བྱས།།
    ཙ་ར་གཅོད་པའི་ཁྲིམས་སར་མི་བསྐྱལ་བར།།
    ཚ་ན་མྱང་པ་ནང་ཚགས་བསྒྲིག་ཐབས་བྱས།།
    ཛ་རེ་ཛོ་རེ་ས་གནས་ལས་བྱེད་དག།
    ཝ་མོ་འདྲ་བའི་ཡོག་ལི་རྐྱང་རྐྱང་རེད།།
    ཞ་ར་གོམས་པ་སྤོས་པའི་སྟངས་སྟབས་ལྟར།།
    ཟ་སྒོ་འཚོལ་བའི་དཔོན་ངན་འཁྱར་འཁྱོར་དག།
    འ་ཅག་གངས་ཅན་སླར་གསོའི་བགེགས་ཡིན་པས།།
    ཡཾ་ལས་རླུང་གི་དཀྱིལ་འཁོར་ནང་དུ་སྤུར།།
    ར་མ་བརྒྱ་ལ་ར་ཕོ་གཅིག་གིས་རྒྱོ།།
    ལ་ལུང་ཀུན་ན་རྩོད་པ་གང་ཡང་མེད།།
    ཤ་ཚ་སྙིང་རྗེ་བྲལ་བའི་བོད་མོ་དེར།།
    ས་ལ་བརྡབ་ནས་རྡུང་དོན་དེ་ཅི་དྲག།
    ཧ་མ་ཧོ་ལ་རྒྱུགས་ནས་རྡུང་དགོས་ན།།
    ཨ་སྲི་རང་གི་ཁྱོ་ཀ་རྡུང་བ་ལས།།
    ཨ་ཅེ་ཉམས་ཆུང་ཞིག་ལ་རྡུང་དོན་ཅི།།
    ཧམ་དེ་ཚོ་ཡན་པོར་གཏོང་མི་རུང་།།

  2. གཞོན་ནུ་ཟླ་མེད། says:
    2011-08-23 at 5:37 am

    ཧམ་ཆེན་དེ་ཚོ་ཡན་པོར་གཏོང་མི་རུང་།། ཟེར་ནས་བཅོས་དགོས་ས་རེད།

  3. ཨ་ར་དཀར་པོ says:
    2011-08-23 at 9:00 am

    ཨ་ཕ་མེད་པའི་བུ་མོ་ཉམ་ཆུང་མར།།
    ཧ་ལས་དགོས་པའི་མནར་གཅོད་བཏང་རབས་འདིར།།
    ཨ་ར་དཀར་པོས་ཨམ་ཙིག་བསྡམས་ནས་ནི།།
    ཧ་ལེ་ཧོ་ལེ་ཚིག་འགའ་བཤད་ཀྱི་ཡིན།།
    ས་སྟེང་མི་ཡི་ བྱ་སྤྱོད་མ་རུང་འདི།།
    ཤ་ཚ་ཅན་གྱིས་ཡན་པོར་མ་གཏོང་རོགས།།
    ལ་ལུང་གང་དུ་ཡོད་ཀྱང་མི་འཛེམས་པར།།
    ར་མིན་ལུག་མིན་འདི་ཚོ་ཁྲིམས་ལ་སྦྱོར།།
    ཡ་ང་སྙིང་རྗེ་མེད་པའི་ལས་འདི་འདྲ།།
    འ་ཅག་བོད་མི་ཡོངས་ཀྱི་ཞབས་འདྲེན་རེད།།
    ཟ་རོགས་ཉལ་རོགས་ཙམ་ཞིག་བྱས་པ་ལ།།
    ཞ་ར་མིན་ན་འདི་འདྲ་ཨེ་འབབ་ལྟོས།།
    ཝ་མོའི་གཡོ་སྒྱུར་གོམས་པའི་དཔོན་ངན་ཚོ།།
    ཛ་རེ་ཛོ་རེ་བཤད་ནས་མ་སྡོད་པར།།
    ཚ་ཚོད་མེད་པའི་བརྙས་བཅས་བྱེད་མཁན་ཚོར།།
    ཙ་ར་མ་འདྲ་བ་ཞིག་གཅོད་ལ་རེམས།།
    མ་དག་ལས་ངན་བུ་མོ་ཉམ་ཆུང་མ།།
    བ་ཕྱུགས་ལྟ་བུའི་རྩ་གཟན་སེམས་ཅན་མིན།།
    ཕ་དང་ཨུ་ཁུ་མེད་ཀྱང་མི་ཞིག་ཡིན།།
    པ་མགོ་དེ་ཚོ་ཡན་པོར་མ་གཏོང་དོན་མེད།།
    ན་ཆུང་བུ་མོའི་གདོང་པ་གྲི་ཡིས་གཙབ།།
    ད་དུང་དེ་ཡིས་མ་ཚིམ་དམར་རེངས་ཁྲིད།།
    ཐ་ཤལ་འདི་འདྲ་བྱེད་མཁན་བོད་མི་རེད།།
    ཏ་ལའི་བླ་མའི་ཞབས་འདྲེན་འདི་ཚོ་རེད།།
    ཉ་ཉོག་འདི་ཚོ་ས་སྟེང་འཇོག་པ་ལས།།
    ཇ་ཡུན་ཙམ་ལ་མེད་པར་བཏང་ན་བསམ།།
    ཆ་ལུགས་ཆོས་ལུགས་རྩོད་མཁས་དཔའ་བོ་ཚོ།།
    ཅ་ཅོ་ཡོད་ན་བདེན་པའི་དོན་ལ་སྒྲོགས།།
    ང་འདྲའི་ཨ་ར་དཀར་བའི་རྒན་པོ་དག།
    ག་ལེར་སྡོད་པའི་ཁོམ་ལོང་མེད་དུས་འདིར།།
    ཁ་བ་ཅན་གྱི་ཕོ་གཞོན་མོ་གཞོན་ཚོ།།
    ཀ་བ་ལྟ་བུར་རེངས་ནས་མ་སྡོད་རོགས།།

  4. ཨ་ར་དཀར་པོ says:
    2011-08-23 at 9:06 am

    ཨུ་ཁུ་ཞེས་པ་ཨ་ཁུ་ལ་བཅོས་རོགས

  5. ལྗང་སྨྱུག says:
    2011-08-23 at 10:07 am

    ཨ་མའི་བུ་མོ་ཞིག་གི་སྡུག་བསྔལ་དག།
    ཨ་ར་དཀར་པོའི་བདེན་པའི་ཀ་བཤད་ཕྲེང་།།
    ཨ་ནས་འགོ་འཛུགས་ཞིབ་ཕྲའི་གནས་ཚུལ་འདིར།།
    ཨ་ཕོ་ང་ཡིས་ནམ་ཡང་རྒྱབ་སྐྱོར་ཡོད།།

  6. མིག་བརྒྱད་པ། says:
    2011-08-23 at 2:49 pm

    ཀྭ་ཡེ་གསོན་དང་བོད་རིགས་སྤུན་ཟླ་ཚོ།།
    ཁ་བ་ཅན་དང་ཡུལ་གྲུ་དུ་མ་ནས།།
    ག་དུས་ཡིན་ཡང་ཡ་རབས་བཟང་སྤྱོད་ལ།།
    ང་ཅག་ཚང་མས་བདག་པོ་བརྒྱབ་ན་མཛེས།།

    ཅ་ཅོ་བག་མེད་སྤྱོད་ངན་མཐོང་ཙ་ན།།
    ཆ་ལུགས་ངན་པས་བུ་མོ་དམར་ཧྲེང་ཕུད།།
    ཇ་ལན་དུག་གིས་འཇལ་བའི་ལས་ངན་བསགས།།
    ཉ་ཉོག་འདི་དག་བོད་མིའི་ཞབས་འདྲེན་རེད།།

    ཏ་ཟིག་ཡུལ་དང་ཁ་ཆེའི་བུད་མེད་ལ།།
    ཐ་ཤལ་ལོག་གཡེན་བྱེད་ན་དམར་གསོད་གཏོང་།།
    ད་ནི་བུ་མོར་བརྡུང་རྡེག་གཏོང་བ་ནི།།
    ན་རག་དམྱལ་བ་བསུ་བའི་སྔོན་བརྡ་རེད།།

    པ་སངས་ལྟ་བུའི་རབ་དཀར་སེམས་མེད་པས།།
    ཕ་རོལ་ཁྱད་གསོད་ཉམ་ཆུང་བུད་མེད་ལ།།
    བ་ཕྱུགས་བཞིན་ཐག་པས་བསྡམས་ནས་དྲུད།།
    མ་རབས་སྤྱོད་པ་མཐོང་དུས་ཡིད་སེམས་སྐྱོ།།

    ཙ་རིའི་ཡུལ་དང་ཉེ་བའི་བསྟན་འཛིན་སྒང་།།
    ཚ་གྲང་སྙོམ་པའི་བོད་ཀྱི་གཞིས་ཀ་ནས།།
    ཛ་ལང་སྤྱོད་ངན་དེ་འདྲ་ཐོས་ཙ་ན།།
    ཝ་སྐྱེས་ཚོགས་པ་ཞིག་ཏུ་བསམ་ནས་ཡོད།།

    ཞ་ཡིག་ལྟར་འཁྱོག་པོའི་སེམས་པ་ཅན།།
    ཟ་ཉེས་ཤོར་བའི་འདོད་ཆགས་ཅན་དེ་ལ།།
    འ་འུར་ཆག་སྒོ་བསླངས་བའི་གཞི་རྩ་ནི།།
    ཡ་རབས་ལུགས་དང་མི་མཐུན་ལོག་གཡེན་རེད།།

    ར་མ་ལུག་གི་གཞིས་ཆགས་ཆུང་ངུ་དེ།།
    ལ་ལུང་སྒང་གཤོང་ཆེ་བའི་ས་ན་ཆགས།།
    ཤ་གཅོད་རླུག་འབྲེག་བྱེད་པའི་སྲོལ་ངན་ལ།།
    ས་ཆ་གང་དུའང་ཁ་བརྡུང་ཆར་བཞིན་འབབ།།

    ཧ་ཅང་ཐལ་བའི་ཀུ་རེ་ཙམ་མིན་པའི།།
    ཨ་ཧོ་སྙིང་གི་ཚིག་གསུམ་དབང་མེད་ཐལ།།

  7. མིག་བརྒྱད་པ། says:
    2011-08-23 at 2:51 pm

    བ་ཕྱུགས་བཞིན་དུ་ཐག་པས་བསྡམས་ནས་དྲུད།།ཞེས་པར་བཅོས།

  8. མིག་བརྒྱད་པ། says:
    2011-08-23 at 2:53 pm

    ཀྭ་ཡེ་གསོན་དང་བོད་རིགས་སྤུན་ཟླ་ཚོ།།
    ཁ་བ་ཅན་དང་ཡུལ་གྲུ་དུ་མ་ནས།།
    ག་དུས་ཡིན་ཡང་ཡ་རབས་བཟང་སྤྱོད་ལ།།
    ང་ཅག་ཚང་མས་བདག་པོ་བརྒྱབ་ན་མཛེས།།

    ཅ་ཅོ་བག་མེད་སྤྱོད་ངན་མཐོང་ཙ་ན།།
    ཆ་ལུགས་ངན་པས་བུ་མོ་དམར་ཧྲེང་ཕུད།།
    ཇ་ལན་དུག་གིས་འཇལ་བའི་ལས་ངན་བསགས།།
    ཉ་ཉོག་འདི་དག་བོད་མིའི་ཞབས་འདྲེན་རེད།།

    ཏ་ཟིག་ཡུལ་དང་ཁ་ཆེའི་བུད་མེད་ལ།།
    ཐ་ཤལ་ལོག་གཡེན་བྱེད་ན་དམར་གསོད་གཏོང་།།
    ད་ནི་བུ་མོར་བརྡུང་རྡེག་གཏོང་བ་ནི།།
    ན་རག་དམྱལ་བ་བསུ་བའི་སྔོན་བརྡ་རེད།།

    པ་སངས་ལྟ་བུའི་རབ་དཀར་སེམས་མེད་པས།།
    ཕ་རོལ་ཁྱད་གསོད་ཉམ་ཆུང་བུད་མེད་ལ།།
    བ་ཕྱུགས་བཞིན་དུ་ཐག་པས་བསྡམས་ནས་དྲུད།།
    མ་རབས་སྤྱོད་པ་མཐོང་དུས་ཡིད་སེམས་སྐྱོ།།

    ཙ་རིའི་ཡུལ་དང་ཉེ་བའི་བསྟན་འཛིན་སྒང་།།
    ཚ་གྲང་སྙོམ་པའི་བོད་ཀྱི་གཞིས་ཀ་ནས།།
    ཛ་ལང་སྤྱོད་ངན་དེ་འདྲ་ཐོས་ཙ་ན།།
    ཝ་སྐྱེས་ཚོགས་པ་ཞིག་ཏུ་བསམ་ནས་ཡོད།།

    ཞ་ཡིག་ལྟར་འཁྱིལ་འཁྱོག་པོའི་སེམས་པ་ཅན།།
    ཟ་ཉེས་ཤོར་བའི་འདོད་ཆགས་ཅན་དེ་ལ།།
    འ་འུར་ཆག་སྒོ་བསླངས་བའི་གཞི་རྩ་ནི།།
    ཡ་རབས་ལུགས་དང་མི་མཐུན་ལོག་གཡེན་རེད།།

    ར་མ་ལུག་གི་གཞིས་ཆགས་ཆུང་ངུ་དེ།།
    ལ་ལུང་སྒང་གཤོང་ཆེ་བའི་ས་ན་ཆགས།།
    ཤ་གཅོད་རླུག་འབྲེག་བྱེད་པའི་སྲོལ་ངན་ལ།།
    ས་ཆ་གང་དུའང་ཁ་བརྡུང་ཆར་བཞིན་འབབ།།

    ཧ་ཅང་ཐལ་བའི་ཀུ་རེ་ཙམ་མིན་པའི།།
    ཨ་ཧོ་སྙིང་གི་ཚིག་གསུམ་དབང་མེད་ཐལ།།

  9. བརྩོན་རྒྱམ། says:
    2011-08-23 at 3:03 pm

    པ་སངས་ལྟར་དཀར་དྲེ་མེད་སྙིང་གཏམ་འདི།  
    ཕ་བཟང་བུ་མོ་སེམས་གསོའི་ཆེད་དུ་རེད། 
      བ་གླང་ལྟ་བུའི་རང་བདེན་ཚོགས་གཙོ་སོགས།
      མ་ལུས་རང་དབང་མེད་པར་རྩད་ནས་གཅོད།      
    དགེ་འོ་་་་་་་་དགེ་འོ།

  10. ཨ་རིག་འགྱུར་མེད། says:
    2011-08-23 at 3:52 pm

    ཐེ་བོའི་མིང་ཅན་ཨ་མདོའི་གྲྭ་རྐྱང་གི། །
    སྙན་པའི་གྲགས་པ་སྔར་ནས་ཐོས་མྱོང་ཡོད། །
    ཉམ་ཆུང་བུ་མོའི་ཆེད་དུ་ཁུར་བླངས་པའི། །
    ཀ་རྩོམ་དེ་ནི་དེ་འདྲའི་སྙན་པ་ལ། །

    གཞོན་ནུ་ཟླ་མེད་ཨ་ཀ་དཀར་པོ་དང་། །
    ལྗང་སྨྱུག་རྩོམ་རྒྱམ་ད་དུང་མིག་བརྒྱད་པས། །
    ཐེ་བོའི་གྲྭ་རྐྱང་རྒྱབ་ལ་ལངས་དང་ལྷན། །
    བདེན་པའི་གད་རྒྱང་བསྒྲགས་པར་ཨེ་མ་རྨད། །

  11. སྐྱུ་རྩི་ནས། says:
    2011-08-24 at 2:31 am

    ཀ་ཁ་མི་ཤེས་ཀླ་ཀློའི་བྱ་སྤྱོད་ལ།
    ཁ་ཙམ་མིན་པར་སེམས་ནས་སྐྱོ་བ་སྐྱེས།
    ག་ནས་བལྟས་ཀྱང་ཉམས་ཆུང་བུད་མེད་དེར།
    ང་ཅག་སེམས་བཟང་ཅན་ནས་ཤ་ཚ་དགོས།

  12. ལས་རླུང་། says:
    2011-08-24 at 2:49 am

    ཉམ་ཆུང་སྙིང་ནས་གཅེས་པའི་མི།།
    ཐེ་བོ་གཞོན་ནུ་ཨ་ར་དཀར།།
    རིམ་བཞིན་ལྷོད་ཀྱིས་བཀླགས་དང་ལྷན།།
    ཡི་རང་སེམས་པས་གུས་འདུད་བྱེད།།

  13. རྩམ་དགའ། says:
    2011-08-24 at 3:31 am

    མ་རྒན་ཞིག་ལས་མེད་པ་ཡི། །
    བུ་མོ་ལས་ངན་མ་དེ་ལ། །
    མི་ངན་གདོན་འདྲེ་དེ་དག་གིས། །
    ཐུབ་ཚོད་རོ་འདྲར་བཏང་བ་ལ། །

    ནོར་གླིང་སློབ་མ་ཤེར་རྒྱམ་གྱིས། །
    ཇི་ལྟར་གསུང་བར་དེ་ལྟར་དུ། །
    ངེད་ཅག་སྤུན་ཟླ་སྨྱུག་གྲོགས་ཡོངས། །
    རང་རང་ས་ནས་ལོངས་ནས་ཤོག །

  14. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-08-24 at 7:27 pm

    ད་ལྟ་ནི་ཐུབ་ཚོད་གཏོང་མཁན་དག་དང་། ཐུབ་ཚོད་ཟིན་མཁན་ཚང་མ་མྱ་ངན་གྱི་ཁུང་བུར་ཚུད་ཡོད་པ་གདོན་མི་ཟ།
    ལུས་ཅན་དག་གི་ལས་རྣམས་ནི།
    བསྐལ་པ་བརྒྱར་ཡང་ཆུད་མི་ཟ།
    ཚོགས་ཤིང་དུས་ལ་འབབ་པ་ན།
    འབྲས་བུ་ཉིད་དུ་སྨིན་པར་འགྱུར།།
    རྐྱེན་ངན་འདི་འདྲ་བ་འབྱུང་བ་ན། སྟོན་པས་གསུངས་པའི་ཚིགས་བཅད་འདི་་བློ་ལ་འཆར། འདི་ལས་སྔོན་དུ་ཡང་། དྲ་གྲོགས་ཁྱེད་རྣམས་ཀྱིས་བཀའ་བཤད་སྣ་ཚོགས་བྲིས་པ་མཐོང་ནས། རྗེ་ཙོང་ཁ་པ་ལ་བསྟོད་པའི་གཤམ་གསལ་དེ་བྲིས་པ་ཚིག་མ་དག་ལ་ཞུས་དག་དང་། ཁ་སྐོང་མཛད་པར་ཞུས་ཀྱང་། ལན་གསལ་ཕན་པ་ཞིག་མ་འབྱོར། སེམས་གཡེང་རྗེད་ངས་ཀྱིས་བདག་རང་གི་གནས་ཁང་ན་ཀ་བཤད་ཀྱི་དཔེ་ཆ་ཡོད་པ་དེ་ཡང་དྲན་མེད་པ་དང་། ཚིག་མ་དག་པ་འཁྲུལ་པ་དག་ལ་དགོངས་དག་ཞུ་བ་དང་འབྲེལ་གོང་གསལ་སྐྱེ་བོ་དེ་དག་དང་། བདག་སོགས་འགྲོ་བ་ཡོངས་ལ་ཕན་པའི་ཕྱིར་དུ། བྱིན་རླབས་ཅན་གྱི་ཀ་བཤད་འདི་ཉིད་ལན་གཅིག་ཀློག་པ་དང་། མ་དག་པའི་ཚིག་གང་དང་གང་གཟིགས་པ་ལ་དག་བཅོས་དེ། བོད་སྐད་ཡི་གེ་དག་ཆ་་ལ་ཕན་པས་ཅིས་ཀྱང་མཛད་དགོས་པ་ལགས་སོ།།

    ཀ་ལཱ་པ་ན་འཇམ་དབྱངས་གྲགས་པ་ལྟར།
    ཁ་བ་ཅན་འདིར་ཐུབ་བསྟན་འཛིན་པ་ལ།
    ག་ན་གནས་ཀྱང་འགྲན་ཟླ་མ་མཆིས་པ།
    ང་ཡི་གཙུག་གི་རྒྱན་གྱུར་ཙོང་ཁ་པ།། ༡ །།

    གསོལ་བ་འདེགས་སོ་རྗེ་བཙུན་ཙོང་ཁ་པ།
    བྱིན་གྱིས་རློབས་ཤིག་འཇམ་དབྱངས་སྤྲུལ་པའི་སྐུ།
    བཤད་སྒྲུབ་བསྟན་པ་དར་བར་བྱིན་གྱིས་རློབས།
    རང་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས།།

    ཅ་ཅོ་སྤངས་ཏེ་ལེགས་བཤད་སྒྲ་དབྱངས་སྒྲོགས།
    ཆ་ལུགས་མཛེས་པའི་ཆོས་གོས་རྣམ་གསུམ་འཆང་།
    ཇ་སོགས་སྲེད་སྤངས་གང་འབྱུང་ཙམ་གྱིས་འཚོ།
    ཉ་ལྟོ་པ་དང་མཚུངས་པའི་ཙོང་ཁ་པ།། ༢ །།

    གསོལ་བ་འདེགས་སོ་རྗེ་བཙུན་ཙོང་ཁ་པ།
    བྱིན་གྱིས་རློབས་ཤིག་འཇམ་དབྱངས་སྤྲུལ་པའི་སྐུ།
    བཤད་སྒྲུབ་བསྟན་པ་དར་བར་བྱིན་གྱིས་རློབས།
    རང་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས།།

    ཏ་ཐཱ་ག་ཏས་ལུང་བསྟན་རྒྱལ་བའི་སྲས།
    ཐ་ཆད་གངས་ཅན་འགྲོ་བ་འདུལ་བ་ལ། །
    ད་ལྟ་བློ་བཟང་གྲགས་པ་ཞེས་སུ་གྲགས།
    ནཱ་གཱ་རྫུ་ནའི་རྣམ་སྤྲུལ་ཙོང་ཁ་པ།། ༣ །།
    གསོལ་བ་འདེགས་སོ་རྗེ་བཙུན་ཙོང་ཁ་པ།
    བྱིན་གྱིས་རློབས་ཤིག་འཇམ་དབྱངས་སྤྲུལ་པའི་སྐུ།
    བཤད་སྒྲུབ་བསྟན་པ་དར་བར་བྱིན་གྱིས་རློབས།
    རང་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས།།

    པ་སངས་རྒྱུ་སྐར་དབུས་ན་ཟླ་བ་ལྟར།
    ཕ་རོལ་མཁས་མང་དབུས་ན་འགྲན་ཟླ་བྲལ།
    བ་ལང་བདག་ལྟར་བས་མཐར་གནས་བཅས་ཤིང་།
    མ་ཡེངས་སྒྲུབ་ལ་བརྩོན་པའི་ཙོང་ཁ་པ།། ༤ །།

    གསོལ་བ་འདེགས་སོ་རྗེ་བཙུན་ཙོང་ཁ་པ།
    བྱིན་གྱིས་རློབས་ཤིག་འཇམ་དབྱངས་སྤྲུལ་པའི་སྐུ།
    བཤད་སྒྲུབ་བསྟན་པ་དར་བར་བྱིན་གྱིས་རློབས།
    རང་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས།།

    ཙ་རི་ལ་སོགས་དབེན་པའི་གནས་རྣམས་སུ།
    ཚ་གྲང་འགལ་རྐྱེན་ཐམས་ཅད་ཁྱད་བསད་ནས།
    ཛ་ལང་ཅན་གྱི་རང་སེམས་འདུལ་བ་ལ།
    ཝ་ལེར་རྩེ་གཅིག་གནས་པའི་ཙོང་ཁ་པ།། ༥ །།

    གསོལ་བ་འདེགས་སོ་རྗེ་བཙུན་ཙོང་ཁ་པ།
    བྱིན་གྱིས་རློབས་ཤིག་འཇམ་དབྱངས་སྤྲུལ་པའི་སྐུ།
    བཤད་སྒྲུབ་བསྟན་པ་དར་བར་བྱིན་གྱིས་རློབས།
    རང་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས།།

    ཞྭ་བཟང་ཏོག་ལྟར་ཡོངས་འཛིན་གཙུག་ན་མཛེས།
    ཟ་མ་མཆོག་དང་གང་འབྱུང་ཙམ་གྱིས་འཚོ།
    འ་ཅག་སྲིད་མཚོར་འཁྱམས་པའི་འགྲོ་བ་ལ།
    ཡ་མཚན་ཐར་ལམ་སྟོན་པའི་ཙོང་ཁ་པ།། ༦ །།

    གསོལ་བ་འདེགས་སོ་རྗེ་བཙུན་ཙོང་ཁ་པ།
    བྱིན་གྱིས་རློབས་ཤིག་འཇམ་དབྱངས་སྤྲུལ་པའི་སྐུ།
    བཤད་སྒྲུབ་བསྟན་པ་དར་བར་བྱིན་གྱིས་རློབས།
    རང་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས།།

    ར་ལོ་པ་ལྟར་བསྐྱེད་རིམ་སམཐར་སོན་ཅིང་།
    ལ་བ་པ་ལྟར་རྫོགས་རིམ་མངོན་དུ་གྱུར།
    ཤཱ་རིའི་བུ་ལྟར་བདེན་པ་མངོན་སུམ་གཟིགས།
    ས་སྟེང་འགྲན་ཟླ་བྲལ་བའི་ཙོང་ཁ་པ།། ༧ །།

    གསོལ་བ་འདེགས་སོ་རྗེ་བཙུན་ཙོང་ཁ་པ།
    བྱིན་གྱིས་རློབས་ཤིག་འཇམ་དབྱངས་སྤྲུལ་པའི་སྐུ།
    བཤད་སྒྲུབ་བསྟན་པ་དར་བར་བྱིན་གྱིས་རློབས།
    རང་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས།།

    ཧ་ཅང་དང་བའི་ཡིད་ཀྱིས་གསོལ་འདེབས་ན།
    ཨ་དོན་སྐྱེ་མེད་སྟོན་པའི་ཙོང་ཁ་པ།། ༨ །།

    ཆོས་གོས་ངུར་སྨྲིག་རྒྱལ་མཚན་འཛིན་པའི་སྐུ།
    ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སྒྲོགས་པའི་གསུང་།
    ཆོས་དབྱིངས་ངང་ལས་གཡེལ་བ་མེད་པའི་ཐུགས།
    ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཚོང་ཁ་པ།། ༩ །།

    གསོལ་བ་འདེགས་སོ་རྗེ་བཙུན་ཙོང་ཁ་པ།
    བྱིན་གྱིས་རློབས་ཤིག་འཇམ་དབྱངས་སྤྲུལ་པའི་སྐུ།
    བཤད་སྒྲུབ་བསྟན་པ་དར་བར་བྱིན་གྱིས་རློབས།
    རང་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས།།

    འདི་ཡན་འཇམ་དབྱངས་ཁ་ཆེ་པཎ་གྱིས་སྦྱར་བའོ།།
    འཇམ་དབྱངས་ཁ་ཆེ་པཎ་ཆེན་འདི་ཉིད་སུ་ཡིན་ནམ་ངོ་མ་རྟོགས།

    སྡེ་སྣོད་གསུམ་དང་རྒྱུད་སྡེ་རྣམ་པ་བཞི།
    གདམས་པའི་མཆོག་ཏུ་ཤར་བའི་བཤད་སྒྲུབ་ཀྱིས།
    ཐུབ་བསྟན་ཕྱོགས་དུས་ཀུན་ཏུ་རྒྱས་མཛད་པ།
    བློ་བཟང་གྲགས་པའི་དཔལ་གྱི་བཀྲ་ཤིས་ཤོག།

  15. ལོ་མ་ལྗང་ཁུ་། says:
    2011-08-24 at 11:04 pm

    དཀོན་མཆོག་མཁྱེན་། རྒན་ལྡང་དེ་ཚོས་བྱས་སྟངས་དངོས་གནས་མི་བཟང་གི་ཡ་། བུ་མོ་དེ་སྙིང་མ་རྗེས་གལ་སྲིད་བུ་མོ་དེས་སྟུ་ཁྱོ་ག་ལས་གཞན་པར་གཡར་མེད་པ་བདེན་ན་།

  16. ལོ་མ་ལྗང་ཁུ་། says:
    2011-08-24 at 11:04 pm

    དཀོན་མཆོག་མཁྱེན་། རྒན་ལྡང་དེ་ཚོས་བྱས་སྟངས་དངོས་གནས་མི་བཟང་གི་ཡ་། བུ་མོ་དེ་སྙིང་མ་རྗེས་གལ་སྲིད་བུ་མོ་དེའི་སྟུ་ཁྱོ་ག་ལས་གཞན་པར་གཡར་མེད་པ་བདེན་ན་།

  17. ཨ་ར་དཀར་པོ says:
    2011-08-25 at 3:40 am

    བཀུར་འོས་ལ་དྭགས་བློ་བཟང་འཇམ་དཔལ་ལགས། གོང་གི་ཀ་བཤད་ནང་སྒྲོགས་ཞེས་སའི་ཡང་འཇུག་ཅན་བསྟུད་མར་ཐེངས་གཉིས་བྲིས་གནང་འདུག སྤྱིར་བས་འཕུལ་ཐོབ་པའི་མགོ་ཅན་གྱི་སྡེར་གཏོགས་པ་འདི་རིགས་ལས་སྔོན་འཇུག་མེད་ཅིང་ཡང་འཇུག་ཅན་རྣམས་སྐུལ་ཚིག་སུ་འཇོག་ན་འདིར་སའི་ཡང་འཇུག་མེད་པ་བྲིས་ན་མི་ལེགས་སམ། བསྒྲག་བྱ བསྒྲག་པར་བྱ སྒྲོག་བྱེད སྒྲོག་པར་བྱེད བསྒྲགས་ཟིན སྒྲོགས་ཤིག་ལྟ་བུའོ འོན་ཀྱང་སྐུ་ཉིད་ལའང་རྒྱུ་མཚན་ཞིག་ཡོད་ངེས་པས་དགོངས་ཚུལ་གསུངས་རོགས།

  18. རེ་བ་ says:
    2011-08-25 at 9:01 am

    ཀ་བ་ལྟ་བུའི་བསམ་འགྲེང་ནས། ། ཁ་ཐུག་སྐད་ཆ་ཞིག་བཤད་ན།། ག་དུས་ཡིན་ཡང་ཉམ་ཆུང་ལ།། ང་ཚོས་རྒྱབ་སྐྱོར་ལོས་ཀྱང་བྱེད།།

  19. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-08-25 at 3:28 pm

    ཨ་ར་དཀར་པོ་ལེགས།
    གསལ་བཤད་མཛད་པར་བཀའ་དྲིན་ཆེ། གཞུང་ལུགས་བཀའ་བསྟན་དང་། གསུམ་འབུམ་དག་ཡིག་རྣམས་སུ་སྒྲ་སྒྲོགས་ལྟ་བུ་ལ་སྒྲོགས་ལ་ས་ཡང་འཇུག་དགོས་པ་དང་། སྡོམ་བྱེད་ཀྱི་སྒྲོག་ལ་ས་ཡང་འཇུག་མེད་པ་ཡིན་ཀྱང་། ཡང་འཇུག་འདོན་པ་ན་ཁ་ནས་འཐོན་པ་མེད་པས་གཞུང་དཔེ་མང་པོར་མ་དག་པ་ཤོར་འདུག ལམ་རིམ་ཆེན་མོ། དཧ་སྲ་སྤར་པ་ན། འཇམ་དབྱངས་གང་བློ་མ་ན། འབྲུག་ལྟར་ཆེར་སྒྲོགས། ཞེས་དང་། ལྕགས་སྒྲོག ཞེས་དང་། དག་ཡིག་ཟ་མ་ཏོག་ན། ལྕགས་སྒྲོག་དང་། ཆོས་སྒྲོགས། ཞེས་དང་། ངག་སྒྲོན་དུ། ཆོས་སྒྲ་སྒྲོགས། ཞེས་དང་། བྱ་བྲག་རྟོགས་བྱེད་ཆེན་པོ་ན། ཆུ་བོའི་མིང་ལ། ཆེར་སྒྲོགས། ༣༣༣༩ ། རི་པིན་དུ་སྤར་པ།

    བསྒྲག་བྱ བསྒྲག་པར་བྱ སྒྲོག་བྱེད སྒྲོག་པར་བྱེད བསྒྲགས་ཟིན། སྡོམ་བྱེད་སྒྲོག་ལ་འཐད་པར་སེམས།

  20. ཕྱུགས་རྭ་ཁུ་བྱུག says:
    2011-08-25 at 3:29 pm

    ཆོས་ལྡན་བོད་པ་ཡིན་ཞེས་མ་རུང་པ།།ཆོས་བྱེད་ཁ་ཙམ་ལག་ལེན་དམར་པོའི་སྤྱོད།།ཆོས་ལ་དད་ཞེས་ཁྲེལ་མེད་རྩུབ་མོས་གྲི།།ཆོས་པ་ཉམ་ཆུང་ཞིག་ལ་བསྣུན་འདི་ཅི།།ཨེ་མ་འདི་འདྲའི་ལང་ཤོར་ངན་གཡོས་མི།།སྤྱི་ཚོགས་གྲས་ནས་ནད་བཞིན་མ་སྤང་ན།།རེག་དུག་བ་མོས་ཕྱོགས་མཚམས་ཀུན་ལ་ཡང།།འཇོམས་པར་ངེས་སོ་ཁ་རྡུང་གཏང་དུ་ལོངས།།ལྷག་པར་གཉོམ་བུ་མོའི་རྒྱབ་མདུན་ན།།ཡར་ལ་ལངས་རྒྱུ་མེད་པར་རྦད་བཅད་ནས།།མི་ཚེའི་མདུན་མ་ཐལ་བའི་རྡུལ་བཞིན་དུ།།རླུང་ལ་སྤུར་པའི་རྗེས་སུ་ཅིས་མི་ལངས།།ཀྱེ་ཀྱེ་ཉམ་ཆུང་རྒྱབ་ཏུ་ཡར་ལ་ལོངས།།ཀྱེ་ཀྱེ་ནུས་མེད་གཞོགས་འདེབས་བྱེད་དུ་ལོངས།།ཀྱེ་ཀྱེ་འཁྲེང་སེམས་གསོ་བའི་ཕྱིར་དུ་ལོངས།།ཀྱེ་ཀྱེ་དགྲ་བོ་རྒོལ་རྡུང་ཆེད་དུ་ལོངས།།

  21. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-08-25 at 5:23 pm

    གོང་གི་མཆན་༡༩པའི་འཕྲོས།
    འཇམ་དཔལ་མཚན་བརྗོད། སློབ་དཔོན་ཨེ་ལེགས། ཝ་ཡ་མ་ན་མཆོག་གིས་ལེགས་སྦྱར་རྩ་བ་དང་། བོད་འགྱུར། ཨིན་འགྱུར་དུ་བཀོད་པ། རྒྱ་གར་དཔེ་འགྲེམས་པ། མོ་ཏི་ལཱལ་གྱིས་སྤར་པ་ ༡༩༨༥ གཞན་རྒྱ་གར་གདན་ས་ཞིག་གིས་སྤར་པ། ལེའུ་༧པའི་ཚིགས་བཅད་༤་པ་ན་ཡང་འདི་ལྟར་འདུག་སྟེ།
    དྲག་ཆེན་ཧ་ཧ་ཞེས་སྒྲོགས་པ།
    ཧི་ཧི་ཞེས་སྒྲོགས་འཇིགས་པར་བྱེད།
    གད་མོ་ཆེན་མོ་གད་རྒྱངས་ཅན།
    རྡོ་རྗེ་གད་མོ་ཆེར་སྒྲོགས་པ།།
    ཁོ་བོས་འདི་སྐད་འབྲི་དགོས་པ་ཡང་། བདག་རང་ལས་མེད་ཅིག་མ་ཡིན་ཀྱང་། བོད་ཀྱི་ཡི་གེ་དག་ཆ་དག་བསྲུང་དགོས་པར་མཐོང་ནས། ལས་གཞན་དག་ལས་འདི་ཉིད་གཙོ་བོར་འཛིན་པ་ལགས།།

  22. ཨ་ར་དཀར་པོ says:
    2011-08-25 at 7:39 pm

    རྒན་ལ་དྭགས་པ་ལགས། སྐུ་ཉིད་ཀྱིས་གསུངས་པ་ལ་རྒྱུ་མཚན་འདུག་ཀྱང་ ། ཁོ་བོའི་བསམ་པ་ལ་མིང་ཚིག་འཆིང་བྱེད་ཀྱི་སྒྲོག་དང་བྱ་ཚིག་སྒྲ་སྒྲོག་པའི་དོན་ཅན་བསྒྲག་དང་སྒྲོག བསྒྲགས སྒྲོགས རྣམས་ཚིག་གྲོགས་དང་འབྲེལ་དུས་འཁྲུལ་བའི་སྐབས་མེད་ཅིང་། བརྡ་སྤྲོད་རྟགས་ཀྱི་འཇུག་པའི་འགྲེལ་བ་ཕལ་མོ་ཆེའི་དགོངས་དོན་ལྟར་ནའང་སྒྲ་སྒྲོག་པར་བྱེད་པ་ལ་ས་མཐའ་མི་ཐོབ་ཅིང་དེ་བཞིན་བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་ནའང་ཆོས་སྒྲོག་པ་ཞེས་སོགས་ས་མཐའ་མེད་པ་ཅན་་བྲིས་འདུག དེས་ན་སྔོན་གྱི་ཡིག་རྙིང་ལས་བྱུང་བ་ཐམས་ཅད་ཚད་མར་འཛིན་མི་རིགས་པར་འདོད། ད་ལྟའི་ཆར་ང་ཚོའི་གཞི་འཛིན་ས་གཙོ་བོ་དེ་སྔོན་བྱོན་ཚད་ལྡན་མཁས་པས་མཛད་པའི་སུམ་རྟགས་གྱི་འབྲེལ་བ་ཁག་དང་ཚིག་མཛོད་ཆེན་མོ་སོགས་ཚིག་མཛོད་ཁག་ཡིན་པར་འདོད། གལ་ཏེ་ས་མཐའ་ཅན་སྒྲོགས་ཞེས་པ་བྲིས་ན་ནི་སྒྲ་སོགས་སྒྲོགས་ཤིག་ཅེས་སྐུལ་བའི་དོན་དུ་འཁྲུལ་ངེས་སྙམ་མོ། ཨོ་ད་དུང་བཀའ་འདྲི་ཞུ་རྒྱུར། སྐུ་ཉིད་ནས་སྙན་ངག་གི་ལམ་དུ་དྲངས་པའི་རྟོགས་བརྗོད་སྤྲིན་གྱི་མེ་ཏོག་གི་མཆན་ཨང་དགུ་བཅུ་བ་དེ་གཟིགས་ལགས་སམ། དེ་གུས་པས་ཁྱེད་ལ་ཕུལ་བ་ཡིན་ལགས།

  23. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-08-26 at 1:23 am

    ཨ་ར་དཀར་པོ་ལེགས།
    ཁྱེད་ཀྱིས་ལན་བྲིས་པར་དགའ་བ་བྱུང་། ཨ་ལག་དོར་ཞིའི་་སྤྲིན་གྱི་ཕོ་ཉ་དང་། དེ་ལ་རང་གི་འགྲེལ་པ་ཞིག་བརྩམས་པར་མཛད། དེ་ནཁག་མོར་་སྒྲོགས་ཞེས་པ་མཐོང་བས་ཡིད་སྤོབས་སྐྱེས། རྟོགས་བརྗོད་སྤྲིན་གྱི་མེ་ཏོག་གི་མཆན་ཨང་དགུ་བཅུ་བ་དེ་ངས་མཐོང་མེད་པ་འདྲ། དེའི་འདྲ་བཤུས་ཡོད་ན། སྐུར་མཛོད། བོད་རྒྱ་ཚིག་མཛོད་ཆེན་མོ་དེ་བདག་རང་ལ་ཡང་ཤིན་ཏུ་ཕན་ཐོགས་ཆེ། དེ་ན་ཡོད་པའི་ཚིག་མང་པོ་ངས་ཁས་ལེན་མི་ཐུབ། ལྷག་པར་དུ་སྩོལ་བའི་འདས་ཚིག་ལ། བསྩལ་ཞེས་བྲི་ན་བཀའ་འགྱུར་ན། བཀའ་སྩལ་པ། འདས་ཚིག་ཡིན་པ་དག་ལ་གནོད་པ་ཆེན་པོ་འདུག་པ་དགོངས་འཇགས།

  24. ཨ་ར་དཀར་པོ says:
    2011-08-26 at 4:03 am

    རྒན་བློ་བཟང་འཇམ་དཔལ་ལགས། ཁྱེད་ཀྱིས་ཡི་གེའི་དག་ཆ་བཀའ་བསྟན་ནས་བྱུང་བ་ལྟར་གཙིགས་སུ་འཛིན་པར་ཡི་རང་ཡོད། ཡིན་ནའང་བྱ་ཚིག་འདི་རིགས་གཅིག་གྱུར་བྱུང་ན་ཅི་འདྲའི་མི་ལེགས་སམ། བསྐྱང་བྱ སྐྱོང་བྱེད བསྐྱངས སྐྱོངས་ཤིག བསྒྲུབ་བྱ སྒྲུབ་བྱེད བསྒྲུབས སྒྲུབས་ཤིག ལྟ་བུ་ཧ་ཅང་འཛིན་བདེ་བོ་ཡང་རེད། དེ་མིན་ད་དུང་ཁྱེད་ཀྱིས་ཨ་ར་དཀར་པོ་ལེགས་ཞེས་པ་ལྟ་བུ་འབྲེང་བུ་ཅན་བྲིས་ན་དག་པ་ཡིན་ཚུལ་དང་སྙན་ངག་གི་ངག་ལ་དངགས་འབྲི་བའི་ཐད་བསམ་འཆར་ཞུ་རྒྱུར། སྔོན་ཆད་ལེགས་འབྲི་བ་ཡིན་སྲིད་ཀྱང་ད་ཆ་ལགས་དང་ལེགས་ཀྱི་དོན་ལ་ཁྱད་པར་ཆེན་པོ་ཡོད། ལགས་ནི་ཁས་ལེན་པའི་དོན་དང་ལེགས་ཞེས་པ་ཕལ་སྐད་ལྟར་ན་ཡག་པོ་འདུག་ཅེས་རྒྱབ་སྐྱོར་བྱེད་པའི་དོན་དུ་འགྱུར་བར་སྙམ། དཔེར་ན། བོད་ཀྱི་སྐད་ཡིག་ལགས་ཞེས་པ་བོད་ཀྱི་སྐད་ཡིག་རེད་ཅེས་པའི་དོན་དང་། བོད་ཀྱི་སྐད་ཡིག་ལེགས་ཞེས་འབྲེང་བུ་ཅན་ནི་བོད་ཀྱི་སྐད་ཡིག་ཡག་པོ་འདུག་ཟེར་བའི་དོན་ཡིན་པ་ལྟ་བུ་གོ་དོན་མི་འདྲ་བ་ཡིན་པས། གྲོགས་པོ་ལེགས་བྲིས་ནའང་དེ་བཞིན་ཕལ་ཆེ་བས་གོ་བ་གཞན་ཞིག་ལེན་ངེས། དེ་ནས་སྙན་དངངས་སྙན་ངག་གི་བརྡ་རྙིང་ཡིན་པ་མང་པོ་ཞིག་ཞལ་མཐུན་སྙམ། སྐུ་ཉིད་ཀྱི་ཐུགས་འདོད་ལྟར་དངགས་འབྲི་དགོས་ན་དཀོན་མཆོག་ལའང་དཀོན་ཅོག་དང་རིན་ཆེན་ལ་རིན་ཅེན་སོགས་འབྲི་དགོས་པ་མིན་ནམ། དེ་ལྟར་ན་སྐད་གསར་བཅད་ཀྱི་དགོས་པའང་མ་འགྲུབ་པ་མིན་ནམ། མཁས་དབང་མཆོག་དགོངས་འགལ་མེད་པ་ཞུ་ལགས། མཆན་ཨང་༩༠པ་ཞེས་པ་དེ་ད་ལྟ་མཆན་མང་ཤོས་ཨང་གསུམ་པ་དེའི་ནང་ཡོད་པས་ཁྱེད་ཀྱིས་གཟིགས་ཆོག་ཆོག་རེད།

  25. ཨ་ཁུ་སྟོན་པ་ says:
    2011-08-26 at 4:55 am

    བྱམས་དང་སྙིང་རྗེའི་ཡུལ་ཅན་བུ་མོ་ཉམས་ཆུང་ལགས། ཁྱེད་རང་ལ་མི་ངན་ཁ་ཤས་ཀྱི་བརྙད་སྤྱོད་བྱས་པ་དེ་ལ་ང་རང་བློ་ཕམ་ཞེས་དྲག་བྱུང༌། ཐུགས་བློ་མ་ཕམ་རོགས། འཇིག་རྟེན་ནང་མི་འདྲ་མིན་སྣ་ཚོགས་ཡོད། ད་ལན་ཞུས་ཡ་ལ། ངས་ཁྱེད་རང་ལ་དཔལ་འབྱོར་གྱི་རོགས་པ་ཞིག་བྱེད་འདོད་པས། ཁྱེད་རང་གི་ཁ་པར་ཨང་གྲངས་འདི་ག་ཁབ་བརྡ་ནང་བཞག་རོགས་གནང༌། དེ་མིན་ཁྱེད་རང་ཚོ་སུ་འདྲ་ཞིག་ལ་ཡང་བུ་མོ་ཉམས་ཆུང་གི་ཁ་པར་ཨང་གྲངས་ཡོད་ན། འདི་ག་ཁབ་བརྡ་ནང་བཞག་རོགས་གནང། ངས་ཁྱེད་རང་ལ་རོགས་པ་གང་ཐུབ་ཞུས་ཆོག །ང་རང་འདི་ག་ཨ་རི་ནིའུ་ཡོག་ནང་སྡོད་ཀྱིན་ཡོད།། སེམས་ཁྲེལ་མ་གནང་རོགས།

  26. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-08-26 at 7:16 pm

    ཨ་ར་དཀར་པོ་ལེགས།
    ཁྱེད་ཀྱིས་ལམ་སྟོན་མཛད་པར་དགའ་བསུ། ལ་དྭགས་ཀྱི་སྐད་ལ་ཐོན་པའི་གསར་ཤོག་དེ་ལ་ངས་རྒྱབ་སྐྱོར་བྱེད་པ་མ་གཏོགས། དགག་པ་རྒྱབ་མེད། རྒྱུ་མཚན་ནི་དང་པོ་ཆེ་བ་མ་བཀག་ན། ཆུང་བ་བཀག་པས་གར་ཡང་མི་སླེབས་པ་ཡིན། དེ་དུས་ངས་ད་དུང་འདི་ལྟར་བཤད། གལ་ཏེ་ཆོས་སྐད་མི་ཉམས་པ་དགོས་ན། ས་གནས་གཞན་གྱི་གསར་སོགས་ཁ་སྐད་དུ་འདོན་པ་དག་ལ་བཤད་དགོས་ཞེས་སྤྱི་ལོ་༢༠༠༤ ལ། སངས་རྒྱས་པའི་ཆོས་དང་ལྟ་བའི་བགྲོ་གླེང་སྐབས་བྱུང་བ་ཞིག་ཡིན་འདུག དེ་དུས་གཅིག་གིས་བཤད་པར་། ལེགས་སོ་ཞེས་གསུང་བའི་རེ་བས། སྐུ་མདུན་ལ་ལ་དྭགས་སྐད་ཀྱི་གསར་ཤོག་དེ་ཕྱག་ཏུ་ཕུལ་པ་གཟིགས་པ་ན། འདི་ལ་གོ་རྒྱུ་ཞིག་གང་ཡང་མི་འདུག་ཅེས་གསུངས་ནས་བཏང་སྙོམས་སུ་བཞག་པར་མཛད་པ་་ཐོས། ཡང་གཅིག་ནས་གོ་ཐོས་ལ། སྐུ་མདུན་གྱིས་འདི་ལ་གོ་རྒྱུ་ཞིག་མི་འདུག་ཅེས་གསུངས་པ་ལ། འབུལ་བ་པོ་དེས་ང་ཞ་ལ། རེད་མ་རེད་། ཅེས་པ་ཡང་གོ་རྒྱུ་མི་འདུག་ཅེས་ཞུས་པ་ཐོས།
    ལ་དྭགས་སྐད་ལ་ཐོན་པའི་གསར་ཤོག་དེ་ལ་ལ་དྭགས་པ་གཤམ་ཕྱོགས་པ་དང་། སྟོད་པ་གཉིས་བར་ལ་ཡང་འཆད་ཚུལ་མི་མཐུན། ལ་དྭགས་སྟོད་པས། ང་ཞ། ཁྱེ་ཞ། ལ་དྭགས་གཤམ་ཕྱོགས་པས། ང་ཅ། ཁྱེ་ཅ། སོགས་སྨྲ། གཤམ་ཕྱོགས་པ་གྲྭ་པ་ཞིག་གི་ལག་ཏུ་གསར་ཤོག་དེ་སྐྱེས་སུ་སྤྲད་པ་བཀླགས་པས། གོ་དོན་ལེགས་པ་མ་བྱུང་བས། ངས་ནི་ཚིག་གཅིག་ཀྱང་མ་གོ་སྤྲད་པ་ལ་ནི། ཐུགས་རྗེ། ཞེས་བཤད་པ་ཡིན་ཟེར། མཁན་པོ་དཀོན་མཆོག་ཕན་བདེ་ལ་དྭགས་ཁ་སྐད་ཀྱི་གསར་ཤོག་དེའི་ཡི་གེ་སྐྲུན་པ་པོ་ཡིན་པ་ཐོས། ཨ་རི་པ་བུ་མོ་དང་། ལ་དྭགས་པ་མཁས་པ་ཞིག་གི་བར་གཏམ་གླེང་བྱུང་བ་དེ། ལ་དྭགས་མཁས་པ་དེས་བརྡ་སྤྲོད་ཅེས་པ་སུམ་རྟགས་ལ་ངོས་འཛིན་པ་དང་། བུ་མོ་དེས་བརྡ་སྤྲོད་ཅེས་པ་ཚིག་གི་འགྲོ་སྟནས་ལ་བསམས་པ་ཕར་ཚུར་གོ་བརྡ་མ་སྤྲོད་པའི་སྐྱོན་ནོ། །ངས་ད་ལྟ་རང་རེའི་ལག་ཏུ་ཡོད་པའི་དག་ཆ་ཀུན་ལ་བདག་པོ་རྒྱབ་དགོས་པར་འཆད་ཀྱི་ཤི་ཚར་བ་ཞིག་ལ་ལོང་་ཟེར་ན་ཕན་ཐོགས་ཅང་མེད། བཀའ་བསྟན་སོགས་མཁས་པས་བྲིས་པའི་དག་ཆ་མིག་མཐོང་ལག་ཡོད་ལྟར་འགྲོ་ན། རང་རེ་བོད་རིགས་ཀྱི་སྐད་རིགས་གཅིག་འགྱུར་འབྱུང་བ་ལ་ཕན། མཆན་འདི་ན་བདག་གིས་མ་མཐོང་བ་མང་པོ་ལུས་འདུག ཕྱིས་མེད་ན། ལན་རེ་ཞུ་དགོས་པ་ཡིན།
    ད་ཉིད་ཀྱི་དགོངས་གཞི་དེ་དག་འགྲུབ་དཀའ་བར་སྙམ་མོ། ཞེས་པར་ས་སྐྱ་ལེགས་བཤད་ལས།
    བློ་ལྡན་བྱ་བ་ཅུང་ཟད་ཀྱང་།
    རྒྱུན་དུ་གྲོས་ཀྱིས་བསྒྲུབ་པར་བྱ།
    གྲུབ་པར་གྱུར་ན་ལྟ་ཅི་སྨོས།
    མ་གྲུབ་ན་ཡང་མཛེས་པའི་རྒྱུ།། རབ་བྱེད་༨ ཚིགས་ ༡
    ང་ལ་བྱ་བ་འདི་དག་ངེས་པར་དུ་འགྲུབ་པར་གདེང་ཡོད། ངའི་མི་ཚེ་རིང་ལ་མ་གྲུབ་ན་ཡང་། མ་འོངས་པ་ན་་བོད་མི་རྣམས་ཀྱིས་རང་གི་མི་རིགས་གཅིག་འགྱུར་བྱེད་པ་ལ་མི་མངས་ཀྱི་་ཁ་ནས་འཐོན་པའི་ཚིག་རྣམས་་བཀའ་འགྱུར་དང་། བསྟན་འགྱུར་གྱི་ཚིག་གི་དག་ཆ་རྣམས་དང་བསྟུན་དགོས་པའི་ཉི་མ་ཞིག་འཆར་རོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme