ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལ་ཕུལ་བ།
བརྩེ་ཆེན་ཐུགས་ཀྱི་ཟླ་བ་དཀར་པོའི་འཚེ་མེད་འོད་ཀྱི་ཟེགས་མ་རེས།།
དུས་རབས་གསར་པའི་གོ་ལའི་ཁྱིམ་གཞི་ལྷིང་འཇགས་འཚོ་བའི་གནས་སུ་བསྙལ།།
རིགས་དང་རུས་ཀྱི་དབྱེ་བ་མེད་པར་གཞན་ཕན་ཕྱག་གིས་སྐྱོང་མཛད་པའི།།
ཞི་བདེའི་ཟླ་ཞུན་དྭངས་མས་བསྐྱིལ་བའི་མགོན་ཁྱེད་དད་གསུམ་ཕྱག་བགྱི་འོ།།
ཁྱེད་ཞལ་དགྱེས་འཛུམ་ལང་ཚོའི་དཔལ་གྱིས་ཤེལ་དཀར་ལྷུན་པོ་ཡིབ་ལ་བྲེལ༎
ཟབ་གསལ་གསུང་གི་དྲི་ཞིམ་སྦུབས་རྒྱ་གྲོལ་བས་བདེ་དགའི་དཔལ་སྦྱིན་བ།།
ལྷག་བསམ་ཐུགས་ཀྱི་པད་དཀར་གཞོན་ནུས་སྐྱེ་བོའི་དུང་བ་འདྲེན་མཛད་དེ།།
སྙིང་རྗེའི་སྤྱན་ཟུང་ཀུན་ལ་གཟིགས་པའི་ཞི་བདེའི་ཉི་མ་གཙུག་ན་རྒྱལ།།
དབུས་འགྱུར་ཡུལ་དུ་དུས་རབས་ཉེར་གཅིག་སྟོན་པ་ཆེན་པོར་སྐུར་བཞེངས་ཏེ༎
མཛད་འཕྲིན་ཁ་བབ་ཆུ་བོའི་བཞུར་རྒྱུན་གླིང་བཞི་རྒྱ་མཚོའི་གོས་སུ་གྱོན།།
དོན་ལྡན་ལུགས་གཉིས་ཞི་བདེའི་རླབས་ཕྲེང་ཕྱོགས་དང་ཕྱོགས་མཚམས་ཀུན་འཕྱོ་བའི༎
རྣམ་དཔྱོད་རིག་པའི་གྲུ་གཟེངས་གཏོང་བའི་ཞི་བདེའི་དེད་དཔོན་ཆེན་པོར་བསྟོད།།
གཡུ་སྒང་དགེ་འདུན་གྱིས།
ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༡༠ ཉིན་བྲིས།