Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བརྩེ་དུང་གི་རྨ་ཁ།

Posted on 2010-12-142010-12-14 By ཁ་བརྡ་ 30 Comments on བརྩེ་དུང་གི་རྨ་ཁ།

དོལ་སྨྱོན།

བུ་ག་མང་བའི་སེམས་པ་འདི་ཉིད་འཁྱགས་རོམ་གཏིང་གི་ཆུ་ལས་གྲང་། །
བསམ་གཞིག་སྐྱེན་པའི་ཚོར་བ་འདི་ཉིད་ཉམ་ཐག་ནད་ཀྱི་ཟུག་ལས་ལྕི། །
བདེ་དྲོད་བྲལ་བའི་ལོ་ཟླ་འདི་ཉིད་ངམ་གནག་རྒྱ་མཚོའི་གཏིང་ལས་རིང་། །
ཡོད་ཚད་ཁྱོད་ལ་ཤོར་བའི་ཉིན་ནས་ང་ཡི་འཇིག་རྟེན་གྲང་ཤུར་ཤུར། །

དམར་པོ་དབུགས་ཀྱི་རྒྱུ་བའི་རྩེ་ན་དྲན་པའི་ན་ཟུག་རླབས་ལྟར་གཡོ། །
དྭངས་གཙང་སེམས་ཀྱི་གྲུ་ཁའི་དཀྱིལ་ན་གདུང་བའི་རྨ་ཁ་རྡོ་ལྟར་སྲ། །
ལོ་དང་ཟླ་བ་ཉིན་ཞག་ཁྲོད་ན་རེ་བའི་ཁུར་པོ་རི་ལས་ཆེ། །
ལྷིང་འཇགས་བྲལ་བའི་འཁོར་ཡུག་འདི་ན་ཁེར་རྐྱང་སེམས་པ་ཆུ་ལས་གྲང་། །

ལ་ལུང་རྒྱབ་ཀྱི་ཡུལ་གྲུ་ཞིག་ན་སྙིང་སྡུག་ཞལ་རས་མཛེས་ཤིང་འཛུམ། །
དམར་ཆུང་སེམས་ཀྱི་ཟུངས་ཁྲག་དཀྱིལ་ན་དྲན་པའི་ན་ཟུག་མེ་ལྟར་མཆེད། །
ལས་དབང་བཙན་པོའི་བཀོད་སྒྲིག་འོག་ན་མིག་ཆུའི་ཐིགས་པས་མཁུར་ཚོས་བརླན། །
དབུགས་རེའི་རྩེ་ན་དབུགས་རྔ་བསྣན་ཏེ་སྡུག་གི་ཁུར་པོས་ཉིན་ཞག་སྤུར། །

ང་ཡི་འཇིག་རྟེན་དམར་པོའི་ནང་དུ་ཁྱོད་ནི་འཇིམ་སྐུ་ཆུང་ཆུང་ཞིག།།
ང་ཡི་གྲུ་གསུམ་སྙིང་གི་དཀྱིལ་ན་ཁྱོད་ནི་རྒྱ་སེ་མེ་ཏོག་ཅིག།།
ང་ཡི་རེ་བའི་མིག་ཟུང་ཁྲོད་ན་ཁྱོད་ནི་ཕྱེ་ལེབ་ཆུང་ངུ་ཞིག།།
ང་ཡི་མི་ཚེའི་ཀྱོག་མཚམས་འདི་ན་ཁྱོད་ནི་དྲན་པའི་རྡོ་རིང་ཞིག།།

ལོ་ངོ་འདི་ནི་སྙིང་སྡུག་དྲན་པའི་ཁེར་རྐྱང་སེམས་པ་གྲང་མོ་ཞིག།།
ཟླ་བ་འདི་ནི་བཞུད་པར་དཀའ་བའི་ངམ་གནག་མཚན་ལྗོངས་རིང་མོ་ཞིག།།
ཆུ་ཚོད་འདི་ནི་ཡོད་ཚད་ཤོར་བའི་གཞུང་ལམ་ཟུར་གྱི་སྤྲང་པོ་ཞིག།།
སྐར་ཆ་འདི་ནི་གདུང་བས་མནར་བའི་ཉམ་ཐག་ནད་ཀྱི་ཟུག་རྔུ་ཞིག།།

མཐོང་སྣང་ཡོད་ཚད་ཁྱོད་ཀྱིས་ཁྱབ་དུས་ང་ནི་དག་སྣང་ཕྱོགས་མེད་ཅིག།།
འཆར་སྒོ་ཡོད་ཚད་ཁྱོད་ལ་ཐིམ་དུས་ང་ནི་བསམ་གཏན་མཁན་པོ་ཞིག།།
འདུན་པ་ཡོད་ཚད་ཁྱོད་ལ་ཤོར་དུས་ང་ནི་བྱང་སེམས་རྣམ་དག་ཅིག།།
རེ་ལྟོས་ཡོད་ཚད་ཁྱོད་ལ་བཅོལ་དུས་ང་ནི་བསམ་མེད་སྨྱོན་པ་ཞིག།།

རེ་བའི་རི་མོ་སེམས་སུ་བྲིས་ཀྱང་སེམས་ཀྱི་གཏིང་ན་གཅོང་ནད་ཅིག །
དུང་བའི་མིག་ཟུང་ཁྱོད་ལ་གཏད་ཀྱང་མཁུར་ཚོས་མཆི་མས་བརླན་རོགས་ཤིག།།
བརྩེ་བའི་མདའ་མོ་ཁྱོད་ལ་འཕངས་ཀྱང་སྡུག་གི་ཁུར་པོའི་སྣོན་མ་ཞིག།།
ཡོད་ཚད་ཁྱོད་ཀྱི་ཕྱོགས་སུ་ཕུལ་ཀྱང་ཁྱོད་ཀྱི་འཇིག་རྟེན་གཞན་པ་ཞིག།།

5.12.2010

སྙན་ངག

Post navigation

Previous Post: དཔལ་ལྷའི་རི་རབ་བམ་དཔལ་ལྷའི་རི་ཁྲོད་ཀྱི་དུས་ཆེན་ངོ་སྤྲོད།
Next Post: ཧ་ཆི་ཀོ། Hachiko (ཁྱི་ཞིག་གི་ལོ་རྒྱུས།)

Comments (30) on “བརྩེ་དུང་གི་རྨ་ཁ།”

  1. ཀླུ་སྨྱོན། says:
    2010-12-14 at 10:54 pm

    སྙན་མོ་ཞིག་བྲིས་འདུག ཐུགས་རྗེ་ཆེ།

  2. ཐོད་དཀར། says:
    2010-12-14 at 11:16 pm

    དམར་པོའི་སྙིང་དེ་གང་འདྲ་ཡོད་མེད་ང་ཡིས་ཆ་འཚལ་ཡང་།
    དམར་པོའི་སྙིང་ཆུང་རྐུ་བའི་མཛེས་མ་དེ་ཡིས་ང་ཡི་སྙིང་ལ་རྨ་ཁ་བཟོས།
    ཁྲ་ཆུང་མིག་གིས་མཐོང་ཐེངས་རེ་ལ་དམར་པོའི་སྙིང་དེ་ལང་ལང་ལྡང་།
    ལང་འཚོའི་སྐེད་པ་ཕྲ་མོ་དེ་ཡིས་ང་ཡི་སེམས་པ་མྱོས་པར་བྱས།
    ཕྱི་ཡི་ཤ་མདོག་མཛེས་པ་དེ་ཡིས་ང་ཡི་སེམས་ཁམས་ཡོངས་སུྲབསླུས།
    བུ་ཆུང་ཀླད་མེད་ང་ཡི་ཡོད་ཚད་ཁོ་མོའི་ཆེད་དུ་བཏང་ན་ཡང་།
    ཁོ་མོར་ངོ་ཚ་མེད་པའམ་གུས་རང་འཇོན་སྟངས་མེད་ན་ཐང་།
    མ་ཧེ་འདྲ་བའི་ནག་པོ་མཇེ་རིང་ནང་དུ་འཁྲིད་དུས་དམར་ཆུང་སྙིང་ལ་ན་ཚ་སྡང་།

  3. གཅན་བཟོད་རྒྱམ། says:
    2010-12-14 at 11:21 pm

    ངོ་མ་འདི་འདྲ་ཞིག་ཡིན་ན་དོལ་སྨྱོན་ཁྱོད་ལ་ཁག་མི་འདུག
    ཚིག་དོན་གཉིས་ཀྱིས་ང་བཀུག་སོང་། ཁྱོད་དང་རྗེས་མཐུན་དུ་གདུང་སེམས་སྐྱེད་པར་བྱའོ།།

  4. ཐོད་དཀར། says:
    2010-12-14 at 11:47 pm

    ཅན་བཟོད་རྒྱམ་ལགས། དོལ་སྨྱོན་ཞེས་པ་གང་རེད། སོ་སོའི་སེམས་ཀྱི་འཆར་སྣང་བྲིས་པར་དོལ་སྨྱོན་གསུངས་པར་འབྲེལ་བ་ཨེ་ཡོད།

  5. ལྷ་མོ་ says:
    2010-12-15 at 1:09 am

    གྲོགས་པོ་དག་དེ་རང་ནས་བཟུང་ང་ཡང་ཁོམ་སྐབས་ནམ་ཡོད་དྲྭ་ཐོག་ལ་ཡང་གི་ཡིན་གུས་མོས་བོད་ཡིག་གི་དག་ཆ་དེ་ཙམ་མེད་པའི་རོག་པ་བྱེད་རོག་གུས་མོས་ཀྱང་གོ་སྐབས་འདི་བཟུང་ནས་རང་ཉིད་ཀྱི་བོད་ཡིག་ཡར་རྒྱུས་དང་ཁྱེད་ཅགས་ཚོ་དང་ཁ་བཏའ་ཞིག་བྱེད་བསམ་ནས་འདིར་ཡོང་བ་ཡིན། ང་ལ་རོག་པ་མང་ཚམ་གནང་སྐྱོང་ཡོང་བར་ཞུ་

  6. ལྷ་མོ་ says:
    2010-12-15 at 1:18 am

    ཁ་བརྡ་དྲྭ་བ་འདི་བངག་གི་དོ་སྣང་ཆེ་ཤོས་བྱེད་ས་ཞིག་ཡིན་ཀྱང་དེ་རང་མ་སྟོག་མཆན་འདེབ་ཤེས་མ་སོང་དེ་རིང་གྲོགས་པོ་ཞིག་གི་ལམ་སྟོན་ལ་བསྟེན་བོད་ཡིག་འབྲི་ཤེས་སོང་།
    ་

  7. གཅན་བཟོད་རྒྱམ། says:
    2010-12-15 at 2:23 am

    ལྷ་མོ་ཁ་བརྡ་དྲ་བར་གསར་དུ་ཞུགས་པར་དགའ་བསུ་ཞུ། ཡིག་ནོར་ནི་སུ་ལའངས་ཤོར་གི་རེད། གཙོ་བོ་དགོངས་པ་དཀྱེལ་ཡངས་ཀྱིས་རང་གི་བསམ་ཚུལ་ཤར་མར་གསུང་དང་། ག་ལེར་ཕྱོགས་གང་ཐད་ནས་ཡར་རྒྱས་སུ་འགྲོ་གི་རེད།

  8. ཐོན་མའི་བུ། says:
    2010-12-15 at 2:35 am

    xxxxxxxxxxxxxxxx

  9. ལ་སྟོད་བུ། says:
    2010-12-15 at 3:08 am

    དོལ་སྨྱོན་གྱིས་སྙན་པོ་ཞིག་བྲིས་འདུག
    ལྷ་མོ་ཡང་བྲེལ་འཚུབ་ལང་ནས་གཅིག་ཤོད་འདོད་ཡོད་ས་རེད།
    ལྷ་མོ་ཁྱེད་རང་གིས་གང་སེམས་ལ་གང་མྱོང་པ་རྣམས་བྲིས་ན་མཆན་འགོད་ལྷ་ཕོ་རྣམས་ཀྱི་ཡིད་སེམས་གཏིང་ནས་འགུག་ཐུབ།
    མྱོང་ནས་བྲིས་པ་དང་གསན་ནས་བྲིས་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་དགེ་ཆོས་ཀྱིས་བཤད་ཡོད་རེད་ཅེས་གོ་མྱོང།

  10. ཀརྡོ་རབ་འབྱམས་པ་ says:
    2010-12-15 at 3:15 am

    ནང་པ། མཐོང་སྣང་ཡོད་ཚད་ཁྱོད་ཀྱིས་ཁྱབ་དུས་ང་ནི་དག་སྣང་ཕྱོགས་མེད་ཅིག །
    ཐེག་ཆུང་། འཆར་སྒོ་ཡོད་ཚད་ཁྱོད་ལ་ཐིམ་དུས་ང་ནི་བསམ་གཏན་མཁན་པོ་ཞིག །
    ཐེག་ཆེན། འདུན་པ་ཡོད་ཚད་ཁྱོད་ལ་ཤོར་དུས་ང་ནི་བྱང་སེམས་རྣམ་དག་ཅིག །
    གསང་སྔགས། རེ་ལྟོས་ཡོད་ཚད་ཁྱོད་ལ་བཅོལ་དུས་ང་ནི་བྱ་བྲལ་རྣལ་འབྱོར་ཞིག །

  11. དབང་འདུས། says:
    2010-12-15 at 3:35 am

    ཡོད་ཚད་མཁོ་ཚད་གཞན་ལ་ཤོར་བས་ཁྱོད་ནི་སྤྲང་འཁྱམ་ངོ་མ་ཞིག།
    དྲན་ཚད་བསམ་ཚད་ཁ་ནས་ཐོན་པའི་ཁྱོད་ནི་སྒོམ་མེད་དྲང་སྲོང་ཞིག།
    སྣང་བའི་འཆར་སྒོ་ཆགས་པས་འཁེངས་པས་ཁྱོད་ནི་འདོད་པ་གཟུགས་གྲུབ་ཅིག།
    བཤད་ཚད་བྲིས་ཚད་སྙན་མོའི་དཔལ་ལྡན་ཁྱོད་ནི་སྔོན་མེད་སྙན་ངག་མཁན།།

    དུང་བའི་སེམས་པ་གཞན་ལ་བཅོལ་ཀྱང་དོན་མེད་སྡུག་གི་གཞི་མ་ཙམ།།
    རེ་བའི་ཕྱི་ཐག་གྲོགས་མོར་འབྲེལ་འདི་ལུས་མེད་སྙིང་ལ་ཞུགས་ལས་སྐྱོ།།
    བརྩེ་རོགས་ཤོར་བའི་ཁེར་རྐྱང་རྩེ་སེམས་འཇིག་རྟེན་འདི་ན་ཆེས་མི་མཛེས།།
    ཕན་ཚུན་མཛའ་མཐུན་མེ་ཏོག་བཞད་ན་དགའ་སྐྱིད་བུང་བའི་གླུ་དབྱངས་ལེན།།

    ཤིན་ཏུ་བདེ་འོ་འདོད་ལྡན་མི་རྣམས་འདོད་པའི་བདེ་བར་རོལ་བ་བདེ།།
    རབ་ཏུ་མཛེས་སོ་མཛའ་མཐུན་གྲོགས་ལ་མཛའ་བརྩེའི་རི་བོ་བཀྲ་བ་མཛེས།།
    ཀུན་ཏུ་ཤིས་སོ་ཆགས་ལྡན་བུ་ལ་ཆགས་པའི་དངོས་གྲུབ་ཐོབ་པ་ཤིས།།
    ལྡོག་ཏུ་མེད་དོ་སྔོན་བསགས་ལས་ལ་སྔོན་ནས་ཞུགས་ཟིན་བསླུ་བ་མེད།།

    ཤིན་ཏུ་བདེན་ནོ་ཆགས་པའི་ཟུགས་ངུ་གཅོང་ནད་ཀུན་གྱི་གཞི་མ་ལགས།།
    གཟབ་པར་འཚལ་ལོ་འདོད་པས་མྱོས་ན་འཇིག་རྟེན་འདི་ཀུན་གད་མོས་འགེངས།།
    བདེ་བར་ངེས་སོ་གྲོགས་མོའི་དྲུང་དུ་འདོད་པའི་མཐེ་བོང་གྱེན་དུ་སློངས།།
    ཞི་བ་སྲིད་དོ་ཆགས་པའི་མེ་ལྕེ་མཛའ་མོའི་ཆུ་ཡི་དཀྱིལ་འཁོར་དུ།།

  12. དབང་འདུས། says:
    2010-12-15 at 3:45 am

    ལ་སྟོད་བུ་ལ་ཞུ་རྒྱུ།

    དགེ་ཆོས་ཀྱིས།
    དཀའ་བའི་གཞུང་བཤད་བྲམ་ཟེ་རྒན་པོས་བྱས།།
    མྱོང་བ་དམར་ཁྲིད་ཁ་ཆེའི་བུ་མོས་བཏབ།།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    མི་ཕམ་བཙུན་པས་གསན་ནས་བྲིས་པ་དང།།
    དགེ་ཆོས་སྨྱོན་པས་མྱོང་ནས་བྲིས་པ་གཉིས།།
    བྱིན་བརླབས་གནད་ཀྱི་ཚན་ཁ་མི་འདྲ་བ།།
    འདོད་ལྡན་སྐྱེས་བུས་ལག་ཏུ་བླང་ན་ཤེས།།

    འདི་འདྲ་ཞིག་ཡོད་སྣང་འཆར་སོང་། ཡིན་ནའང་ད་སྐབས་དེབ་དེ་ལག་ཏུ་མ་ཐོབ་པས་ནོར་བ་ཡོད་ན་དགོངས་དག་ཞུ།།

  13. Rigshongyaltso says:
    2010-12-15 at 4:31 am

    མ་ལས་མ་སྤྱོད་ལམ་ཁ་བསྟན་པ་ལས། ཐོས་བ་སྤྱེད་བས་ལས་ངན་བསྲགས་པ་སྡུག།

  14. འབའ་སྲས། says:
    2010-12-15 at 5:49 am

    སྙན་མོ་ཞིག་བྲིས་འདུག སྙན་ངག་འདི་རིགས་ལ་ང་ཧ་ཅང་གི་དགའ་བོ་ཡོད། འོན་ཀྱང་ཞིབ་འབྲི་དེ་ཙམ་ཞིག་ཐོན་ཐུབ་མི་འདུག་སྙམ་པའི་ཚོར་བ་བྱུང་།

  15. འབའ་སྲས། says:
    2010-12-15 at 6:09 am

    དྲ་གྲོགས་ཚོ། ཁ་བརྡའི་དྲ་ཐོག་ཏུ་རྩོམ་ཡིག་སྐུར་སྟངས་ཐད་ལམ་སྟོན་ཞིག་གནང་རོགས། ངས་ཀྱང་སེམས་ཚོར་རེ་བྲིས་ནས་ཀློག་མཁན་རྣམས་ལ་ལེགས་སྐྱེས་ཞིག་འབུལ་ཐུབ་པའི་རེ་བ་ཤིན་ཏུ་ཆེ།

  16. གཅན་བཟོད་རྒྱམ། says:
    2010-12-15 at 6:26 am

    འབའ་སྲས་ལགས། ཁ་བརྡ་ཚང་ལ་རྩོམ་སྐུར་ས་འདི་ཡིན།

    Khabdha editor
    http://www.khabdha.org
    info@khabdha.org
    khabdha@gmail.com

  17. དབང་འདུས། says:
    2010-12-15 at 7:18 am

    འབའ་སྲས་ལགས། དྲྭ་རྒྱའི་མདུན་ཕྱོགས་ན་ཁ་བརྡ་ལ་འཇུག་ཚུལ་ཞེས་པ་དེ་གནོན་ནས་གཟིགས་དང་དེའི་ནང་དུ་འགྲེལ་བཤད་ཡོད་པ་འདྲ། ཡིན་ནའང་ངས་ལན་གྲངས་མང་པོར་ཐབས་ཤེས་བཏང་ཡང་འཇུག་ཐུབ་མ་སོང་། ཁོ་རང་ཚོར་རྒྱུས་མངའ་མེད་པའི་མི་གསར་འཛུགས་ལ་དགག་བྱ་ཆེ་བ་འདྲ་བསམ་བྱུང་།

  18. འབའ་སྲས། says:
    2010-12-15 at 8:44 am

    དབང་འདུས་ལགས། ཐུགས་རྗེ་ཆེ། ཚོད་ལྟ་ཞིག་བྱེད་ཆོག

  19. དབང་འདུས། says:
    2010-12-15 at 9:01 am

    བརྩེ་ལྡན་བུ་ལ་བརྩེ་བས་གདུང་ཚུལ་སྙན་གྱི་དབང་པོར་སོན་མ་ཐག།
    བྱམས་དང་བརྩེ་བ་ཕན་བདེའི་གཞི་ཞེས་རླུང་ལྟར་གྲགས་ལའང་ཐེ་ཚོམ་གཡོ།།
    སྲས་བཅས་རྒྱལ་ཀུན་རྩེ་བའི་མཚོ་ལས་མཁྱེན་རྟོགས་པད་དཀར་བཞད་དོ་ཞེས།།
    ཡོངས་སུ་གྲགས་པའི་དོན་འདི་ལ་འང་རང་སེམས་གྱ་གྱུའི་རླབས་ཕྲེང་གཡོ།།

    གྲོགས་པོ་དག་ཕེབས་རོགས་གནང་།
    བརྩེ་དུང་གི་བསྐྱེད་ཚལ་འདི།
    སྙིང་གཏམ་གྱི་གླུ་དབྱངས་སྒྲོགས་བཞིན།
    ལྷན་ཅིག་ཏུ།

  20. དབང་འདུས། says:
    2010-12-15 at 9:10 am

    བརྩེ་ལྡན་བུ་ལ་བརྩེ་བས་གདུང་ཚུལ་སྙན་གྱི་དབང་པོར་སོན་མ་ཐག།
    བྱམས་དང་བརྩེ་བ་ཕན་བདེའི་གཞི་ཞེས་རླུང་ལྟར་གྲགས་ལའང་ཐེ་ཚོམ་གཡོ།།
    སྲས་བཅས་རྒྱལ་ཀུན་བྱམས་བརྩེའི་མཚོ་ལས་མཁྱེན་རྟོགས་པད་དཀར་བཞད་དོ་ཞེས།།
    ཡོངས་སུ་གྲགས་མོད་དེ་ལྟ་ནའང་རང་སེམས་གྱ་གྱུའི་རླབས་ཕྲེང་གཡོ།།

    གྲོགས་པོ་དག་མགྱོགས་པོར་ཕེབས་དང་།
    བརྩེ་དུང་གི་བསྐྱེད་ཚལ་འདིར།
    གུ་ཡང་གི་སྙིང་གཏམ་དང་།
    ལྷིང་འཇགས་ཀྱི་བདེ་དྲོད་ལ།
    གཏན་དུ་རོལ།

  21. ལ་སྟོད་བུ། says:
    2010-12-15 at 10:59 am

    དབང་འདུས་ལགས་ནས་དགེ་ཆོས་ཀྱི་འདོད་པའི་བསྟན་བཅོས་གཟིགས་མྱོང་བར་མ་ཟད་ཐུགས་ལ་ལེགས་པོ་ཞིག་ངེས་འདུག་པས་གསལ་བཤད་གནང་བར་ཐུགས་རྗེ་ཆེ།
    ངོ་མ་ཁྱེད་ལ་དེ་ཡི་སྐོར་རྒྱུས་མངའ་ཆེ་ཙམ་ཡོད་ན་ད་དུང་དགེ་ཆོས་འདོད་བསྟན་དེ་ཡི་རྩ་བ་མདོར་བསྡུས་བློར་འཟུང་སླ་བ་ཞིག་འབྲི་ཐུབ་ན་དེ་བས་ཀྱང་ལེགས།
    གཅིག་བྱས་ན་ཁྱེད་ཉིད་མོ་འགུག་དམ་མོ་རིགས་དབང་དུ་འདུ་བའི་ཆོ་གར་མཁས་པ་ཞིག་ཡིན་ཚོད་འདུག་པས་དེ་བས་ཀྱང་འབྲི་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡོད་པས་དེ་ལུགས་ཐུགས་འཇགས་གནང་རོགས།

  22. BONPO says:
    2010-12-15 at 1:52 pm

    དགེ་འདུན་ཆོས་འཕེལ་གྱི་འདོད་པའི་བསྟན་བཅོས་ནང་དུ། སྟོན་པ་གཤེན་རབ་མི་བོ་དང། སྟོན་པ་ཤཱཀྱ་ཐུབ་པ་་་་གཉིས་ཀྱང་ཁོང་གི་གྲོགས་པོར་བཞག་ཡོད་པས། དགེ་འདུན་ཆོས་འཕེལ་གྱིས་མ་བྱས་པ་ཅི་ཡོད། དེས་ན་་་་ལྷ་མོ་་་་་ལགས་ལ་རོགས་པ་ག་རེ་དགོས་ནའང་དྲྭ་གྲོགས་ཚོའི་སེམས་ཤུགས་མ་ཆག་རོགས།

  23. དབང་འདུས། says:
    2010-12-15 at 7:24 pm

    ལ་སྟོད་བུ་ལགས་ལ་འབུལ་རྒྱུ།

    རྩོམ་པོ་པོ་ནི་དགེ་འདུན་ཆོས་འཕེལ་ཡིན།།
    རྩོམ་པའི་ཡུལ་ནི་གྲོང་ཁྱེར་བཅོམ་ལག་ཡིན།།
    དཀའ་བའི་གཞུང་བཤད་བྲམ་ཟེ་རྒན་པོས་བྱས།།
    མྱོང་བ་དམར་ཁྲིད་ཁ་ཆེའི་བུ་མོས་བཏབ།།

    འདོད་པའི་མི་ལ་འདོད་པ་སྟེར་བ་ལ།།
    དགེ་བ་མེད་ཀྱང་སྡིག་པ་ག་ལ་ཡོད།།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    ཕྱི་རོལ་བརྫུ་ཡི་ཁྱད་པར་མ་གཏོགས་པ།།
    མདོར་ན་ཐམས་ཅད་འདི་ལ་དགའ་བར་ངེས།།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    གལ་ཏེ་འཁྲིག་པའི་འབྲེལ་བས་མ་བསྡུས་ན།།
    ཕོ་མོའི་རིགས་ནི་འདི་ལྟར་ཐ་དད་པས།།
    འཇིག་རྟེན་ཁམས་སུ་སྡེ་གཉིས་ཆད་གྱུར་ཏེ།།
    རྟག་ཏུ་གཡུལ་དང་རྩོད་པས་གནས་པར་ངེས།། འདི་འདོད་པའི་བསྟན་བཅོས་ལས་ཡིན་མིན་མ་དྲན།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    ཡང་དགེ་ཆོས་གསུང་གཞན་དུ།

    བྱིས་པའི་དུས་ནས་རྒས་ཤིང་ཁོག་གི་བར།།
    སེམས་ཀྱི་འཁྱེར་སོ་ཅི་ཙམ་བརྗེས་གྱུར་པ།།
    རང་གིས་མྱོང་བས་བརྟགས་ན་ཤེས་ནུས་པས།།
    ད་ལྟའི་འཆར་སྒོ་འདི་ལ་ཡིད་བརྟན་མེད།། རྩོམ་འདི་རིན་ཐང་ཆེན་པོ་མཐོང་།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    མཁོ་ཚད་བཟང་ཚད་སེམས་ཀྱི་འཆར་སྒོ་ཀུན།།
    གུད་དུ་ཕྱེ་ནས་ཚད་མར་འདོད་པ་དེས།།
    སྒྱུ་མའི་གྲོང་ཁྱེར་ཞིག་པའི་ཐང་སྟོང་དུ།།
    མིག་འཁྲུལ་ནོར་བུའི་ཕུང་པོ་སླར་ཡང་རྙེད།། འདི་རྩོམ་རྙོགས་ཟིང་སློང་བྱེད་ཅིག་ཡིན།།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་གཟུགས།།
    ཐར་འདོད་སྐྱེ་དགུ་ཡོངས་ཀྱི་དཔུང་དང་གཉེན།།
    ཉམ་ཐག་འགྲོ་བ་ཀུན་ལ་བརྩེ་བའི་མ།།
    རྗེ་བཙུན་སྒྲོལ་མའི་ཞབས་ལ་གསོལ་བ་འདེབས།། ཧ་ཅང་སྙན་པོ་འདུག
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    ཕྱུག་པོ་ཕྱུག་པོའི་ས་ནས་སྡུག་གཏམ་བྱེད།།
    དབུལ་པོ་དབུལ་པོའི་ས་ནས་སྨྲ་ངག་འདོན།།
    མི་རེའི་སེམས་ན་སྡུག་བསྔལ་ཁུར་པོ་རེ།།
    འཁོར་བའི་གནས་ལ་བདེ་བའི་སྐབས་མ་མཆིས།། སེམས་ལ་ཕན་ངེས་ཤིག་འདུག
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    བཟང་ངན་གཙང་གཙོག་རང་གི་རང་འདོད་ཙམ།།
    རང་འདོད་བྱ་བ་རྟག་ཏུ་བརྗེ་ནས་འགྲོ།།
    དེ་ལ་རྩོད་ཤག་འགྱེད་པ་ཐང་རེ་ཆད།།
    དེ་ཡི་རྒྱུ་མཚན་འཚོལ་བ་ཉོན་རེ་མོངས།།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    དགེ་སློང་རྣམས་ཀྱིས་རྨད་ཀྱང་མི་རུང་མེད།།
    སྔགས་པ་རྣམས་ཀྱིས་སྟོད་ཀྱང་མི་ཆོག་མེད།།
    རྒན་པོ་ཀླུ་རྒྱལ་འབུམ་ལ་དོན་ཆུང་དང་།།
    བྱི་ལི་བསོད་ནམས་ཐར་ལ་དོན་ཆེན་ཡིན།། འདི་འདོད་བསྟན་ཡིན།།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    མོ་འགུགས་འདོད་ན་དེ་ལ་རྒྱུ་གསུམ་སྟེ།།
    ཐབས་དང་རྫས་དང་སྔགས་ཀྱི་ནུས་པའོ།།
    དེ་སྟེང་སྒོར་མ་ཡོད་ན་མཆོག་གྱུར་ཡིན།།
    ཕོ་འགུགས་རྒྱུ་འང་དེ་དང་གཅིག་མཚུངས་ལགས།། འདི་ནི་སྨྱོན་པས་སོ།།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    གོང་གི་དགེ་ཆོས་མཆོག་གི་གསུང་རྣམས་རྒྱ་དགུ་བཅུ་ནོར་མེད། བློར་བཟུང་ཡང་རྗེས་སོར་དཔེ་རྙེད་སྐབས་བཟོ་ཆོས་ཆེན་པོ་གཏོང་མི་དགོས་ངེས་ཅན་ཡིན། ཡིན་ནའང་བློར་བྲིས་པ་རྣམས་ལ་གོང་འོག་ནོར་བ་དང་ཚིག་ནོར་བ་སོགས་ཡོང་བ་ཟློག་ཐབས་མི་འདུག

  24. ལ་སྟོད་བུ། says:
    2010-12-15 at 10:04 pm

    དབང་འདུས་ལགས་ནས་ཡག་པོ་ཞིག་བྲིས་པར་ཐུགས་རྗེ་ཆེ།
    ཁྱེད་ནི་མོ་འགུག་ཕོ་འགུག་ལ་བྱང་ཆུབ་པའི་དགེ་ཆོས་ཀྱི་སྐུ་གསུང་ཐུགས་སྤྲུལ་ཞིག་ནི་གཏན་གཏན་རེད་འདུག
    ད་དུང་དེང་རབས་དང་མཐུན་པའི་གནས་ཚུལ་འདྲ་བྲིས་ན་ཡག་པོ་འདུག

  25. ལས་རླུང་། says:
    2010-12-16 at 12:46 am

    བརྕེ་དུང་ཟེར་བའི་དུག་མདའ་འདིས།།
    སྨན་པ་དོལ་སྨྱོན་རྨས་བཞག་འདུག །
    མཛེས་མ་ཟེར་བའི་འདོད་ཡོན་འདི། །
    འདོད་ལྡན་དགའ་དང་སྐྱོ་བའི་གཞི།།

    རྗེ་ཙོང་ཁ་པས།
    སྤྱད་པས་མི་ངོམས་སྡུག་བསྔལ་གྱི་སྒོ།།
    ཡིད་བརྟན་མི་རུང་སྲིད་པའི་ཕུན་ཚོགས་ཀྱི།།
    ཉེས་དམིགས་རིག་པའི་ཐར་བའི་བདེ་བ་ལ།།
    དོན་གཉེར་ཆེན་པོ་སྐྱེ་བར་བྱིན་གྱིས་རློབས།། ཞེས་པ་ལྟ་བུའི་རིགས་བློ་སྦྱོང་ཕྲན་བུ་རེ་མ་བྱས་ན་དུས་ཚོད་འདི་འདྲའི་སྐབས་ལ་ཚོར་གདུང་གིས་གནར་ནས་སྨྱོན་པ་ཡང་ཆགས་སྲིད་པ་རེད། དཔེར་ན། གྲྭ་ལོག་ཚེ་བརྟན་རྡོ་རྗེ་ལྟ་བུ་རེད།

  26. དབང་འདུས། says:
    2010-12-16 at 9:17 am

    བསམ་པ་ཙམ་གྱིས་ལུས་ལ་ཚ་བརླབས་ཕྱུར།།
    ལོངས་སུ་སྤྱོད་ན་རྟོག་ཚོགས་འགག་བྱེད་ཅིང།།
    ཉམས་སུ་མྱོང་རྗེས་གཉིད་ཀྱི་མགྲོན་བསུ་བའི།།
    ན་ཆུང་དགའ་མའི་རེག་བྱ་ཨེ་མ་ཧོ།།

    ཡིད་ལ་ཡུན་རིང་ཉལ་བ་ཆགས་པའི་བློ།།
    མྱོང་བ་ཙམ་གྱིས་རེ་ཞིག་ཞི་བྱེད་ཅིང།།
    རང་ཙམ་མིན་པར་གཞན་ལའང་བདེ་སྟེར་བའི།།
    དགའ་མའི་ལོངས་སྤྱོད་སྲིད་པའི་ཕུན་ཚོགས་དངོས།།

    སེམས་ལ་ཆགས་པའི་མེ་ལྕེ་མཆེད་བཞིན་དུ།།
    ཚུལ་ཁྲིམས་གོས་ཀྱིས་རང་ལུས་གཡོག་པ་ལས།།
    སྲིད་པའི་བགོ་སྒལ་འཁྲིག་པའི་བདེ་བ་ལ།།
    བག་ཡང་ལོངས་སུ་སྤྱོད་ན་ལུས་སེམས་བདེ།།

  27. དབང་འདུས། says:
    2010-12-16 at 9:20 am

    བསམ་པ་ཙམ་གྱིས་ལུས་ལ་ཚ་བརླབས་ཕྱུར།།
    ལོངས་སུ་སྤྱོད་ན་རྟོག་ཚོགས་འགག་བྱེད་ཅིང།།
    ཉམས་སུ་མྱོང་རྗེས་གཉིད་ཀྱི་མགྲོན་བསུ་བའི།།
    ན་ཆུང་དགའ་མའི་རེག་བྱ་ཨེ་མ་ཧོ།།

    ཡིད་ལ་ཡུན་རིང་ཉལ་བ་ཆགས་པའི་བློ།།
    མྱོང་བ་ཙམ་གྱིས་རེ་ཞིག་ཞི་བྱེད་ཅིང།།
    རང་ཙམ་མིན་པར་གཞན་ལའང་བདེ་སྟེར་བའི།།
    དགའ་མའི་ལོངས་སྤྱོད་སྲིད་པའི་ཕུན་ཚོགས་དངོས།།

    སེམས་ལ་ཆགས་པའི་མེ་ལྕེ་མཆེད་བཞིན་དུ།།
    ཚུལ་ཁྲིམས་གོས་ཀྱིས་རང་ལུས་གཡོགས་པ་ལས།།
    སྲིད་པའི་བགོ་སྐལ་འཁྲིག་པའི་བདེ་བ་ལ།།
    བག་ཡང་ལོངས་སུ་སྤྱོད་ན་ལུས་སེམས་བདེ།།

  28. མདའ་ཚན་པ། says:
    2010-12-16 at 12:43 pm

    རྨ་ཁ་མིག་གིས་མཐོང་རྒྱུ་ཡོད་གི།
    ན་ཟུག་རྣ་བས་གོ་རྒྱུ་ཡོད་གི།
    སེམས་ཚོར་སེམས་ཀྱིས་མྱང་རྒྱུ་ཡོད་གི།
    སེམས་ལ་རི་མོ་འཆར་རྒྱུ་ཡོད་གི།

  29. ཤར་མདའ་ནས་ says:
    2010-12-29 at 9:27 am

    སྙན་ངག་འདི་དག་གི་ང་བཟུ་སོང་ངོ་མ་བཟུ་སོང་།དྲ་གྲོགས་འཚོ་དེ་འདྲ་རེད་དམ།

  30. ཨོ་རྒྱན་ཕྲིན་ལས་རྡོ་རྗེ says:
    2011-01-06 at 10:10 pm

    དོལ་སྨྱོན་གྱིས་བརྩམས་དེ་སྙན་པ་ལ། སྙན་ངག་ཅེས་པ་དེ་རེད་འདུག ཚིག་དོན་གཉིས་ཀ་ཕུན་སུམ་ཚོགས་པར་གདའ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme