Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བརྩེ་སེམས་ཀྱི་གླུ

Posted on 2011-07-012011-07-01 By དབང་ཕྱུག་ 10 Comments on བརྩེ་སེམས་ཀྱི་གླུ

qilian_shan

བསམ་གླིང་ཚེ་རིང་ལྷ་མོ།

སྤྲིན་གྱི་རྒྱུ་བ་ལྷོད་པའི་ཉིན་དེར་སེམས་ཀྱི་རྒྱུ་བ་དེ་བས་ཟབ།།
ཕན་ཚུན་སེམས་ཀྱི་བརྩེ་བའི་བར་ཐག་ཅི་ལྟར་ཟབ་ཅིང་ཉེ་ན་ཡང།།
དྲན་པའི་སྙིང་གཏམ་ཤོད་རྒྱུ་མང་བས་གཏམ་གྱི་གྲོས་འགོ་ག་ནས་གླེང།།
ཟབ་ཅིང་བརླིང་བའི་ཡིད་ཀྱི་སྣ་ཐག་ག་ལེར་འཁྲིས་ལ་ཇི་ལྟར་འཐེན།།

ན་བུན་འཚུབ་མ་རླུང་གིས་དེད་ནས་ལྷུན་པོའི་སྤོ་ལ་རིམ་གྱིས་འཁྱུད།།
ཆར་གྱི་ཟེགས་མས་སྐྲ་ལོ་བརླན་ཀྱང་ད་དུང་ཕྱོགས་དེར་ཅེར་དོན་ཅི།།
ཡིད་ཀྱི་ཞིང་སར་སིམ་ན་འདོད་པའི་ཆུ་མིག་དྭངས་མོ་ཁྱད་འཕགས་ཤིག
ཉིན་མཚན་ཀུན་ཏུ་འདྲེན་བྱེད་མདུན་དུ་རི་མོར་འཕྱོ་འམ་འཕྱང་མོ་ཉུག

ལས་དབང་བཙན་པོའི་ཐོ་གཞུང་ནང་དུ་ཁྱེད་ཀྱི་མཛའ་བོའི་མིང་ཅན་དེ།།
རྒྱང་རིང་རི་བོས་མཐའ་ནས་བསྐོར་ཏེ་བདེ་མོའི་སྤང་ནས་སྒུག་པར་འདོད།།
ཡང་ཡང་སྨིན་མཚམས་ནག་སྣུམ་འོག་ནས་རེ་བའི་འོད་ཟེར་འཕྲོས་ནས་ནི།།
འཇིག་རྟེན་བདེ་བའི་སྙིང་པོ་འཛོམས་ཞེས་ཐ་སྙད་སྙན་པོས་བཞེངས་སྐྲུན་བྱེད།།

གླང་པོའི་སྣ་ཞགས་རིང་དུ་རྐྱང་འདྲའི་རི་བོས་འཕྲེད་བཅད་མ་ཡིན་ལ།།
ཆུ་ཀླུང་ནགས་ཚལ་དུ་མས་བཅད་པའི་ཡུལ་གྱིས་བསྐལ་བ་མ་ཡིན་ཀྱང།།
རྒྱལ་སྲས་ནོར་བཟང་དཀའ་བ་སྤྱད་ནས་ལྗོན་པའི་ཡུལ་དུ་བརྟོལ་ནུས་ཀྱང།།
ཡིད་འཕྲོག་ལྷ་མོར་མི་གྲིབ་ཕོག་དོགས་དར་ཚོན་ཡོལ་བས་བཅད་དང་འདྲ།།

ཆུ་ལྷའི་ཕང་བར་གྱེས་པར་དགའ་བའི་མཛེས་ལྡན་དུང་ཟླ་དཀར་པོ་ཁྱོད།།
ཆགས་སྡང་གཉིས་ཀྱི་ཐ་སྙད་དབེན་པས་ཡིད་ཀྱི་དཔང་པོ་ངེས་པར་མཛོད།།
ཤང་ཤང་ཆུ་ཀླུང་རྒྱལ་ཁམས་འགྲིམ་ཀྱང་ནག་ནོག་རྡུལ་དང་འདྲེས་མིན་ཞེས།།
ཉེ་རིང་ཞེས་བྱ་གཏམ་དོན་བར་ནས་མཛའ་བོའི་ཞལ་རས་ཆུ་འཛིན་ལྡིང།།

གསེར་མདོག་ཅན་གྱི་ཉི་མའི་འོད་མདངས་ཕྱི་དྲོའི་སྤང་རིའི་ངོས་སུ་འཕྲོ།།
ལྗོན་པའི་གྲིབ་གཟུགས་ཕ་མཐའ་ཡས་པའི་རྦ་རླབས་དྲག་པོ་གཡོ་བ་བཞིན།།
བར་མེད་འགུལ་བའི་འདྲེན་བྱེད་སྣུམ་པོ་སྙིང་ཆུང་དམར་པོའི་སྒེའུ་ཁུང་འདྲ།།
བདེ་སྡུག་འདྲེས་མའི་འཇའ་ཚོན་དབུས་སུ་བརྩེ་བའི་དྲོད་ཁོལ་བར་མེད་ཁྱབ།།

སྙན་ངག

Post navigation

Previous Post: གཟུངས་བཞུགས་དང་བྱིན་རླབས་མེད་པའི་ཀློག་དེབ་སྐོར་ཞིག
Next Post: ངས་དེ་རིང་གི་དུས་ཆེན་ལ་ངོ་རྒོལ་བྱེད་ཀྱིན་ཡོད།

Comments (10) on “བརྩེ་སེམས་ཀྱི་གླུ”

  1. བོན says:
    2011-07-01 at 4:55 am

    ཨེ་མ་ཧོ།
    རི་ཆེན་སྟོང་གི་ཕ་ཡུལ་ལམ་ཆུ་ཆེན་ཁྲི་ཡི་འགོ་ཁུངས་ཏེ་ཞང་ཞུང་ཕྱྭ་ཡི་གཡང་རར་གྲགས་པའི་གནའ་བོའི་ཡུལ་ཁམས་གང་གི་བླ་སྲོག་ཏུ་གྱུར་པའི་སྟོད་ཀྱི་གངས་དཀར་ཏི་སེ་ནི་བྱར་ཐོགས་བཅོ་བརྒྱད་སོགས་ཀྱིས་གཙོས་པའི་གནམ་བསྐོས་དག་གིས་མཆོད་གནས་སུ་བཀུར་དོན་ཡང་སྲིད་པའི་བླ་རི་དེ་ལ་ཁ་བའི་རང་མདངས་སུ་ཆགས་པའི་འགངས་གནད་ཅན་གྱི་གདོད་མའི་ཆོས་རིག་དེ་དག་ཁ་འབབ་ཆུ་བོའི་ཟོལ་དུ་བཞུར་ཞིང་ཕྱོགས་ཀྱི་ཡུལ་གྲུ་བརྒྱུད་ནས་ཉི་འོག་གི་རྒྱལ་ཁམས་ཀུན་ཏུ་ཁྱབ་པས་ཡིན།
    དངོས་ཡོད་ཀྱི་བྱུང་བ་ལྟར་ན་སྟོད་ཀྱི་གངས་རྒྱལ་འདི་ཉིད་དྲུང་མུ་གྱེར་གྱི་གནས་དམིགས་སམ་འཁྲུངས་ཡུལ་ཉག་གཅིག་ཡིན་ཡང་། རྒྱ་བལ་ཧོར་སོག་རྒྱལ་ཕྲན་དང་བཅས་པའི་ཆོས་རིག་གསར་རྙིང་ཕལ་མོ་ཆེ་ལའང་གངས་རྒྱལ་འདི་དང་འབྲེལ་བའི་བྱུང་བ་རེ་བཤད་རྒྱུན་དུ་སྣང་། དེ་བས་སེང་གེ་གཙང་པོ་ཁད་ཀྱིས་འབབ་པའི་རྒྱུད་དུ་རིག་བྱེད་ཀུན་ལས་སྔ་བ་ངེས་བརྗོད་ཀྱི་བསྟན་བཅོས་ཀྱང་འཕགས་རིགས་སུ་འབོད་པའི་གནའ་བོའི་རུས་ཚོའི་ངག་སྐད་སཾསྐྲྀཏ་ལ་དྲངས་ཏེ་ཆུ་བོ་དེ་དང་ལྷན་དུ་ཧི་མ་ལ་ཡའི་གངས་སུལ་ནས་ལྷོ་ཡི་རྒྱ་གཤོངས་སུ་བབས། འཕགས་རིགས་ཀྱང་དེ་ཕྱོགས་སུ་འཕོས་པས་རྒྱ་ཐང་དེ་ཉིད་ཀྱང་འཕགས་ཡུལ་དུ་གྲགས་ཤིང་། སྐད་ཡིག་ལའང་ལྷ་སྐད་ཅེས་སུ་ཐོགས་པས་མ་ཚད། ཆོས་ཀྱི་བླ་དྭགས་ཀྱང་ཆུ་ཀླུང་དེའི་མིང་ལས་ལོགས་སུ་མེད་པར་གྱུར་པའང་གཏན་ཚིགས་ཡིན་ཡང་ཟེར།
    གཞན་དུ་ན་བྱེ་མ་གཡུང་དྲུང་གི་ས་རྟགས་ལས་འགྲོས་བཟང་གྱི་ལིང་ཁ་འབབ་ཤར་དུ་ཕྱོགས་ཏེ་སྒང་པ་བོད་ཀྱིས་སོག་ཁར་འབོད་པའི་ཡར་ཀླུང་ཁོག་དེར་བཞུར། མི་ལོ་ཁྲི་ཕྲག་གི་སྔོན་མས་སུ་གཤེན་རབ་མི་བོ་ཆེ་དང་ཁོང་གི་རྒྱུ་བོན་རྣམས་ཆུ་ལམ་དེ་ཉིད་བརྒྱུད་པའི་ཤུལ་རྗེས་སུ་ཞང་བོད་ལོ་པཎ་དག་གིས་བསྒྱུར་ཞིང་འགྲེལ་པའི་མདོ་སྔགས་སེམས་གསུམ་གྱི་བོན་སྡེ་ཁག་ཀྱང་ལམ་རྒྱུད་དེ་ནས་བོད་དང་སུམ་པ་དེ་བཞིན་འ་ཞས་གཙོས་པའི་རྒྱལ་ཕྲན་ཀུན་ཏུ་འཕེལ། དེ་ལྟའི་བཞུར་རྒྱུན་རིང་བའི་རྟ་མཆོག་ཁ་འབབ་གང་ཉིད་ལྷ་སའི་སྐྱིད་ཆུར་འདྲེས་མཚམས་ཡར་ཀླུང་གཙང་པོར་གྲགས་ཏེ་སྙན་གཡེར་ཅན་དུ་གྱུར་ཀྱང་། འགོ་ཁུངས་གངས་རྒྱལ་ཏི་སེར་མ་འབྲེལ་ཚེ་ལྷོ་མཐའི་རྒྱལ་ཕྲན་དག་གིས་ཀྱང་གཙང་མ་མེས་པོའི་སྲས་མོར་བཀུར་ཞིང་མཆོད་པའང་སྲིད་མཐའ་ཙམ་དུ་ངེས་ཏེ། ཆུ་འགོ་གངས་དང་ཆོས་འགོ་བོན་དུ་གྲགས་པའི་གཏན་ཚིགས་ལའང་གནད་དོན་བདོག་པས་སོ། །
    གང་ལྟར་སེང་གེ་གཙང་པོའི་ཤེས་རིག་དང་ཡར་ཀླུང་ཆུ་བོའི་ཆོས་རིག་གང་ལ་བལྟས་ཀྱང་སྟོད་ཀྱི་གངས་རི་རིན་པོ་ཆེ་ནི་ཆུ་རྒྱུད་དེ་དག་གི་འགྲམ་ངོར་འཁྲས་པའི་སྐྱེ་བོའི་སེམས་ངོགས་སུ་བསྐལ་པའི་མཐར་ཡང་འགྱིང་བར་འོས་པའི་གཟི་མདངས་འཚེར་བཞིན་གནས་ལ། ཟིལ་ཤུགས་དེ་ཉིད་ཀྱི་བརྗིད་རྔམ་ལས་ཆོས་རིག་དེ་དག་གི་བརྒྱུད་རིམ་དང་འབྲེལ་བའི་གནད་དོན་ཡང་གསལ་བར་མངོན།
    གོ་ཐོས་སུ་གནའ་དུས་ཤིག་ན་གསས་མཁར་དཀར་ནག་བཀྲ་གསལ་དུ་རྗེས་བཞག་བསྟན་པའི་བོན་རྣམས་མུ་ཆོས་གཙོས་པའི་སྡུད་འཁོར་དག་གིས་སྒོ་བཞི་མཛོད་ལྔར་ཕྱེས་ཤིང་། བཀའ་ཡི་བོན་དུ་འགྱུར་རོ་ཅོག་ལ་བརྟེན་ནས་དགོངས་སྙིང་བཀྲལ་ཏེ་ཕྱོགས་སུ་བསྒྱུར་ཞིང་བཤད་པར་གྲགས། དེ་ནས་སྐབས་ཤིག་གཤེན་ཆེན་ཀླུ་དགས་གཙོས་པའི་གཏེར་སྟོན་བརྒྱ་རྩས་ཀྱང་གཡའ་རི་གངས་བྲག་གི་ཁྲི་མུན་དུ་ཚུད་པའི་བོན་སྡེ་ཇི་སྙེད་ཅིག་ཀྱང་གློད་འགྲོལ་གནང་། དེ་མཚམས་སླར་ཡང་བོན་རྣམས་དུས་འགྱུར་གྱི་ཁ་རུ་ཤོར་ནས་ཟད་ལ་ཐུག་སྐབས་སྨན་རིའི་མཁན་སློབ་ཟུང་གིས་གཙོས་པའི་སྐྱེས་ཆེན་རྣམས་ཀྱིས་ལྷོ་རོང་དོལ་པོའི་ཡུལ་གྱི་རིན་བྲལ་གསུང་རབ་གང་དག་འཕྲུལ་དུ་དཔར་ཏེ་ཤར་ནུབ་རྒྱལ་ཁབ་ཀུན་ཏུ་སྤེལ་བར་མཛད།
    ད་ཡང་ཀུན་ཀྱང་རང་དོན་སྒྲུབ་གླགས་མེད་པའི་དུས་མཐའ་འདིར་བོད་ཀྱི་ཆོས་རིག་སྤྱི་ལ་ཤ་ཞེན་གྱི་ཐུགས་སྣང་རབ་ཏུ་དཀར་བའི་དཔལ་གཤེན་བསྟན་རྩེ་ཞིག་དགོན་གྱིས་ལྷ་ཁང་བཙན་པོའི་ཡིག་མཛོད་དུ་ལྷག་ཅིང་། ཤིང་དཔར་དང་བྲིས་མའི་རབས་མཐར་ཐུག་པའི་དཔེ་དཀོན་གྱི་གསུང་རབ་རྣམས་མྱུར་སྐྱོབ་ཀྱི་ལས་ལ་གཞོལ་བར་དགོངས་བཞེས་ཀྱིས༼གངས་ཏི་སེ་བོན་གཞུང་རིག་མཛོད༽དུ་དཔེ་ཚོགས་བརྒྱ་ཕྲག་ལྷག་ཅིག་ལེགས་བསྒྲིགས་ངང་འཕྲུལ་དུ་དཔར་ནས་དགོས་མཁོར་རེ་བའི་བོན་འབངས་སྤྱི་དང་རྒྱལ་སྤྱིའི་དོན་གཉེར་ཅན་གྱི་སྤྱན་ལམ་དུ་དངོས་སུ་བསྟར་བ་འདི་ཡང་གངས་དཀར་ཏི་སེའི་ཆོས་རིག་དངོས་ལ་སྲི་ཞུ་བླ་ལྷག་ཏུ་གྱུར་བར་ལྟ་ཅི་སྨོས། བོད་བརྒྱུད་ནང་བསྟན་ཆོས་རིག་གི་སྲོག་རྩའང་སྟོད་ཀྱི་བླ་རི་ཏི་སེའི་ཤེས་རིག་གི་ངོ་བོར་གནས་གཤིས་ཁ་བའི་ལྗོངས་ཀྱི་ཆོས་རིག་བྱིངས་ལའང་ཕན་རླབས་བསྐྲུན་པས་ཡི་རངས་འཆོར།

  2. བསེ་རུ་ says:
    2011-07-01 at 2:54 pm

    མངོན་པར་བསྟོད་དོ།།

  3. བསེ་རུ་ says:
    2011-07-01 at 4:47 pm

     སྙིང་གཏམ་དམར་པོ་བཞུར་དུས།།
    སེམས་པ་རླུང་གིས་འཁྱེར་སོང་།།
    ལུས་སེམས་ཁ་བྲལ་འགྲོ་དུས།།
    མིག་ཆུ་མཚོ་མོར་འདྲེས་སོང་།།

  4. ཚུབ་དགའ་ནས says:
    2011-07-02 at 6:56 pm

    ࿊སེམས་ཀྱི་རོལ་རྩལ་སྦྲང་ཆར་གཟིམ་བུ།
    འཆོ་འཕྲུལ་རླབས་ཀྱིས་སྐྱོད་པའི་ཚེ།
    གང་འདོད་ལོངས་སྤྱོད་ཡིད་ག་བྲལ་ཞིང།
    ཁོ་ཐག་ཆོད་པའི་གྲོགས་ལ་གཅེར།

  5. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-07-02 at 8:31 pm

    དྲ་གྲོགས་བསེ་རུ་ལགས། མ་མཇལ་ཡུན་རིང། སྐུ་ཉིད་ཕེབས་པར་འཚམས་འདྲི་ཞུ།
    ལས་བྲེལ་དབང་ལས་དུས་ཐོག་འདི་གར་སླེབས་མི་ཐུབ་པར་དགོངས་གལ་མེད་པ་ཞུ།
    སྐུ་ཉིད་ནས་སྙན་ཚིག་གི་ལེགས་སྐྱེས་ཤིག་གནང་འདུག་ལ་གུས་མོས་ཀྱང། འདི་གར་ཅུང་ཟད་ཅིག་ཁ་སྣོན་དུ་ཕུལ་རྒྱུ་ཡིན།
    དེང་དུས་དྲ་རྒྱའི་འཇིག་རྟེན།།
    གདུང་ཡུས་ཅི་ཡང་གླེང་ས།།
    ནམ་ཞིག་ལུས་སེམས་བྲལ་བ།།
    སེམས་ལྡན་ཀུན་གྱི་ཆོས་ཉིད།།

    མི་སེམས་འཛིན་རྒྱུ་མེད་ལ།།
    མི་སེམས་མཐོང་རྒྱུ་མེད་ཀྱང།།
    སྣང་ཞིང་སྲིད་པའི་ཁམས་འདིར།།
    སེམས་ལས་སྟོབས་ཆེ་ཨེ་ཡོད།།

    རླུང་བུ་ཡོང་ས་མཚོ་རེད།།
    རྒྱ་མཚོའི་མངལ་གྱི་སྲས་མོ།།
    རི་རབ་འདེགས་པར་ནུས་ཀྱང།།
    མི་སེམས་འཁྱེར་བར་དཀའ་སོང།།

    ཕྱི་ཡི་སྒྱུ་རྩལ་རི་མོ།།
    ངོ་མཚར་བཀྲག་མདངས་ཆེ་ཡང།།
    དོན་དམ་སེམས་ཀྱི་རི་མོ།།
    སུས་ཀྱང་རྟོགས་ས་མ་རེད།།

  6. ཀ་དར་ཏི་དྲིལ་ says:
    2011-07-02 at 9:26 pm

    “མི་ལོ་ཁྲི་ཕྲག་གི་སྔོན་མས་སུ་གཤེན་རབ་མི་བོ་ཆེ་དང་ཁོང་གི་རྒྱུ་བོན་རྣམས་ཆུ་ལམ་དེ་ཉིད་བརྒྱུད་པའི་ཤུལ་རྗེས་སུ་ཞང་བོད་ལོ་པཎ་དག་གིས་བསྒྱུར་ཞིང་འགྲེལ་པའི་མདོ་སྔགས་སེམས་གསུམ་གྱི་བོན་སྡེ་ཁག་ཀྱང་ལམ་རྒྱུད་དེ་ནས་བོད་དང་སུམ་པ་དེ་བཞིན་འ་ཞས་གཙོས་པའི་རྒྱལ་ཕྲན་ཀུན་ཏུ་འཕེལ” དང་། “ཆུ་འགོ་གངས་དང་ཆོས་འགོ་བོན་དུ་གྲགས་པའི་གཏན་ཚིགས་ལའང་གནད་དོན་བདོག་པས་སོ། །” བོན་པོ་ལགས་ཀྱིས། རྒྱལ་རབས་དང་ཆོས་འབྱུང་འདི་ལས་རྒྱས་ཙམ་བྱུང་ན། བོན་ཆོས་དར་རྒྱས་ལའང་ཕན་སྲིད།

  7. ཨ་བུ། says:
    2011-07-04 at 11:27 am

    ཚིག་གི་སྡེབ་སྦྱོར་ལྷུག་པར་གྲོལ་དུས་དབྱངས་ཅན་ལྷ་མོ་མིན་ནམབསམ།།
    དོན་གྱི་ཟབ་ཚད་ཀློང་ནས་ཕྱུར་དུས་སྒྲོལ་དཀར་བུ་མོ་མིན་ནམ་བསམ།།
    སེམས་ཀྱི་ཚོར་བ་ཤར་མར་བརྗོད་དུས་ལྷ་སའི་བུ་མོ་ཡིན་ནམ་སྙམ།།
    འགྱུར་ཁུག་དབྱངས་རྟ་མཁའ་ལ་གྱེར་དུས་རང་གི་འགྲམ་ན་མེད་དམ་སྙམ།།

  8. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-07-04 at 12:48 pm

    དྲ་གྲོགས་ཨ་བུ་ལགས་སུ།
    ལྷག་བསམ་དག་པའི་ཚིག་སྦྱོར་སྙན་པོར་རིན་ཆེན་ནོར་གྱིས་དོ་མ་ཡིན།།
    ཡོད་ཚད་སེམས་ཀྱི་ཁོངས་ནས་ཞུར་དུས་རང་གཞན་སྐྱེ་བོར་དགའ་བདེ་སྦྱིན།།
    ལྷན་སྐྱེས་གཞན་བདེ་སྦྱིན་པར་འདོད་པ་རང་ཅག་བོད་མིའི་གཤིས་བཟང་ཞིག
    སོར་མོའི་སྒྱུ་འཕྲུལ་རྣམ་པར་མཛེས་སོ་དྲ་གྲོགས་ཨ་བུ་ལགས་སུ་ཞུ།།

  9. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-07-04 at 1:22 pm

    བཀུར་འོས་དྲ་གྲོགས་ཚུབ་དགའ་ལགས།
    འཇིག་རྟེན་སྲིད་པའི་བྱ་བ་ཐམས་ཅད་གང་འདོད་དེ་གྲུབ་ཡོད་འགྱུར་ན།།
    བརྩེ་དུང་ཞེས་བྱ་སེམས་ན་ཟབ་པའི་བྱ་བ་གྲུབ་པར་དཀའ་སྡུག་ཅི།།
    ལོངས་སྤྱོད་ཅེས་བྱ་སྲིད་པའི་བདེ་བར་མགོ་བོ་འཁོར་རྒྱུ་མང་ན་ཡང།།
    བདེ་འགྲོ་ཞེས་བྱ་ཕྱི་མའི་ལམ་བུ་ཡིད་ཀྱི་སྟེང་ནས་བརྗེད་པའི་ཉེན།།

  10. ཨ་བུ། says:
    2011-07-05 at 5:12 am

    དུས་རབས་ཉེར་གཅིག་མཁའ་ལམ་ཡངས་པའི་ངོས།།
    བསམ་གླིང་བུ་མོ་ཡང་ཡང་རྒྱུ་མཐོང་དུས།།
    ང་ཡི་སོར་མོ་འཛུབ་མནོན་རེ་རེའི་ཐོག།
    ལན་བརྒྱར་ཤོར་ཡང་ངལ་བ་ཅི་ཞིག་ཡོད།།

    དྲ་བའི་གསེབ་ན་གྲྭ་འཁྱམ་གྲྭ་ལོག་ལྟ་ལོག་གསུམ་འཛོམས་ཏེ།།
    གཅིག་གཅིག་གཉིས་གཉིས་ཀླད་སྟོང་སྐད་ཆར་ཉོབ་པའི་དུས།།
    ཁྱེད་ཀྱི་སྙན་ཚིག་ཡུལ་ཙམ་མཐོང་འདི་བདག་གི་ངལ་གསོ་སྟེ།།
    རྒྱུན་ཆད་མེད་པའི་སྙན་རྩོམ་གངྒའི་ཆུ་རྒྱུན་བདག་ལ་དབབ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (3)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme