Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསྟན་པའི་སྤྱི་དགྲ་ཕུང་གསུམ་པའི་མཚང་འབྲུ་བ།

Posted on 2012-10-02 By ཁ་བརྡ་ 15 Comments on བསྟན་པའི་སྤྱི་དགྲ་ཕུང་གསུམ་པའི་མཚང་འབྲུ་བ།

ཨོ་རྒྱན་ཉི་མ།

རྒྱལ་པོའི་རིགས་སུ་སྲིད་པའི་ཟློས་གར་བསྒྱུར། །
རྒྱལ་རྣམ་དགྱེས་པའི་མཆོད་པའི་ཡང་རྩེ་རུ། །
རྒྱལ་བ་ཀུན་གྱིས་བསྔགས་པའི་ལུང་རྟོགས་ཀྱི། །
རྒྱལ་རྔ་སྲིད་འདིར་བསྒྲགས་པ་གང་དེར་འདུད། །

ཤར་ནུབ་རིག་གཞུང་འགྲན་པའི་སོ་ཁ་ན། །
ལེགས་ཉེས་བླང་དོར་འབྱེད་ལ་ཆེས་མཁས་ཤིང་། །
གཟུ་བོར་གནས་པའི་དམ་པའི་སྐྱེས་བུ་རྣམས། །
མ་བྲིས་ཡིད་ངོར་བཀྲ་བའང་རང་གི་གཤིས། །

ནང་པའི་དགེ་འདུན་སྡེ་གཉིས་མ་གཏོགས་པའི། །
ཕུང་གསུམ་རིགས་འདིས་ཆོས་དང་འཇིག་རྟེན་གྱི། །
རྩ་ལག་ཡོངས་རྫོགས་འདོར་ལ་ཉེན་ཆེ་བས། །
དམ་པའི་སྐྱེས་བུ་དག་གིས་དགོངས་པར་འཚལ ། །

རྒྱལ་བ་དགོངས་བརྒྱུད་རྣམ་རྟོག་སྤྱོད་ཡུལ་མིན། །
རིག་འཛིན་བརྡ་བརྒྱུད་འཛུབ་མོ་ཀེར་ཙམ་མིན། །
གང་ཟག་སྙན་བརྒྱུད་སྒྲ་ཚིག་ཡོད་ཚད་མིན། །
དེ་ཕྱིར་ཕུང་གསུམ་པ་ལ་སྐལ་བ་མེད། །

སྨོན་ལམ་དབང་བསྐུར་དམ་ཚིག་ལྡན་ལ་ཡིན། །
མཁའ་འགྲོའི་གཏད་རྒྱ་ལས་འཕྲོ་ཅན་ལ་ཡིན། །
ཤོག་གསེར་ཚིག་བརྒྱུད་རྟོགས་ལྡན་མཆོག་ལ་ཡིན། །
དེ་ཕྱིར་ཕུང་གསུམ་པ་ཡི་སྤྱོད་ཡུལ་མིན། །

འཆད་ཤོག་ལབ་ན་ཁ་ལྕེ་མི་བདེ་ཟེར། །
རྩོད་ཤོག་ཞུས་དུས་རིགས་ལམ་མ་སྦྱངས་ཟེར། །
རྩོམ་ཞེས་བསྐུལ་དུས་དག་སྡེབས་མེད་དོ་ཟེར། །
མེད་དང་མུག་གི་མུ་ཁ་ཕུང་གསུམ་པ། །

ཕམ་ལྷག་མ་སྲུང་དགེ་སློང་ཡིན་ནོ་ཟེར། །
ཞི་གནས་མ་འགྲུབ་ཏིང་འཛིན་ཡོད་དོ་ཟེར། །
ཚིག་གཅིག་མི་ཤེས་ཤེས་རབ་ཆེ་འོ་ཟེར། །
ཧམ་པའི་རྒྱལ་པོ་ཕུང་གསུམ་བསྟན་བཤིགས་རྣམས། །

འདུལ་བ་མ་སྦྱངས་ཚུལ་ཁྲིམས་སྲུང་ཡོད་ཟེར། །
མདོ་སྡེ་མ་བསླབ་བྱང་སེམས་སྐྱེས་སོ་ཟེར། །
མངོན་པ་མ་མཐོང་ཕུང་སོགས་ལོས་ཤེས་ཟེར། །
རྫུན་དང་གཡོ་སྒྱུའི་བདག་པོ་ཕུང་གསུམ་པ། །

མ་ཧར་མ་སྦྱངས་བསྐྱེད་རིམ་བསྒོམ་ཡོད་ཟེར། །
ཨ་ནུ་མ་ཤེས་རྩ་རླུང་མཁས་སོ་ཟེར། །
ཨ་ཏི་མ་གོ་རྫོགས་ཆེན་འཆད་དོ་ཟེར། །
ཐར་བ་ནག་པོའི་ཡང་སྲིད་ཕུང་གསུམ་པ། །

ལམ་འབྲས་མ་ཐོས་ས་ལམ་བགྲོད་ཡོད་ཟེར། །
ཕྱག་ཆེན་མ་སྒོམ་ཟུང་འཇུག་བསྙེས་སོ་ཟེར། །
རྫོགས་ཆེན་མ་མཇལ་འཇའ་ལུས་གྲུབ་སོང་ཟེར། །
ལྟས་ངན་བརྒྱད་ཅུ་གྱ་གཅིག་ཕུང་གསུམ་པ། །

ལམ་རིམ་མ་སྦྱངས་ངེས་འབྱུང་སྐྱེས་སོ་ཟེར། །
སྔགས་རིམ་མ་བལྟས་རྟོགས་པ་མཐོ་འོ་ཟེར། །
རིམ་ལྔ་མ་མཐོང་སྔགས་ལ་མཁས་སོ་ཟེར། །
བསྟན་པའི་དགྲ་བོ་ཕུང་གསུམ་པ་ཡི་སྲོལ། །

ཤེར་ཕྱིན་མ་བསླབ་མཁྱེན་པ་ཆེ་ཁུལ་སྟོན། །
དབུ་མ་མ་ཐོས་གནས་ལུགས་རྟོགས་མདོག་བྱེད། །
མངོན་པ་མ་ཤེས་ཐ་སྙད་ལ་མཁས་ཟེར། །
ཕྱོགས་རེ་མིག་ཅན་འབྱུང་བྱ་ཕུང་གསུམ་རྣམས། །

མངོན་ཤེས་མ་བསྒྲུབ་མཁྱེན་པ་ཡོད་དོ་ཟེར། །
སྨོན་འཇུག་མ་བསྒོམ་བརྩེ་བ་ཆེ་འོ་ཟེར། །
ཆོས་རབ་རྣམ་འབྱེད་མིག་གིས་ལྡོང་ན་ཡང་། །
འདྲེན་ནུས་ཡོད་ཅེས་སྨྲ་བ་ཕུང་གསུམ་ལུགས། །

གཞུང་གཅིག་མ་ཤེས་མཁས་པ་ཡིན་ནོ་ཟེར། །
སྒོ་གསུམ་མ་སྲུང་བཙུན་པ་ཡིན་ནོ་ལོ། །
ཆགས་སྡང་རྒྱལ་པོ་བཟང་པོའི་རྣམ་ཐར་ཅན། །
ཕུང་གསུམ་གདོན་འདྲེ་དེ་ལས་གཞན་དག་ཅི། །

སྡེ་སྣོད་གསུམ་པོ་དབྱིན་མོའི་རྐུབ་ལ་བཙོངས་། །
བསླབ་པ་གསུམ་དེ་འབྲུག་མོའི་གཞང་སྒོར་ཤོར། །
ནང་རྒྱུད་སྡེ་གསུམ་རྒྱ་མོའི་བརླ་བར་བཞག །
རབ་བྱུང་ཆ་ལུགས་འཛིན་ཏེ་ཕུང་གསུམ་ལགས། །

དགོན་པ་བཙོངས་ཏེ་ཁང་ཆུང་ཁང་ཆེན་ཉོས། །
གྲྭ་བ་བཙོངས་ཏེ་བོད་མོ་འབྲུག་མོ་གླས། །
རྒན་འཁོགས་བཙོངས་ཏེ་ཕུ་ནུ་གཉེན་ཉེ་གསོས། །
འདི་ནི་ཕུང་གསུམ་པ་ཚོས་ཁྱད་ཆོས་ལགས། །

འབྱོར་ལྡན་མཐོང་དུས་གདོང་ལ་འཛུམ་གྱིས་གང་། །
དབུལ་པོ་རིག་དུས་སྡང་མིག་སྐོར་ལོག་རྒྱབ། །
འབུལ་བ་ཡོད་ན་གཏོང་ཕོད་ཆེན་ནོ་ཟེར། །
དབུལ་རྒྱུ་མེད་ན་མི་དགའ་ཕུང་གསུམ་ལུགས། །

བླ་ཆེན་གམ་དུ་དད་པ་ཡོད་མདོག་སྟོན། །
མི་ཚོགས་མདུན་དུ་ཆོ་གོས་ཆབ་རིལ་ཅན། །
རྫུན་དང་གཡོ་སྒྱུ་བཤད་ལ་ཆེས་མཁས་པའི། །
བླུན་པོའི་ཐ་མ་ཕུང་གསུམ་པ་ཡི་སྲོལ། །

གར་སོང་ས་ལ་སྐྱ་ཆས་གྲྭ་ཆས་གཉིས། །
གང་བཤད་ཚིག་ལ་སྒྲོ་འདོག་བསྐུར་འདེབས་རེ། །
དམ་པའི་སྐྱེ་བུ་མཐོང་ན་ངོ་མདངས་འགྱུར། །
རྒྱུད་ལ་ལོག་རྟོག་ཁེངས་འདི་ཕུང་གསུམ་པ། །

གང་ན་ཚུལ་ལྡན་ཡོད་ན་དེ་ལ་འཁོན། །
གང་དུ་མཁས་པ་ཡོད་ན་དེ་ལ་སྡང་། །
གང་ལེགས་ཐམས་ཅད་ཁོ་ལ་ཡོད་དགོས་ཤིང་། །
གང་ཉེས་གཞན་ལ་བསྐོར་བ་ཕུང་གསུམ་ལུགས། །

ཆོས་བརྒྱུད་ལྷག་བསམ་རི་བོ་ར་དང་མཚུངས། །
མི་རིགས་ལ་ཞེན་མོ་གཤམ་སྤུ་དང་འདྲ། །
དངུལ་དང་སྟུ་ལས་བསམ་རྒྱུ་དྲན་རྒྱུ་མེད། །
དེ་ནི་ཕུང་གསུམ་སྤྱི་ཡི་ཁྱད་ཆོས་ལགས། །

ཕུང་གསུམ་པ་ལ་ལས་དང་རྒྱུ་འབྲས་མེད། །
ཕུང་གསུམ་པ་ལ་སྡོམ་དང་དམ་ཚིག་མེད། །
ཕུང་གསུམ་པ་ཁྲེལ་དང་ངོ་ཚ་མེད། །
མི་བདེན་བསམ་ན་རང་གིས་རང་ལ་ལྟོས། །

ད་དུང་ང་ཡི་ཆོས་བརྒྱུད་བདག་པོ་དང་། །
དངུལ་ལོར་སྦྱིན་པའི་དྲིན་ཆེན་ཡིན་ནོ་ཞེས། །
ཁོ་ཚོས་གང་བཤད་ཉན་ལ་སྒུར་ཐུབ་པའི། །
གང་ཟག་དེ་ནི་མཇུག་མེད་སྒོ་སྐྱོང་འདྲ། །

ཡུན་རིང་ཞིབ་འཇུག་བྱས་པའི་གྲུབ་དོན་ཡིན། །
མཁས་པའི་གསུང་ལ་བརྟེན་པའི་ལེགས་རྗེས་ཡིན། །
མཉམ་མེད་ཤཱཀ་ཐུབ་མགོན་གྱི་རྗེས་དྲན་ཡིན། །
ཨོ་རྒྱན་སངས་རྒྱས་གཉིས་པའི་བཀའ་དགོངས་ཡིན། །

དྲིན་ཆེན་རྩ་བའི་བླ་མའི་དགོངས་བཞེད་ཡིན། །
རིས་མེད་བཤེས་གཉེན་དག་གི་དཔུང་གྲོགས་ཡིན། །
ཁྲིམས་ལྡན་དགེ་འདུན་འདུས་པའི་ཟླ་བོ་ཡིན། །
རིང་དང་ཉེ་བའི་མཆེད་ཀྱི་མདུན་ལམ་ཡིན། །

རྣ་བ་ཡོད་ན་ཉན་རྒྱུ་བཤད་ཡོད་དོ། །
སེམས་པ་ཡོད་ན་གོ་རྒྱུ་བྲིས་ཡོད་དོ། །
རྣམ་དཔྱོད་ཡོད་ན་བསམ་རྒྱུ་ལོས་ཡོད་བསྙམ། །
ལུགས་གཉིས་དགྲ་བོ་ཕུང་གསུམ་ཐུལ་ཅིག་ཀྱེ། །

འཆའ་འདོད་ཡོད་ན་གྲི་གུག་འཕྱར་ནས་ཤོག །
འཐུང་འདོད་ཡོད་ན་ཐོད་སྐམ་བསྣམ་ནས་ཤོག །
བཅིངས་འདོད་ཡོད་ན་ལྕགས་སྒྲོག་ཁུར་ནས་ཤོག །
ཤ་ཁྲག་གཟེབ་འདི་རྡ་སའི་སྲང་ལ་ཡོད། །

སྤྱི་ལོ་༢༠༡༢་ཟླ་༡་ཚེས་༡༢་ལ་རབ་བྱུང་གི་རྫུ་ལ་ཞུགས་པའི་བསྟན་བཤིགས་ཚོར་ཞེན་པ་གཏིང་ནས་ལོག་སྟེ་ཨོ་རྒྱན་ཉི་མས་རྡ་ས་ནས་བྲིས།

རྩོམ་རིག

Post navigation

Previous Post: རང་ལུས་མེར་བསྲེགས་ཏེ་རྒྱ་ནག་ལ་ངོ་རྒོལ་གནང་མཁན་གྲྭ་འཇམ་དབྱངས་དཔལ་ལྡན་ལ་གདུང་སེམས་མཉམ་བསྐྱེད་ཆེད་སྐྱ་སེར་མི་མང་གང་མང་འཛོམས་འདུག
Next Post: སེམས་དཔའ་ཆེན་པོ་གྷན་ངྷིའི་འཁྲུངས་སྐར་ཉིན་རྒྱ་གར་བ་ཚོས་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་བྱེད་རྒྱུའི་དམ་བཅའ་བཞེས་པ།

Comments (15) on “བསྟན་པའི་སྤྱི་དགྲ་ཕུང་གསུམ་པའི་མཚང་འབྲུ་བ།”

  1. དོལ་སྨྱོན། says:
    2012-10-02 at 11:01 am

    ལོས་ཡིན་སྙམ་པའི་སྐད་ཆ་མང་པོ་ཞིག་བཤད་འདུག རྒྱབ་སྐྱོར་ཡོད།
    ཡིན་ནའང་སྐད་ཆ་གང་ཞིག་ཡིན་རུང་རང་ཉིད་དཔང་པོར་བཞག་ནས་ཤོད་དགོས།
    རང་སྐྱོན་རི་བོ་ཙམ་ཡང་ཁོག་ཏུ་སྦས།།
    གཞན་སྐྱོན་ཏིལ་འབྲུ་ཙམ་ཡང་སྒྲོག་ཅིང་སྨོད།།
    དེ་འདྲ་མིན་པའི་རེ་བ་ཡོད།

  2. མེ་ཏོག་དཀར་པོ། says:
    2012-10-02 at 11:13 am

    ཨ་མ་མ། ཞེད་སྣང་ཚ་བ་ལ་་་་་་

  3. ཀུན་དགའ་རྒྱལ་པོ། says:
    2012-10-02 at 12:31 pm

    དངོས་གནས་ལོས་བདེན་བསམ་པས་སྐད་ཆ་ཞིག་བཤད་འདུག །ད་ཡང་ཁ་ཆེ་ནང་བའི་ཆོས་ལུགས་པ་དེ་ཚོས་མདའ་གྲི་མདུང་གསུམ་ཁུར་ནས་སོད་སོད་དང་རྒྱོབས་རྒྱོབས་ཟེར་ནས་ཡོང་བ་ཐག་ཆོད། ནམ་ཡང་རྒྱབ་སྐྱོར་དང་གུས་བཀུར་ཡོད། ང་རང་ས་སྐྱ་པའི་གྲལ་མཐར་ཡོད་ཡང་སྟོན་པས་ཆོས་ལ་སེམས་ཁུར་ཡོད་པས་ཡིན།།

  4. ཀརྨ་ཡེ་ཤེས says:
    2012-10-02 at 2:02 pm

    སྤྲུལ་སྐུ་སང་གིས་ཡུལ་གངས་ཅན་པའི་རྒྱལ་ས་གཉིས་པ་རྡ་ས་ནས་ཞེན་པ་ལོག་འདུག་གྰ ཕུང་གསུམ་གྱི་གདན་ས་མིན་ནམ། དེ་འདྲ་ཡིན་ན་ཁག་ཀྱང་མི་འདུག་ཡ། མུ་འཐུད་དུ་ཤོད། སྒྲུབས་ཤིག

  5. ཐུ་བ་རྒྱ་མཚོ། says:
    2012-10-02 at 5:20 pm

    རྒྱ་རྫོང་ནགས་ན་སྟག་གཟིག་དོམ་དྲེད་མང་། །
    རྒྱ་མཚོའི་ཞབས་ན་ཉ་དང་སྦྲུལ་སྦལ་སོགས། །
    སྟོང་གསུམ་ཁམས་ན་འཇིག་རྟེན་སྣ་ཚོགས་བཞིན། །
    རྡ་སའི་ཁྲོམ་ན་སྐྱེས་བུ་རབ་འབྲིང་གསུམ། །

    རང་གི་རྒྱུད་ལ་རང་གིས་མ་བརྟག་ན། །
    གཞན་གྱིས་གང་བྱས་སྣང་ངོར་མི་འཐད་པས། །
    འཇིག་རྟེན་འདི་ནས་གང་དུ་སོང་ན་ཡང་། །
    རང་བློ་མཐུན་པའི་ཡུལ་ཞིག་ཡོད་མ་ཡིན། །

  6. རྒད་པོ། says:
    2012-10-02 at 6:17 pm

    རྒན་ཨོ་རྒྱན་ཉི་མ་དེ། མི་སེམས་པ་དཀར་པོ། སངས་རྒྱས་ཀྱི་བསྟན་པར་ལ་རྒྱ་བཅངས་མཁན། ཆོས་ལ་རྨ་འབྱིན་མཁན་ཚོར་ཁ་གཏད་ལངས་མཁན་ཞིག་རེད་འདུག བསྟན་པ་ལ་ལྷག་བསམ་ཡོད་མཁན་ཞིག་གི་ངོས་ནས་བཀླགས་ན། ཡག་པོ་རེད། དེ་དེ་བཞིན་ནོ་ཟེར་རྒྱུ་རེད། ཡིན་ནའང་། རྒན་ཁྱེད་གསན་ཨང་། ཡིན་ནའང་། རང་དབང་དང་ཁྲིམས་མེད་ཀྱི་རྒྱལ་ཁབ་ནང་ལ་སྡོད་མཁན་གྱི་སྤྲུལ་སྐུ་དང་བླ་མ། དེ་བཞིན་ཚོང་པ་རྣམས་ལ་མཚོན་ན། རྒན་ཁྱེད་ཀྱི་སྐད་ཆ་འདིས་འགུལ་ཤུགས་ཅང་ཨེ་ཡོང་སྙམས། དེའི་རྒྱུ་མཚན་ནི། དངུལ་ལ་མི་དགའ་མཁན་གྱི་མི་ཉུང་ཉུང་རེད། ལྷག་པར་དུ་སངས་རྒྱས་ཀྱི་བསྟན་པ་འདི་ཚོང་ཆས་ལ་ཤིན་དུ་རྒྱུག་པའི་ཟོག་ལྟ་བུ་ཞིག་ལ་འགྱུར་ཟིན་སྟབས། དངུལ་དང་དབང་། རྒྱུ་དང་འབྱོར་པའི་ཆེད་དུ་སུས་བློས་གཏོང་ཐུབ་ཀྱི་རེད་དམ། དཔེར་ན། དངུལ་གྱི་ཡོངས་སྒོ་རྫོགས་ཆེན་གྱི་དབང་དང་ཁྲིད། འབྱོར་པའི་དངོས་གྲུབ་བླ་མ་དང་བླ་བྲང་གི་མིང་། དབང་དང་གྲགས་པའི་ཁེ་སྒོ་གསང་སྔགས་ཀྱི་གཞུང་སོགས་ཀྱི་བཀའ་དྲིན་ལས། མི་དེ་ཚོར་མི་ཡུལ་གྱི་ཕུན་ཚོགས་ཚང་མ་སྤྲོད་ཀྱི་ཡོད་སྟབས། དེ་སུས་བློས་གཏོང་ཐུབ་ཀྱི་རེད་དམ། རྩ་བ་ནས་གཏོང་ཐུབ་ཀྱི་མ་རེད། ལྟོས་དང་། ས་དགེ་བཀའ་རྙིང་གི་བླ་མ་ཆེ་གྲས་དང་ཆུང་གྲས་ཚང་མས་ཆོས་ཚོགས་ཆུང་ཆུང་ཞིག་དང་། ལོ་རྒྱུས་ཕྲ་ཕྲ་མང་པོ་བརྩམས་ནས་མཁྱེན་བརྩེ་གཅིག་གཅིག་མ་ཀོ། ཀུན་གཟིགས་གཅིག་གཅིག་མ་ཀོ། སྐྱབས་མགོན་གཅིག་གཅིག་མ་ཀོ་ཟེར་ནས་རྒྱུག་བཞིན་ཡོད།

    སྔོན་མ་དབྱིན་ཇིའི་ཡུལ་ལ་བསོད་རྒྱལ་རིན་པོ་ཆེས། སློབ་མ་བུད་མེད་གཅིག་ལ་བཙན་གཡེམ་བྱས་ནས། མཐར་ཁོང་གི་སློབ་མ་འགས་རྒྱལ་བ་རིན་པོ་ཆེ་ལ་ཕྱི་རྒྱལ་ལ་བོད་ཀྱི་བླ་མ་ཚོར་བཅའ་ཁྲིམས་ཞིག་བཟོ་ཐུབ་ན་ལེགས་ཚུལ་དང་དེར་གྲོས་བསྡུར་ཡོང་བའི་རྒྱབ་སྐྱོར་གནོངས་ཟེར། རྒྱལ་བ་རིན་པོ་ཆེ་ནས། ཚོགས་འདུ་འདི་ཁྱེད་ཚོ་ཕྱི་རྒྱལ་ལ་བཞུགས་པའི་རིས་མེད་ཀྱི་ནང་པའི་སློབ་མ་ཚོས་བསྐོང་ཐུབ་ན་ལེགས་ཟེར་སྐབས། དེ་ལ་ནུབ་ཕྱོགས་ལ་བཞུགས་པའི་ཆོས་ལུགས་ཁག་གི་བླ་མ་དང་སྤྲུལ་སྐུ་མང་ཆེ་བས་ངོ་རྒོལ་བྱས་ནས། རྒྱལ་བ་རིན་པོ་ཆེས་རང་གི་དབང་ཆ་རྒྱ་བསྐྱེད་བྱེད་བཞིན་འདུག་ཟེར་བའི་དཀྲོག་གཏམ་དང་ཆལ་གཏམ་སྣ་ཚོགས་སྤེལ་ནས་ལས་འགུལ་དེ་བསྒྲུབས་མེད། 

    དངུལ་དང་དབང་ཆར་ཐུག་སྐབས་དེ་ཚོས་ག་རེ་དགོས་ཀྱང་ལས་ཐུབ་མཁན་ཞིག་རེད། ད་བསམ་བློ་ཐོངས་དང་། ནང་པའི་ཆོས་པ་དེ་ཚོར་བསམ་པ་འགྱུར་བའི་རེ་བ་ཨེ་འདུག

  7. རིགས་ཞེན་དཀར་པོ། says:
    2012-10-02 at 7:08 pm

    ཨོ་ཉི་རང་གིས་དགེ་འདུན་གྱི་གཙུག་ལག་ཁང་དུ་ཆང་ས་རྒྱབ་པ་དེ་ཐེག་པ་ཆེ་ཆུང་མདོ་སྔགས་གང་དང་མཐུན་ཡོད་པའི་རྒྱུ་མཚན་རྣམ་དག་བཤད་རྒྱུ་ཡོད་ཟོ་འདུག་པས་དེ་གཅིག་གསུང་རོགས་ཞུ། སྐུ་ཉིད་བསྟན་པ་ལ་ཤ་ཞེན་དང་ལྷག་བསམ་ཆེན་པོ་ཡོད་འདུག་པ་དང་། རྒྱུ་མཚན་ཤེས་མཁན་གྱི་ཕུང་གསུམ་མིན་པའི་སྤྲུལ་སྐུ་ཡིན་དགོས་པའི་ཕྱིར་ན་ཅིས་ཀྱང་གསུང་གྲུབ་པར་ཞུ་ཞུ།

  8. པདྨ says:
    2012-10-03 at 3:12 am

    ཨོ་ཉི་འདིས་རང་སྐྱོན་ཕུང་གསུམ་དེ་གཞན་མགོར་བཞགས་ནས་རྩོམ་འཆལ་འབྲི་ཕོད་པ་ཡ་ཆ། ད་དུང་ཆོག་ཤེས་ཟེར་བ་བརྩམས་ནས་ཁོ་རང་ཆོག་མི་ཤེས་པ་ལྷ་ཁང་ནང་དུ་ཡུག་ས་ཁྲིད། ཁྲི་འདོན་བྱས། ཨ་ཀོང་ཟེར་བ་ཕུང་གསུམ་དམ་སྲིའི་རྒྱལ་པོ་དེ་ཚོ་དང་དོལ་རྒྱལ་ཚོ་ལ་འབྲེལ་ཚུལ་བཤད་ན་ངོ་ཚ་མི་ཤེས་པ་བྱི་ལི་ཆོས་བཤད་རང་རེད། ཧ ཧ བསྟན་པ་ལ་དག་ཐེར་བསམ་ན་རྒྱལ་བ་རིན་པོ་ཆེ་དང་གསེར་རྟ་འཇིགས་མེད་ཕུན་ཚོགས་ནང་བཞིན་དགོས་པ་ལས། ཁྱོད་ཀྱི་མི་དགེ་བཅུ་མཚམས་མེད་པ་ལྔ་བསགས་ནས་གཞན་ལ་ཁྲིམས་བཅའ་ཞིང་ཁ་གཏོང་བ་རང་སྐྱོན་སོལ་བ་དཀར་པོ་སྒྲུབ་ན་ནང་བཞིན་རེད་ཡ། རྒྱལ་བ་གོང་མ་བརྒྱུད་པ་དང་བཅས་པས་རང་གྲོལ་ནས་གཞན་སྨིན་པའི་ལོ་རྒྱུས་ད་དུང་ཤེས་མི་འདུག་གམ།

  9. མྱི་དཀར་ says:
    2012-10-03 at 3:46 am

    ཨོ་ཉི་ཁྱོད་རང་དང་པོ་ཁ་ནང་ལ་སྐོར་ནས་བསམ་བློ་ཐོངས། རང་སྐྱོན་རི་བོ་འདྲ་བ་ཁོག་ཏུ་སྦས་ནས་གཞན་སྐྱོན་བསྔོགས་ཁུལ་བྱས་ན་མི་མཛེས་སོ། །ལྷག་པར་དང་པོ་རང་ཉིད་དགེ་འདུན་པའི་གྲལ་ལ་ཡོད་དུས་བསྟན་བཤིགས་ཀྱི་གཙོ་བོ་བྱས་ཏེ་མཐར་མི་མིན་འདྲེ་མིན་ཕུང་གསུམ་པ་ཆགས་དུས་བསྟན་པ་ལ་ལྷག་བསམ་ཡོད་འདོགས་ག་ཚད་བྱས་ནའང་སོལ་བ་ནི་ནམ་ཡང་སོལ་བ་ཡིན་པ་ལས་དཀར་པོ་སུས་ཀྱང་བརྩི་མི་སྲིད་དོ། །

  10. ཨོ་རྒྱན་ཉི་མ། says:
    2012-10-03 at 4:04 am

    ང་ལ་སྦས་རྒྱུ་ཞིག་དང་། སྟོན་རྒྱུ་ཞིག་གང་ཡང་མེད། ཡོད་ཚད་སྟོན་ཚར་བ་ཡིན། ང་འདྲ་བའི་སྨྱོན་པ་ཚོས་བསྟན་པ་ལ་རྨ་འབེབས་དང་། གནོད་ཆེན་པོ་གང་ཡང་སྐྱེལ་གྱི་མ་རེད། ་་་་་་་་་་་་་་་་་་་་་་་་་་་་་་་་་སྐྱེལ་ངེས་པ་ཕུང་གསུམ་པ་སྦས་པའི་བརྟུལ་ཞུགས་ཅན་ཚོས་སྐྱེལ་ངེས་རེད།

  11. ཨོ་རྒྱན་ཉི་མ། says:
    2012-10-03 at 4:06 am

    རྒད་པོས་བཤད་པ་ལྟར་བདེན་པ་རེད། གང་ལྟར་ཡང་ང་ཚོས་མུ་མཐུད་ནས་བཤད་དགོས། ངེས་པར་དུ་གྲུབ་འབྲས་ཤིག་ཐོན་ངེས་ཡིན།

  12. ལེགས་བཤད། says:
    2012-10-03 at 4:09 am

    སློབ་དཔོན་སངས་རྒྱས་གཉིས་པ་ཨོ་རྒྱན་རིན་པོ་ཆེས། ལྐོག་ཏུ་ཤ་ཆང་བུད་མེད་བསྟེན།།བོད་བཙུན་རྣམས་དང་ང་མི་མཐུན།།གསུངས་འདུག །རྫོགས་ཆེན་མཁྲེགས་ཆོད་ཉམས་ལེན་གནང་མཁན་ཞིག་ཡིན་ན་མ་འདྲ་བ་ཞིག་ལོས་ཡོང་། ཡིན་ཡང་འདོད་སྲེད་རྐྱང་བའི་དབང་དུ་འགྲོ་བ་ཞིག་ཡིན་ཚེ་སློབ་དཔོན་སངས་རྒྱས་གཉིས་པའི་རིག་པ་གང་ཤར་གྱི་བརྟུལ་ཞུགས་དེ་དང་མི་འཚམས་པས་རྒྱང་ཐག་རིང་དུ་གནས་ཡོད་པས་ང་དང་མི་མཐུན་གསུངས་པ་རེད། ལག་ན་དངུལ་གང་ཡོད་སྦྱིན་པ་གཏོང་ཐུབ་ན་བདག་འཛིན་མེད་པའི་རྟགས། ཐིག་ལེ་ཡར་འདྲེན་བྱེད་ཐུབ་ན་ཚུལ་ཁྲིམས་ཡོད་པའི་རྟགས། བསྟོད་སྨད་ཀྱི་དབང་དུ་མི་འགྲོ་ན་བཟོད་སྒོམ་ཡོད་པའི་རྟགས། སྙིང་རྗེ་ལ་ཕྱོགས་རིས་མེད་ན་བརྩོན་འགྲུབ་ཡོད་པའི་རྟགས། རྣམ་གཡེང་གི་དབང་དུ་མི་འགྲོ་ན་བསམ་གཏན་ཡོད་པའི་རྟགས། ཡིད་ལ་གང་ཤར་གདམས་ངག་ཏུ་གོ་ན་ཤེས་རབ་ཡོད་པའི་རྟགས། །རྟགས་འདི་དག་ནི་ཆོས་ཉམས་ལེན་དུ་སོང་བའི་རྟགས་ཡིན་པས་དེ་དག་ཚང་འདུག་ན་བླ་མ་ཚད་ལྡན་ཡིན།

  13. ཨོ་རྒྱན་ཉི་མ། says:
    2012-10-03 at 4:13 am

    ཆང་དང་བུད་མེད་སྦས་ནས་སྤྱོད་ཅེས་པ། ཚང་མས་རིག་སར་མི་སྤྱོད་པའམ། ཡང་ན་དབེན་པའི་གནས་སུ་ལོངས་སུ་སྤྱོད་པ་ལས་ཡོངས་གྲགས་མེད་ན་ཡང་། དེ་དག་གིས་ད་དུང་རབ་བྱུང་ཡིན་མདོག དགེ་སློང་ཡིན་མདོག་བྱེད་མཁན་ཡོད་པ་མ་རེད། ད་ལྟའི་ཕུང་གསུམ་པ་བསྟན་པའི་དགྲ་བོ་ཚོས་ནི་མཚན་མོ་ཁྱིམ་པའི་སྤྱོད་པ་བྱེད་བཞིན། ཉིན་མོ་རབ་བྱུང་ཡིན་མདོག་གིས་ཆོས་གོས་བསྒོས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སྐྲ་སྦྱར། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཧཧཧཧ ཞབས་འདྲེན་དེ་ཚོ། ་་་་་་་་་་་་་་་་་་་་་་་་་་

  14. བོད་ལ་ཞེན། says:
    2012-10-03 at 1:05 pm

    རྩ་རླུང་གི་ཉམས་ལེན་མེད་པར་མི་ཚངས་སྤྱོད་བཞིན་ད་དུང་བླ་མའི་ཐོབ་གོ་ས་ལ་བསྡད་ན་གོས་གཟན་ཤམ་གོན་དང་སྐྱ་ཆས་སྤྲད་པ་གཉིས་ཀ་བསྟན་པའི་ཞབས་འདྲེན་ཡིན་པ་གཅིག་པ་རེད། ཁྱེད་ཀྱིས་བཤད་སྟངས་ལྟར་ན་ཕུང་གསུམ་པ་ཡིན་པ་གཅིག་པ་རེད།

  15. རིགས་ཞེན་དཀར་པོ། says:
    2012-10-03 at 3:48 pm

    ཚང་སྤྱོད་ཀྱི་སྡོམ་ཁྲིམས་ཉམས་པ་ཕུང་། གཙུག་ལག་ཁང་དུ་ཡུག་མོ་དང་ལྷན་དུ་ཆང་སའི་སྟོན་མོ་བཤམས་པ་ཕུང་།

    དགེ་འདུན་གྱི་སྡེ་ལ་བསྐུར་པ་བཏབས་པ་ཕུང་། ལར་ཕུང་ཚད་བཤད་ན་མང་པོ་ཡོད་ཀྱང་རེ་ཞིག་དེ་གསུམ་གྱི་ནང་དུ་སྐབས་ཀྱི་

    བརྗོད་བྱ་འདུས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme