Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབོ་གངས་དཀར་རིན་པོ་ཆེ་ལ་བཀའ་འདྲི་ཞུས་པ།

Posted on 2015-05-192015-05-19 By ཁ་བརྡ 11 Comments on འབོ་གངས་དཀར་རིན་པོ་ཆེ་ལ་བཀའ་འདྲི་ཞུས་པ།

མི་གསོན་པོ།

བལ་ཡུལ་ས་ཡོམ་གོད་ཆག་ལ་ཉེན་སྐྱོབ་ཨ་སྒོར་འབུམ་ཕྲག་ལྔ་ཡི་ཞལ་འདེབས་གནང་མཁན་གྱི་འབོ་གངས་དཀར་རིན་པོ་ཆེ་ལ་བཀའ་འདྲི་ཞུས་པ།

 
unnamedསྤྱིར་རང་ཉིད་ཀྱི་མི་གཞི་འམ་རང་གཤིས་ནི་ཧ་ཅང་ཕྱོགས་ཞེན་ཆེ་བ་ཞིག་ཏེ། རང་དང་འབྲེལ་ཡོད་ཀྱི་མི་སྣ་གང་ཞིག་གིས་སྤྱི་ཚོགས་དང་མི་རིགས་ལ་ཕན་པའི་རླབས་ཆེན་གྱི་བྱ་གཞག་རེ་བསྒྲུབས་པ་མཐོང་ཚེ་དགའ་སྤྲོའི་ཚོར་སྣང་གྱེན་དུ་འཕྱུར་གྱི་ཡོད། རྒྱུ་མཚན་དེས་ཤ་ཁྲག་རུས་གསུམ་གྱི་བརྒྱུད་པ་གཅིག་ལས་མཆེད་ཅིང་བླ་ཚེ་སྲོག་གསུམ་གྱི་ལས་དབང་གཅིག་ཏུ་གྱུར་པའི་ཁ་བ་གངས་ཅན་པའི་སྤུན་ཟླ་སུ་ཞིག་གིས་མི་རིགས་དང་སྤྱི་ཚོགས་ལ་ཕན་པའི་ལས་དོན་བསྒྲུབས་གནང་བ་དག་ལ་ལྷད་མེད་པའི་སེམས་པ་དཀར་པོས་ཡི་རངས་དང་གུས་འདུད་རྟག་ཏུ་ཞུ་བཞིན་ཡོད།

ད་ལན་བལ་ཡུལ་གྱི་ས་ཡོམ་གོད་ཆགས་ཁྲོད་དུ་གནོད་ཐེབས་མི་མང་ལ་བོད་ཀྱི་བླ་ཆེན་ཁག་གི་གཙོས་པའི་གྲྭ་བཙུན་དང་སྐྱ་སེར་མང་པོས་སྙིང་སྟོབས་དང་བློས་བཏང་ཆེན་པོས་ཉེན་སྐྱོབ་དང་མཐུན་འགྱུར་གནང་བ་རྣམས་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་མ་འདས་པས་སྙིང་གི་དཀྱིལ་དུ་དྲོད་ཡོད་མཁན་དང་ཀླད་པའི་ནང་ལ་སེམས་ཡོད་མཁན་ཞིག་ཡིན་ན་བསྔགས་བརྗོད་དང་ཡི་རངས་ཞུ་རྒྱུ་ལས་གཞན་ཅི་ཡོད། དེ་ལྟར་ཉེན་སྐྱོབ་དང་རོགས་རམ་བྱེད་མཁན་ཡོངས་ལས་དངུལ་དངོས་ཀྱི་ཞལ་འདེབས་ཕོན་ཆེ་ཤོས་གནང་མཁན་ནི་མི་ཉག་འབོ་གངས་དཀར་དགོན་གྱི་བསྟན་བདག་མཆོག་སྤྲུལ་སྐུ་འཕྲེང་བཅུ་པ་ཀརྨ་དཔལ་ལྡན་རང་བྱུང་འཇིགས་བྲལ་ཆོས་ཀྱི་རྒྱལ་སྲས་མཆོག་རེད་འདུག

གངས་དཀར་རིན་པོ་ཆེ་ནི་ལོ་རྒྱུས་ཐོག་ཏུ་ཧོར་ཐོག་ཐུ་སོགས་ཀྱི་མཚན་གནས་ཆེན་པོ་བཞེས་མྱོང་མཁན་གྱི་བོད་ཀྱི་བླ་ཆེན་ཞིག་དང་། ༧རྒྱལ་བ་ཀརྨ་པ་སྐུ་འཕྲེང་གཉིས་པ་ཀརྨ་པཀྴི་ནས་ཀར་རབས་རིམ་བྱོན་རྣམས་དང་དད་དམ་གྱི་འབྲེལ་བ་ཧ་ཅང་ཟབ་ཅིང་། གངས་དཀར་སྐུ་འཕྲེང་དགུ་པ་ཀརྨ་བཤད་སྒྲུབ་ཆོས་ཀྱི་སེང་གེ་མཆོག་ནི་དུས་རབས་ཉི་ཤུ་པའི་ནང་དུ་བོད་ཀྱི་མཁས་པ་སྐད་གྲགས་ཆེ་ཤོས་ཤིག་ཡིན་པར་མ་ཟད་༧དཔལ་རྒྱལ་དབང་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེའི་ཡོངས་འཛིན་ཡང་ཡིན་པས་དུས་རབས་དེར་སྙན་གྲགས་ཧ་ཅང་ཆེ།
ཁོང་ནི་དཔལ་སྤུངས་ནང་བསྟན་སློབ་གླིང་ནས་སློབ་ཐོན་བྱུང་ཞིང་༧སི་ཏུ་པདྨ་དབང་མཆོག་རྒྱལ་པོ་སོགས་སྐྱེས་ཆེན་དམ་པ་མང་པོའི་ཞབས་དྲུང་ནས་མདོ་སྔགས་རིག་གནས་དང་བཅས་པའི་སྦྱངས་པ་མཐར་སོན་ཏེ་མ་ཧཱ་པཎྚི་ཏའི་མཚན་གནས་མངོན་པར་མཐོ་བའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་དམ་པ་ཞིག་ཀྱང་ཡིན། རི་འགོག་དམག་འཁྲུག་མ་བྱུང་བའི་གོང་དུ་རྒྱ་ནག་ལ་ཐེངས་ཁ་ཤས་ཕེབས་ཏེ། ཁྲུང་ཆིང་དང་། ཅང་ཤིས། ནན་ཁྲང་། ཧུ་ནན་། ཁྲིན་ཏུ། ནན་ཅིང་། པེན་ཅིང་། ཧྲང་ཧེ་སོགས་རྒྱ་ཡུལ་གྱི་ཞིང་ཆེན་མང་པོའི་ནང་དུ་ཆིབས་བསྒྱུར་བསྐྱངས་ཤིང་བོད་བརྒྱུད་ནང་བསྟན་དར་སྤེལ་དང་། མདོ་སྔགས་ཟུང་གི་ཆོས་སྦྱིན་རྒྱ་ཆེན་མཛད་གནང་བ་ལྟར་ཁོང་གི་སློབ་མ་རྒྱ་ནག་སྐམ་ས་ཆེན་མོ་དང་ཐེ་ཝན་མཚོ་གླིང་སོགས་ཡོངས་སུ་ཁྱབ་ཡོད།

རྗེ་གོང་མའི་ཡང་སྲིད་གངས་དཀར་མཆོག་སྤྲུལ་སྐུ་འཕྲེང་བཅུ་པ་ཀརྨ་དཔལ་ལྡན་རང་བྱུང་འཇིགས་བྲལ་ཆོས་ཀྱི་རྒྱལ་སྲས་མཆོག་ནི་ཁམས་སྡེ་དགེ་དཔལ་ཡུལ་ནས་ཡིན་པའི་ཡབ་ཚེ་དབང་རིག་འཛིན་དང་། སྡེ་དགེ་འཇོ་མདའ་ཉག་གཤིས་ནས་ཡིན་པའི་ཡུམ་དཔལ་སྐྱིད་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༨༡་ལོར་འཕགས་ཡུལ་དུ་སྐུ་འཁྲུངས། ༧བྱམས་མགོན་སི་ཏུ་རིན་པོ་ཆེ་པདྨ་དོན་ཡོད་ཉིན་བྱེད་གྲུབ་པས་གངས་དཀར་གོང་མའི་ཡང་སྲིད་དུ་ངོས་འཛིན་བྱས་ཏེ་བདག་སྐྱོང་གནང་བ་ལྟར་བཤད་གྲྭ་དང་སྒྲུབ་གྲྭ་ལས་བསླབ་པ་མཐར་སོན། འཕགས་བོད་གཉིས་སུ་སློབ་གྲྭ་གསར་བཞེངས་དང་བསྟན་དགོན་འཛུགས་སྐྲུན་སོགས་ཀྱིས་བཤད་སྒྲུབ་ལས་གསུམ་གྱི་ཕྱག་རྗེས་རྨད་དུ་བྱུང་བ་དུ་མ་མཛད་གནང་བ་སོགས་ཀྱིས་མཚོན་ད་ལན་བལ་ཡུལ་གྱི་གནོད་ཐེབས་མི་མང་ལ་རོགས་སྐྱོར་ཞལ་འདེབས་རླབས་པོ་ཆེ་གནང་ཞིང་གཟུགས་སྐུ་མཚན་དཔེའི་རང་བཞིན་རྡོ་རྗེའི་ཁམས་སུ་བརྟན་བཞིན་པ་འདིའོ།

དེ་ལྟར་གངས་དཀར་སྐུ་འཕྲེང་རིམ་བྱོན་དག་ནི་༧རྒྱལ་བ་བཀའ་བརྒྱུད་པའི་བསྟན་པ་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་བླ་ན་མེད་པའི་བྱས་རྗེས་དང་མཛད་འཕྲིན་མངའ་བའི་རླབས་ཆེན་གྱི་མི་སྣ་ཞིག་ཡིན། ད་ལན་གངས་དཀར་རིན་པོ་ཆེས་བལ་ཡུལ་དུ་ས་ཡོམ་གོད་ཆགས་ཁྲོད་དུ་གནོད་ཐེབས་མི་མང་ལ་ཉེན་སྐྱོབ་རོགས་དངུལ་ཨ་སྒོར་འབུམ་ཕྲག་ལྔ་སྩལ་བ་གོ་ཐོས་བྱུང་བས་བདེན་མིན་དང་དེའི་བརྒྱུད་རིམ་ཤེས་འདོད་ཀྱིས་རིན་པོ་ཆེའི་འཕྲིན་ཕྲན་གྱི་ཁ་བྱང་གྲོགས་པོ་ཞིག་བརྒྱུད་ནས་ཐོབ་སོང་བས་རིན་པོ་ཆེ་ལ་འབྲེལ་བ་ཞུས་ཏེ། དེང་སྐབས་དྲ་ལམ་ཁག་ཏུ་གློག་བརྙན་འཁྲབ་སྟོན་པ་དང་བོད་བརྒྱུད་བླ་སྤྲུལ་མང་པོས་ཞལ་འདེབས་གཞི་རྒྱ་ཆེ་བ་མང་པོ་ཞིག་གནང་བའི་ལོ་རྒྱུས་བཀོད་པ་ཕལ་ཆེར་རྫུན་སྒྲོག་ཡིན་སྐད་འདུག འོན་ཏེ་རིན་པོ་ཆེས་ཨ་སྒོར་འབུམ་ལྔ་ཞལ་འདེབས་གནང་བ་དེ་བདེན་པ་རེད་ཟེར་ནས་གོ་ཐོས་བྱུང་བས་དེའི་བརྒྱུད་རིམ་སྐོར་མདོར་བསྡུས་ཤིག་གསུངས་རོགས་ཞུས་པའི་ལན་དུ་འདི་ལྟར་བཀའ་སྩལ་སོང་། 
“བལ་ཡུལ་དུ་ས་ཡོམ་གྱིས་དཀའ་ངལ་འཕྲད་པའི་ཉམ་ཐག་མི་མང་ལ་ཕན་ཆེད་དུ་ངས་ཨ་སྒོར་འབུམ་ལྔ་ཞལ་འདེབས་ཕུལ་འདུག་ཟེར་བ་དེ་བདེན་པ་རེད། དངུལ་དེ་བལ་ཡུལ་དུ་གནས་སྡོད་སྡེ་དགེ་གནས་ར་ཚང་གི་བུ་ཀརྨ་རྒྱལ་མཚན་བརྒྱུད་གཞུང་འབྲེལ་རོགས་སྐྱོར་ཚོགས་པ་ལ་འཕྲོད་ཟིན་པ་ཡིན། དེའི་བརྒྱུད་རིམ་འདྲ་བོ་དེ་ཚང་མས་མཁྱེན་གསལ་ལྟར་ཉེ་ཆར་བལ་ཡུལ་དུ་བསམ་ཡུལ་ལས་འདས་པའི་ས་འགུལ་གྱིས་གནོད་འཚེ་ཕོག་སྟེ་མི་སྟོང་ཕྲག་མང་པོ་བསད་པ་དང་། མི་འབོར་ས་ཡ་མང་པོ་ལ་ཟས་གོས་སྡོད་གནས་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་རེད།
དཀའ་ངལ་འཕྲད་བཞིན་པའི་ཉམ་ཐག་ལ་རོགས་པ་བྱེད་རྒྱུ་དེ་ནང་ཆོས་ཉམས་ལེན་གྱི་སྙིང་པོ་ལྟ་བུར་བཤད་ཡོད་དུས་རང་ཉིད་ཆོས་བྱེད་ཀྱི་མི་སྣ་ཞིག་གི་འགན་ཁུར་བྱེད་དགོས་པའི་ཚུལ་དུ་མཐོང་ནས་རང་ནུས་གང་ཡོད་ཀྱི་ནུས་ཤུགས་ཕྱུངས་པ་ཡིན། ཁྱད་པར་དུ་ས་འགུལ་བྱུང་སྐབས་༧རྒྱལ་བ་ཀརྨ་པ་ཨ་རི་ལ་བཞུགས་ཡོད་པ་དང་། ཆམ་རིམ་བཞེས་ཏེ་སྐུ་གཟུགས་དེ་ཙམ་ཐང་པོ་མེད་ནའང་ས་འགུལ་གྱིས་གནོད་འཚེ་ཕོག་པའི་ཤི་གསོན་ཡོངས་ཀྱི་ཆེད་དུ་བསྔོ་སྨོན་སྐྱབས་འཇུག་གནང་བའི་ཚོགས་མགོན་དུ་ཕེབས་ཏེ་བཀའ་སློབ་ལམ་སྟོན་དང་། ཞལ་འདེབས་སོགས་མཐུན་འགྱུར་རོགས་སྐྱོར་རྒྱ་ཆེན་གནང་བར་མ་ཟད་བཀའ་བརྒྱུད་པའི་དགོན་སྡེ་བླ་སྤྲུལ་རྣམས་ལའང་གང་ཐུབ་ཀྱིས་རོགས་སྐྱོར་བྱེད་དགོས་པའི་བཀའ་སྐུལ་གནང་བ་ལྟར་རང་ཉིད་ཁོང་གི་རྗེས་འཇུག་ཅིག་ཡིན་པའི་ངོས་ནས་བཀའ་སློབ་ལམ་སྟོན་རྣམས་སྙིང་དུ་བཅང་བ་དང་། ས་ཡོམ་གྱིས་གནོད་ཕོག་མི་མང་ལ་སྙིང་བརྩེ་ཆེན་པོས་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་ཞལ་འདེབས་དེ་ཕུལ་བ་ཡིན། 
མི་མང་པོའི་བསམ་བློ་ནང་དུ་གངས་དཀར་རིན་པོ་ཆེ་སྐུ་གོང་མའི་སློབ་མ་དང་ཡང་སློབ་དེ་བཞིན་ང་རང་ལའང་འབྲེལ་ཡོད་ཀྱི་སློབ་ཚོགས་མང་པོ་ལྟ་བུར་ཞིག་ཡོད་སྟབས་ང་ལ་དངུལ་མང་པོ་ཞིག་ཡོད་རྒྱུ་རེད་དྲན་གྱི་འདུག་ཅིང་ང་ལ་དངོས་སུ་བརྗོད་མཁན་ཡང་བྱུང་། དོན་དངོས་ཐོག་ཏུ་ང་ལ་དངུལ་འབོར་ཆེན་དེ་འདྲ་ཡོད་དོན་མེད་ལ་གང་ཡོད་པའི་དངུལ་དེ་དག་སློབ་གྲྭ་དང་བསྟན་དགོན་གྱི་ཆེད་དུ་བཏང་བཞིན་ཡོད། ད་ལན་དངུལ་དེ་ཡང་ང་རང་གི་ངོས་ནས་གྲངས་མང་པོ་ཞིག་དང་གལ་ཆེན་པོ་ཞིག་ཡིན་མོད་ས་ཡོམ་གོད་ཆགས་ཁྲོད་དུ་མི་མང་པོ་འདི་འདྲ་ཞིག་ལ་ཚད་ལས་འདས་པའི་དཀའ་ངལ་འཕྲད་བཞིན་པ་དངོས་སུ་མིག་མཐོང་ལག་ཟིན་ཡོང་དུས་སེམས་པ་ནས་བཟོད་མ་ཐུབ་པར་བློས་བཏང་བྱས་པ་ཡིན། དངུལ་དེ་དག་ཉེན་སྐྱོབ་དང་རོགས་རམ་གནད་སྨིན་དུ་འགྱུར་བའི་རེ་འདུན་བྱེད་ཀྱི་ཡོད་ལ་དགེ་རྩ་གང་ཞིག་ཡོད་པ་དེས་མ་འོང་པར་སེམས་ཅན་རྣམས་ལ་འདི་འདྲའི་རྐྱེན་ངན་བར་ཆད་མི་འབྱུང་བ་དང་འཛམ་གླིང་ཞི་བདེ་ཡོང་བའི་སྨོན་ལམ་བྱེད་རྒྱུ་ཡིན།
སྤྱིར་བཏང་ངས་ཞལ་འདེབས་ཅུང་ཟད་ཕུལ་ཐུབ་པ་དེ་ལྷག་བསམ་རྣམ་དག་གིས་ངོས་ནས་ཕུལ་བ་ལས་བསྟོད་བཀུར་སྙན་གྲགས་ཀྱི་ཆེད་དུ་མིན་པས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བཏང་བ་དང་། ཡིག་ཐོག་ནས་དྲིལ་བསྒྲགས་སོགས་གང་ཡང་རང་ངོས་ནས་བྱས་མེད་ལ་དེ་ལྟར་བྱེད་འཆར་ཡང་མེད། འོན་ཏེ་བལ་ཡུལ་ནས་བཀའ་བརྒྱུད་པའི་བླ་མ་ཁ་ཤས་ཀྱིས་གངས་དཀར་སྤྲུལ་སྐུས་ཨ་སྒོར་འབུམ་ལྔ་ཞལ་འདེབས་ཕུལ་བ་རེད་ཟེར་ནས་དཀྲོགས་གཏམ་གང་སར་ཁྱབ་ཀྱི་འདུག་པས་དེ་ལ་གསལ་བཤད་བྱེད་དགོས་ས་རེད་ཅེས་འགྲེལ་བརྗོད་བྱས་སོང་། གཅིག་བྱས་ན་གོང་དུ་ཁྱེད་རང་གིས་བཤད་པ་ལྟར་གློག་བརྙན་འཁྲབ་མཁན་སོགས་མི་སྣ་མང་པོ་ཞིག་གིས་ཞལ་འདེབས་ཕུལ་བ་རེད་ཅེས་གཏམ་འཆལ་དྲ་ལམ་ཁག་ཏུ་གང་སར་སྒྲོག་བཞིན་པ་ལྟར་རྫུན་གཏམ་རེད་དྲན་ནས་ལྷག་བསམ་གྱིས་གཞེན་སྐུལ་གནང་བ་ཡིན་ངེས། གང་ལྟར་རྒྱུ་མཚན་དེར་བརྟེན་ངའི་ལས་བྱེད་པ་རྣམས་ཀྱིས་འགྲེལ་བཤད་ཀྱི་ཚུལ་དུ་ཞལ་འདེབས་ཕུལ་ཟིན་པའི་འབྱོར་འཛིན་དེ་དྲ་ལམ་དུ་མ་བསྐུར་ཀ་མེད་འདྲ་བོ་བྱུང་ཏེ་གནས་ཚུལ་དེ་དྲ་ལམ་དུ་ཁྱབ་པ་རེད་མ་གཏོགས་ངའི་ངོས་ནས་ཁྱབ་བསྒྲགས་དང་འགྲེལ་བརྗོད་གང་ཡང་བྱས་མེད་ལ་བྱེད་དགོས་པའི་གནད་འགག་ཀྱང་མཐོང་གི་མེད། གལ་ཆེ་ཤོས་དེ་ཞལ་འདེབས་ཕུལ་བའི་དངུལ་དེས་ཉམ་ཐག་མི་མང་ལ་ཕན་ཐོགས་ཐུབ་པ་ཞིག་བྱུང་ན་བསམ་པ་ལས་གཞན་པའི་རེ་བ་གང་ཡང་མེད། ཡིན་ནའང་དེ་རིང་ཁྱེད་རང་གིས་དྲིས་པ་ལ་བརྟེན་ནས་ཞལ་འདེབས་ཅུང་ཟད་ཕུལ་བའི་བརྒྱུད་རིམ་དེ་ཞུས་པ་ཡིན’’ཞེས་གསུངས་བྱུང་།

དེ་ལྟར་གངས་དཀར་རིན་པོ་ཆེས་འཕགས་ཆེན་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྙིང་སྟོབས་བདག་གིས་བཞེས་ཏེ་གཞན་དོན་ཁུར་དུ་བླངས་པའི་མཛད་འཕྲིན་གྱི་བྱུང་བ་ངོ་མཚར་ཅན་འདི་ཉིད་ལ་ཡི་རངས་དང་དད་འདུན་ཆེན་པོས་སེམས་པ་དགའ་ཚོར་གྱིས་ཟིན་ཏེ། ངེད་ཅག་མདོ་ཁམས་སྡེ་དགེའི་ཁོར་ཡུག་ནང་དུ་རླབས་ཆེན་གྱི་མི་སྣ་འདི་ལྟར་འཁྲུངས་པ་ནི་ཕ་ཡུལ་སྡེ་དགེ་བའི་གཟི་བརྗིད་དང་སྤོབས་པ་ཞིག་རེད་སྙམ་པའི་སེམས་ཚོར་བཅས་སྡེ་དགེ་བ་མི་གསོན་པོས་ཡིག་ཐོག་ཏུ་ཕབ།

བཅར་འདྲི།

Post navigation

Previous Post: བདག་གི་ཕ་གཞིས་བླ་མ་རུང་།
Next Post: བླ་ན་མེད་པའི་སེམས། << The Heart Is Noble >>

Comments (11) on “འབོ་གངས་དཀར་རིན་པོ་ཆེ་ལ་བཀའ་འདྲི་ཞུས་པ།”

  1. འབྲོང་བུ་སོག་ཚ། says:
    2015-05-19 at 10:32 am

    བྱ་བ་མི་གཙོ། ཀུན་སློང་གཙོ།

  2. འབྲོང་བུ་སོག་ཚ། says:
    2015-05-19 at 10:37 am

    གོང་ས་ལྔ་པ་ཆེན་པོས། སློབ་མས་བརྩམས་པའི་བླ་མའི་རྣམ་ཐར་ནི། རང་བསྟོད་ཆེ་བས་བླ་མ་ཟོག་པོར་བསྒྱུར། ཞེས་གསུངས་པ་ལྟར། ཁོང་བཤད་གྲྭ་དང་སྒྲུབ་ཁང་ནས་མ་ཐོན་ནའང་འཐོན་རེད་ཅེས་བཤད་བསྡད་ན་སྒྲོ་སྐུར་གྱི་གཏམ་ལས་གཞན་ཅི་ཡང་མ་ཡིན། དེ་ལས་ཁོང་གིས་དངོས་འབྲེལ་གང་གནང་བ་རྣམས་དྲྭ་ཐོག་ཏུ་བཀོད་གནང་མཛད་ཐུབ་ན་སྤྱི་སྒེར་ཚང་མར་དགེ་མཚན་དུ་མཐོང་།

  3. ཁྱུང་སེ། says:
    2015-05-19 at 11:02 am

    གང་ཡིན་རུང་ཉམས་ཆུང་མགོན་མེད་སྐྱབས་མེད་ཀྱི་སྡུག་གིས་མནར་བའི་འགྲོ་བ་རྣམས་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་གནང་བར་བཀའ་དྲིན་ཆེ་ཞུ་བ་དང་བྱ་བར་རྗེས་སུ་ཡི་རངས་ཞུ་རྒྱུ་ལས་མེད། བླ་མའི་ངོ་བོ་ཅི་ཡིན་རུང་ཀུན་སློང་ལ་གང་ཡོད་རུང་ལག་ཏུ་བླངས་པའི་མཛད་པར་ཡི་རངས་ཞུ།

  4. ནུབ་ཕྱོགས་གངས་ཕྲུག says:
    2015-05-19 at 12:45 pm

    གངས་དཀར་སྤྲུལ་སྐུ་གོང་མ་ཡག་པོ་ཡོད་རུང་། ཡང་སྲིད་འདི་པག་ལག་རེད། ཤེས་ཡོན་དང་ཉམས་ལེན་གང་ཡང་མེད་མཁན་ཞིག་རེད།

  5. སྐལ་ཚེ། says:
    2015-05-19 at 9:28 pm

    ཞལ་འདེབས་གནང་བར་དགའ་བྱུང་། འོན་ཀྱང་ཁོང་གིས་མི་མང་ལ་མི་སྤྲད་པར་བལ་པོ་གཞུང་ལ་སྤྲད་འདུག དེ་མི་མང་གི་ལག་ཏུ་རག་རྒྱུ་དཀའ་ངལ་རེད།

  6. རང་བྱུང་རིག་པའི་རྡོ་རྗེ says:
    2015-05-20 at 12:23 am

    ཨ་སྒོར་ལྔ་འབུམ་གནང་སྦྱིན་བྱས་པ་ལ་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བའི་གནས་སུ་མཆིས་མོད། འོན་ཀྱང་སྒོར་མོ་དེ་དག་རང་གི་དགོན་པ་དང་ཡན་ལག་བརྒྱུད་ནས་དཀའ་ངལ་ཡོད་པའི་མི་དམངས་ཚོའི་ལག་ཏུ་འབྱོར་ངེས་བྱས་ན་ལེགས་པོ་རེད། དེ་མིན་་བལ་གཞུང་གི་ལས་བྱེད་ཚོ་ལྐོག་ཟ་རུལ་སུང་ཤ་སྟག་ཡིན་པ་མཁྱེན་བཞིན་དུ་དེ་ལྟར་མཛད་པ་དེར་ཤིན་ཏུ་བློ་ཕམ་ཡོད། མཆོག་ལ་སྙན་གྲགས་དང་ཟང་ཟིང་གི་འདོད་པ་མེད་ན་གཞུང་བརྒྱུད་དགོས་པའི་རྒྱུ་མཚན་གང་ཡིན་ནམ། དྲི་བ་འདི་ནི་ངའི་ཁ་ནས་རང་དབང་མེད་པར་ཤོར་ཐལ། །

  7. ལྡོང་གསེར་མིག says:
    2015-05-20 at 7:16 pm

    རང་གི་དངུལ་ཁུག་ནས་སྒོར་རྡོག་བརྒྱ་ཡང་གཏོང་མི་ཐུབ་པའི་དྲ་འབུ་ལས་ངན་ཚོར་ཅི་ཞིག་བྱུང་བ་རེད། བླ་མ་དེས་ཨ་སྒོར་འབུམ་ལྔ་ནེ་སྒོར། 50,000,000 ལྷག་བཏང་བ་རེད་ད། ད་དུང་བླ་མའི་ཀུན་སློང་གང་ཡིན་ལ་དཔྱད་པ་གཏོང་ཁུལ་དང་། བསྐུར་སྟངས་ཀྱི་རྒྱུད་རིམ་གཞུང་སྒེར་གང་ཡིན་ལ་ཇུས་གཏོགས་བྱེད་ཀྱི་འདུག ཨ་ཨ། ཅི་འདྲའི་ལས་བཟང་པོ་མ་བསགས་པ་རྐྱང་རྐྱང་འདིར་འཛོམས་འདུག

  8. ཏི་སི། says:
    2015-05-21 at 4:57 am

    ངོ་མ་ཕ་བཟང་པོའི་བུ་ཞིག་ཡིན། ད་ལན་དུས་ཐོག་ལ་ཞལ་འདེབས་གནང་བ་ལ་ཡི་རང་དང་བསྔགས་བརྗོད་ཞུའོ། སྤྲུལ་སྐུ་འདི་ངོ་མ་བློ་སྟོབས་ཅན་བཀའ་བརྒྱུད་གོང་མའི་བྱིན་རླབས་ཅན་ལྡན་ཡོད་པ་རེད། མ་ཟད་ཁོང་གིས་སེམས་ཅན་ལ་བྱམས་སྐྱོང་གནང་བ་ལམདད་གུས་ཞུ།

  9. ྄རྟེན་འབྱུང་། says:
    2015-05-21 at 10:19 pm

    ࿑ ཅི་ཡང་ཟེར་ལ་གང་ལའང་ཉེས་འཛུག་བྱེད་པའི་གཤིས་ཀ་ཅན་དག་མཐོང་དུས་ལས་ངན་ཁ་མ་གང་བ་ཟེར་བ་དེ་འདྲ་ཞིག་ལས་འགྲོ་ས་མི་འདུག མིག་མཐོང་ལག་ཟིན་གྱི་དཀའ་ངལ་གྱི་གནས་སྟངས་ལ་འདི་འདྲའི་སྐྱབས་འཇུག་གནང་བ་ལས་གཞན་པའི་ཁ་ཡོད་ལག་ཡོད་བྱ་བ་བཟང་པོ་ཞིག་གང་འདྲ་བྱས་བསྒྲུབ་དགོས་པ་རེད། ཕྲག་དོག་གི་གདོན་སྙིང་ལ་ཉལ་པ་ཚོས་ལག་ལེན་ལམ་སཉཏོན་དཔེ་མཚོན་ཙམ་ཞིག་སྟོན་དང་བལྟ་བར་སྤྲོ་ལགས།

  10. རང་བྱུང་རིག་པའི་རྡོ་རྗེ says:
    2015-05-22 at 1:03 am

    དཀའ་ངལ་ཡོད་པའི་མི་དམངས་ཀྱི་ལག་ཏུ་མ་འབྱོར་ན། ཨ་སྒོར་དུང་ཕྱུར་སྤྲད་ཀྱང་ཡ་མཚན་མེད།
    སྤྱིར་བླ་མ་ཞིག་གི་དངུལ་ཁང་ན་ཨ་སྒོར་དེ་ཙམ་མང་བོ་ཞིག་ཉརཡོད་ན་ཡག་རྟགས་ཤིག་གཏན་ནས་མ་རེད། །

  11. ྄རྟེན་འབྱུང་། says:
    2015-05-22 at 2:32 am

    འཛམ་གླིང་ཆོས་ལུགས་ནང་ནས་སྤྲང་ཤོས་དེ་ནང་པ་དང་དེའི་ནང་ནས་ཀྱང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་དེ་རེད། ང་རང་ཚོའི་སྤྱི་ཚོགས་འདི་དཔལ་འབྱོར་གྱི་འཁོས་ཀ་གཞན་དང་བསྡུར་ན་ཚད་དམའ་བས་དགོན་པ་དང་བླ་མ་རེ་ཟུང་ལ་དངུལ་འབོར་ཆེ་ཙམ་ཞིག་ཡོད་པ་མཐོང་ཐོས་བྱུང་ཚེ་ཡག་རྟགས་མ་རེད་ཟེར་བ་སོགས་ནི་བསམ་བློ་དང་མཐོང་རྒྱ་ཁོངས་དོག་པ་རེད་དོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme