Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བརྗོད་མི་འདོད་པའི་སྐད་ཆ།

Posted on 2012-03-31 By ཁ་བརྡ་ 5 Comments on བརྗོད་མི་འདོད་པའི་སྐད་ཆ།

གཅན་འོད་འབར།

དེ་རིང་རྒྱལ་གཅེས་དཔའ་བོ་ཞིག་གིས་རིན་ཐང་བྲལ་བའི་རང་ལུས་མེ་རུ་སྤར་ནས་འདས་གྲོངས་སུ་ཕྱིན་པར་བཙན་བྱོལ་གཞུང་མང་གཉིས་ནས་འདས་མཆོད་སྒྲུབ་པའི་ཉིན་མོ་རེད། ཞོགས་པ་སྔ་མོ་ཞིག་ནས་ཤ་རུས་གཅིག་པའི་སྤུན་ཟླ་གྲངས་མེད་ཅིག་གིས་སེམས་ལ་མྱ་ངན་གྱི་ཁུར་པོ་འཁུར་ཞིང་མིག་ལ་ན་ཟུག་གི་མཆི་མ་བསྐྱིས་ནས་རྡ་སའི་གཙུག་ལག་ཁང་དུ་འཛོམས་བྱུང་ལ་ད་དུང་ངོ་གདོང་གི་ཁ་དོག་མི་གཅིག་ཅིང་སྐྱེས་སའི་ཡུལ་ལུང་མི་འདྲ་བའི་མི་རིགས་མང་པོ་ཞིག་ཀྱང་ཅི་ཞིག་ལ་རྔམ་པ་བཞིན་འདི་གའི་མི་ཚོགས་ཀྱི་ཚང་ཁའི་ཁྲོད་དུ་རུབ་བྱུང། མི་ཚོགས་ཀྱི་འདུ་འཛོམས་འདི་འདྲ་རྒྱ་ཆེན་ཞིག་ས་གནས་འདིར་ད་བར་དུ་ཕལ་ཆེར་འདུས་མ་མྱོང་ཞེས་བརྗོད་ཀྱང་ཐལ་དྲག་པའི་སྐད་ཆའི་ཚུལ་དུ་མི་འགྲོ་ལ། དེ་རིང་ལྟ་བུའི་མྱ་ངན་གྱི་ཉིན་མོ་ཞིག་དེ་རིང་བར་བྱུང་མ་མྱོང་ཞེས་ལབ་ཀྱང་རྫུན་གྱི་ཚབ་ཏུ་མི་འགྲོ་བ་ངས་མགོ་བོ་མཁའ་རུ་བཏེགས་ཤིང་སྐད་གསེང་མཐོན་པོའི་ངང་ཁ་ཚོན་བཅད་ནས་བཤད་ཐུབ། འདི་ནི་རང་མི་རིགས་ཀྱི་བདེན་དོན་ལ་སེམས་ཁུར་གྱི་ཚོར་འདུ་རྣོ་བའི་རྟགས་མཚན་རེད་ལ་ཤ་ཁྲག་གཅིག་པའི་སྤུན་ཟླ་ཚོའི་བར་ན་ནམ་ཡང་ཡལ་མི་ངེས་པའི་ལར་ཞེན་བརྟན་པོ་ཞིག་ཡོད་པའི་བདེན་དཔང་ཡང་རེད།

དེ་རིང་ས་གནས་འདིའི་གནམ་སའི་བར་ན་མཐོང་རྒྱུ་ཡོད་པ་ནི་སྡུག་གིས་ཁེངས་བའི་མིག་ཟུང་དང་ངོ་གདོང་རྐྱང་རྐྱང་རེད་ལ་ཐོས་རྒྱུ་ཡོད་པ་ནི་སྐྱོ་བས་གྱེར་བའི་ངུ་དབྱངས་དང་གདུང་བས་བཏོན་པའི་གསོལ་འདེབས་དག་དག་རེད། འོན་ཀྱང་། སང་ཉིན་གནང་ཉིན་ཞིག་ལ་འདི་འདྲའི་ངང་ཚུལ་མཐོང་རྒྱུ་དང་ཐོས་རྒྱུ་ཨེ་ཡོད་ང་ཚོས་སོ་སོར་འདྲི་དགོས་པའི་ཐེ་ཚོམ་གྱི་དྲི་བ་ཞིག་རེད་ལ། ང་ཚོས་སོ་སོར་འདེབས་དགོས་པའི་ལན་ཞིག་ཀྱང་རེད། གང་ལྟར་ཀྱང་མིག་ཆུ་དང་ཁ་བཏགས་ཁྲོད་ཀྱི་བསྐྱལ་མ་འདི་དཔའ་བོ་དཔའ་མོ་ཚོའི་ཞུམ་པ་མེད་པའི་སྙིང་སྟོབས་མཚོན་ལ། མྱ་ངན་ཀློང་གི་གསོལ་འདེབས་འདི་ཉམས་པ་མེད་པའི་སྤུན་ཟླ་ཚོའི་བརྩེ་སེམས་ཀྱང་མཚོན།

མི་རིགས་ཀྱི་རྩ་དོན་སྙིང་ལ་བཅངས་ཤིང་རྒྱལ་ཁབ་ཀྱི་བདེན་དོན་ཁ་ལ་འཁྱེར་ནས་རང་གི་གཅེས་བའི་ལུས་སྲོག་མེ་རུ་སྒྲོན་པའི་དཔའ་བོ་འདི་ལ་མིག་ཆུ་དང་གདུང་དབྱངས་ཁྲོད་ནས་ཆེས་མཐའ་མཇུག་གི་སྐྱེལ་མ་བྱེད་པ་ནི་ཅི་འདྲའི་སྐྱོ་སྣང་དོད་ཅིང་སྡུག་སྣང་ཆེ་བའི་ངང་ཚུལ་ཞིག་རེད་ཨང། ད་དུང་ཆེས་ཧང་སངས་ཤིང་ཡ་མཚན་དགོས་པའི་མཐོང་སྣང་གཞན་ཞིག་མཆིས་པ་ནི་ལམ་འགྲམ་གཡས་གཡོན་གྱི་རྒྱ་གར་བའི་ཚོང་བདག་དང་མི་སེར་མང་པོ་ཞིག་གིས་ཟ་ཁང་དང་ཚོང་ཁང་དག་གི་སྒོ་ཕྱེ་མ་རྒྱབ་ཀྱིས་དཔའ་བོ་ཞིག་གི་རྣམ་ཤེས་ལ་སྐྱེལ་མ་བྱེད་ཀྱིན་པའི་བོད་པ་ཚོར་ལམ་འགྲམ་ན་གདུང་སེམས་མཉམ་བསྐྱེད་ཀྱིས་གྲལ་ལྟར་བགྲེང་བ་དེ་རེད། འདི་ལྟ་བུའི་རྣམ་པ་གསར་པའམ་ངང་ཚུལ་རློན་པ་ཞིག་ངས་ད་བར་དུ་མཐོང་མ་མྱོང་ལ་ཐོས་ཀྱང་མ་མྱོང་ཞེས་བརྗོད་ན་སྒྲོ་འདོགས་ཀྱི་ཚུལ་དུ་མི་འགྲོ་སྙམ། གཅིག་བྱས་ན་འདི་མི་རིགས་གཞན་ཞིག་གིས་འུ་ཅག་ལ་ཡོད་པའི་བཅོས་མའི་འདུ་ཤེས་སམ་རྫུས་མའི་རྣམ་འགྱུར་ཞིག་ཡིན་ངེས་ལ་ཡང་གཅིག་བྱས་ན་མི་སེར་གཞན་ཞིག་གིས་འུ་ཅག་ལ་བཟུང་བའི་འགྲོ་བ་མིའི་མཛའ་བརྩེའམ་ངོ་ཤེས་རྙིང་པའི་རྩིས་ཐང་ངོ་མ་དེ་ཡང་ཡིན་སྲིད། གང་ལྟར་ཕྱི་ཚུལ་ནས་བལྟས་ན་ཧ་ཅང་ཡིད་སེམས་འགུལ་ཞིང་ཡི་རངས་བྱ་དགོས་པའི་དོན་དག་ཞིག་རེད་ཅེས་བརྗོད་ཀྱང་མ་འགྲིག་པ་མི་འདུག་སྙམ།

ན་ནིང་ད་ལོ་དང་དེ་རིང་ཁ་སང་བོད་མི་རིགས་འདི་ལ་འབྱུང་ལྔའི་གོད་ཆག་དང་བསྟན་སྲིད་ཀྱི་རྐྱེན་ངན་བར་ཆད་མང་པོ་ཞིག་རབ་དང་རིམ་པར་བྱུང་དང་འབྱུང་བཞིན་པར་བསམ་ན་གལ་ཏེ་སྐྱབས་སའི་ལྷ་ཞིག་ཡོད་ན་ཐུགས་བདེ་མོས་གདུལ་བྱའི་མཆོད་པར་རོལ་བའི་དུས་ཤིག་ནམ་ཡང་ཡིན་མི་ངེས་ལ་ལ་རྒྱ་ཅན་གྱི་མི་ཞིག་ཡོད་ཚེ་སེམས་སྐྱིད་པོས་གཉིད་ལ་ཡུར་བའི་དུས་ཤིག་དེ་བས་ཀྱང་ག་ལ་ཡིན། ཐག་རིང་གི་སྤུན་ཟླ་མང་པོ་ཞིག་གིས་བསྟན་པ་ཆབ་སྲིད་ཀྱི་རང་དབང་དོན་དུ་གསོད་རྡུང་བཟུང་གསུམ་གྱི་ཉེན་ཁར་མ་འཛེམས་པར་ཞི་བའི་སྒེར་ལངས་དང་ཚེ་སྲོག་བློས་གཏོང་གིས་རང་ལུས་མེ་རུ་བསྲེགས་པའི་ལས་འགུལ་གཅིག་རྗེས་གཉིས་མཐུད་དུ་སྤེལ་དང་སྤེལ་བཞིན་པའི་ཛ་དྲག་གི་དུས་སྐབས་ཤིག་ལ་འབྱུང་ལྔའི་གོད་ཆག་དང་གནོད་འཚེ་སོགས་ཀྱིས་ཀྱང་ཕ་སའི་མི་སེར་ཚོར་སྡུག་གི་ སྒང་ལ་སྡུག་དང་། སྐྱོ་བའི་ཐོག་ལ་སྐྱོ་བ་བརྩེགས་ཤིང་སྣོན་པའི་རྒྱུ་རྐྱེན་ཅི་རེད། རང་དབང་ཞི་བདེ་དང་འཚེ་མེད་གཞན་ཕན་ལ་དགའ་བའི་ཉམ་ཆུང་གི་མི་རིགས་འདིས་ནོར་འཁྲུལ་དང་ནག་ཉེས་ཅི་ཞིག་བཟོས་པ་རེད་དམ། སྐྱེ་བ་སྔ་ཕྱི་དང་ལས་འབྲས་བྱང་སེམས་བརྩི་བའི་ཡབ་རབས་ཀྱི་མི་རིགས་འདིས་ལས་ངན་དང་རྒྱུ་འབྲས་ཅི་ཞིག་བསྣོག་པ་རེད་དམ། ད་ལྟ་འདི་ལྟར་མནོ་བསམ་རེ་བཏང་ན། རྒྱལ་སྤྱིའི་བཅའ་ཁྲིམས་ཁྲོད་ན་ཡོད་པའི་བདེན་ཐོབ་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསེང་ན་གླེང་བའི་རང་སྐྱོང་ཟེར་བ་ཡོད་ཚད་རྫུན་རེད་ལ་བྱམས་སྙིང་རྗེ་དང་ལས་རྒྱུ་འབྲས་ཟེར་བ་ཡང་ཡོང་རྫོགས་ཤོབ་རེད།

དཔའ་བོ་དཔའ་མོ་འདི་ཚོས་བརྗེད་དཀའ་བའི་ཞལ་ཆེམས་རེ་དང་བསུབ་མི་ཐུབ་པའི་ཞབས་རྗེས་རེ་བསྐྱུར་ནས་བཞུར་ཤུལ་ན་རེ་བའི་མིག་ཟུང་མྱ་ངན་གྱི་མཆི་མས་བརླན་ཞིང་དད་པའི་སེམས་པ་ཁོང་ཁྲོའི་ན་ཟུག་གིས་གཙེས་པའི་སྤུན་ཟླ་ཚོས་ཅི་ཞིག་སྒྲུབ་འདོད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ་ཉིན་མཚན་རེ་གཉིས་ལ་ཞི་རྒོལ་རེ་བྱས་པ་དང་སྐབས་རེ་གཉིས་ལ་མར་མེ་ཁྲོམ་སྐོར་རེ་གནང་ནས ་སླར་ཡང་ཁུ་སིམ་གྱི་གནས་ནས་བག་ལྷོད་ཀྱི་འཚོ་བར་འཐིམས་སོང། འདི་ནི་འུ་ཅག་གིས་རྒྱལ་ཁབ་ཅིག་གི་བདེན་དོན་ལ་འཐབ་རྩོད་བྱེད་སྟངས་ཀྱི་རྣམ་པ་ངོ་མ་དེ་རེད་ལ། འདི་ནི་འུ་ཅག་གིས་མི་རིགས་ཤིག་གི་རྩ་དོན་སླད་དུ་རང་སྲོག་བློས་གཏོང་གནང་མཁན་གྱི་དཔའ་བོ་དཔའ་མོ་ཚོའི་མཛད་རྗེས་ལ་དྲན་གསོ་གནང་ཚུལ་ཡང་རེད། འོན་ཀྱང་རྒྱ་མཚོ་ལྟ་བུའི་མི་ཚོགས་ཀྱི་འདུ་འཛོམས་འདི་འདྲ་ཆེན་པོ་ནམ་རྒྱུན་གྱི་ལས་འགུལ་ཁྲོད་དུ་མེད་པ་ཅི་རེད། མེ་རི་འདྲ་བའི་མྱ་ངན་གྱི་ཚོར་ཤུགས་དྲག་པོ་དང་ད་དུང་གཙང་ཆབ་ལྟ་བུའི་ཕངས་སེམས་ཀྱི་མིག་ཆུས་བརླན་པའི་ངོ་གདོང་འདི་འདྲ་མང་པོ་རྒྱུན་ལྡན་གྱི་ངོ་རྒོལ་གསེང་ན་མེད་དོན་ཅི་རེད།

གང་ལྟར་ངས་ནི་རང་ལུས་མེར་བསྲེགས་ཀྱི་ན་ཟུག་ལ་ཚོད་དཔགས་བྱེད་ཐེངས་རེར་དངངས་སྐྲག་གི་ཚོར་བ་ཞིག་གིས་ཤ་ཁྲག་རུས་གསུམ་ཡོངས་རྫོགས་འདར་སུག་རྒྱག་ཏུ་འཇུག་ལ་མེ་རུ་འཚིགས་དང་ཚིགས་བཞིན་པའི་རླབས་ཆེན་གྱི་སྐྱེ་བོ་འདི་ཚོའི་བློས་གཏོང་བསམ་དུས་རེར་ཕངས་སེམས་ཀྱི་བསམ་བློ་ཞིག་གིས་གློ་སྙིང་མཆིན་གསུམ་མིད་ཁར་ཚང་དུ་འཇུག རྒྱུ་མཚན་ནི་དཔེར་ན་རང་ཉིད་ཀྱི་མཛུབ་མོའི་སྐྱི་པགས་ཙམ་མེ་ཡིས་འཚིགས་དུས་བཟོད་དཀའ་བའི་ན་ཟུག་ག་ཚོད་ཅིག་མི་འདུག་གམ། ལར་མི་ཞིག་གིས་རང་ཉིད་ཀྱི་ལུས་ཕུང་མེ་རུ་སྤར་རྒྱུ་དེ་ལས་སླ་བའི་དོན་དག་ཅིག་ཁྱོན་ནས་མ་རེད་ལ་རང་ཉིད་ཀྱི་གཅེས་སྲོག་ཕྲ་མོ་སྟབས་བདེ་པོས་བློས་གཏོང་བྱ་རྒྱུ་ནི་དེ་བས་ཀྱང་སླ་མོ་ཞིག་མ་རེད། མི་ཞིག་ལ་ཆ་མཚོན་ན་རང་ཉིད་ཀྱི་རྩ་ཆེའི་ཚེ་སྲོག་ལ་རིན་ཐང་མི་འཇོག་མཁན་ཞིག་གང་དུ་ཡོད་དམ། མི་ཞིག་གིས་རང་ཉིད་ཀྱི་དལ་འབྱོར་མི་ལུས་ལ་བདག་གཅེས་མི་བྱེད་མཁན་ཞིག་སུ་ཡོད་དམ། ངས་བསམ་ན་རང་ལུས་མེ་རུ་སྒྲོན་ནས་རང་སྲོག་བློས་གཏོང་བྱེད་པ་ནི་ཆེས་འུ་ཐུག་འ་ཆད་ཀྱི་ལས་དོན་ཞིག་རེད་ལ་ཆེས་མཐའ་མཇུག་གི་མི་ཚེའི་གདམས་ཀ་ཞིག་ཀྱང་རེད་པས་འདི་ལྟ་བུའི་རླབས་ཆེན་གྱི་མཛད་རྗེས་ཤིག་དང་གཟི་བརྗིད་ཀྱི་བློས་གཏོང་ཞིག་གང་དུ་ཅི་ཡང་ཡོད་པ་མ་རེད་ཅེས་བརྗོད་འདོད།

ཛ་དྲག་དང་འཇིག་ཉེན་གྱི་གནད་དོན་འདི་ཉིན་རེ་ནས་ཉིན་རེར་ཚ་ཇེ་ཆེ་དང་ཛ་ཇེ་དྲག་ཏུ་གྱུར་དང་འགྱུར་བཞིན་པར་གཞིགས་ན་ལས་འགུལ་འདི་མུ་མཐུད་འབྱུང་སྲིད་པའི་བདེན་དཔང་ཞིག་མཐོང་ཐུབ་ལ་འབྱུང་ངེས་པའི་རྟགས་མཚན་ཞིག་ཀྱང་རྙེད་ནུས། འོན་ཀྱང་ངས་བརྗོད་འདོད་པ་ནི་ད་བར་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་སུམ་ཅུ་ལྷག་གིས་རང་ལུས་ཞུགས་འབུལ་བྱས་པས་མཇུག་འབྲས་ནི་རྒྱ་ནག་གཞུང་གིས་བོད་ནང་གི་ས་ཕྱོགས་མང་པོར་དམག་མི་འབོར་ཆེན་དྲངས་ནས་སློབ་མ་དང་གྲྭ་བཙུན་འདུས་བའི་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ཕྱོགས་ཡོངས་ནས་དོ་བསྡམ་དང་དམ་དྲག་ཆེ་རུ་བཏང་དང་གཏོང་བཞིན་པ་དེ་རེད་ལ་ཐ་ན་བོད་མི་ཚོའི་ཞ ི་རྒོལ་དང་འདུ་འཛོམས་སོགས་ཀྱི་ཁྲོད་དུ་དོན་མེད་མེ་མདའ་དང་འགེལ་རྫས་འཕངས་སྟེ་བོད་མི་ཚོ་གསོད་རྡུང་བཟུང་གསུམ་བྱས་དང་བྱེད་ཀྱིན་པའི་ཡ་ང་བའི་དོན་རྐྱེན་འདི་དག་ཀྱང་རེད། འདི་ནི་ས་ཡ་དྲུག་ཙམ་ཡོད་མེད་ཀྱི་མི་རིགས་ཤིག་ལ་ཆ་མཚོན་ན་མི་རིགས་ཀྱི་གྱོང་གུད་ཆེན་པོ་ཞིག་རེད་ལ། གཞིས་བཞུགས་བོད་མི་ཚོའི་ད་ལྟའི་མི་ཚེའི་བདེ་འཇགས་དང་འབྱུང་འགྱུར་གྱི་འཚོ་སྡོད་རང་དབང་ལ་འབྲེལ་བ་གལ་ཆེན་ཡོད་པ་ཞིག་ཀྱང་རེད། རྒྱུ་མཚན་ནི་དྲུག་བཞིའི་དོན་རྐྱེན་ལྟ་བུའི་ཉིན་མོ་ཞིག་གཞིས་བཞུགས་བོད་མི་ཚོའི་མགོ་ཐོག་ཏུ་འབྱུང་མི་ངེས་པའི་སྔོན་དཔགས་དང་ཁ་ཚོན་སུས་གཅོད་ཐུབ་བམ།

རྒྱ་ནག་དམར་པོའི་གཞུང་འདིས་རང་ཉིད་ཀྱི་མི་རིགས་དམར་གསོད་གཏོང་བར་འཛེམས་ཟོན་སྤུ་ཙམ་ཡང་མེད་ན་མི་རིགས་གཞན་ཞིག་དམར་གསོད་བྱ་པར་དེ་བས་ཀྱང་འཛེམས་དོག་དང་ངོ་ཚ་ག་ལ་ཡོད་ཨང་། དེ་དུས་འུ་ཚོས་སུ་ཞིག་ལ་མི་རིགས་འདིའི་ལོ་རྒྱུས་ཁྲོད་དུ་བྱུང་མ་མྱོང་ཞིང་འབྱུང་ངེས་པའི་དམར་གསོད་དོན་རྐྱེན་དེའི་འགན་ཡོངས་རྫོགས་ཁུར་དུ་འཇུག་རྒྱུ་ཡིན་ནམ། ཁྱོད་ཚོས་འགན་དེ་འདྲ་ཞིག་ཨེ་ཐེག་གམ། ཁོང་ཚོས་འགན་དེ་འདྲ་ཞིག་ཨེ་འཁྱེར་རམ། དེར་བརྟེན་གཅིག་མཇུག་གཉིས་མཐུད་དུ་ཚེ་སྲོག་མེ་རུ་སྤར་ནས་རང་སྲོག་བློས་གཏོང་གནང་དང་གནང་བཞིན་པར་ང་ཚོས་ཡི་རངས་དང་མྱ་ངན་བྱེད་ཞོར་ཁུ་སིམ་མེར་འདུག་པ་ནི་ང་ཚོའི་རང་འགན་མ་ཁུར་བའི་ནག་ཉེས་ཤིག་ཡིན་ཕྱིན་ཅིས་ཀྱང་ཕ་ཡུལ་གཅིག་པའི་སྤུན་ཟླ་ཚོར་སེམས་ཤུགས་མི་ཆགས་ལ་ལ་རྒྱ་མི་ཉམས་ཞིང་རང་སྲོག་མི་དོར་བའི་ལན་ཞིག་ཅིས་ཀྱང་གནང་དགོས་པའི་དུས་ལ་བབས་འདུག་སྙ མ། རྒྱུ་མཚན་ནི་ང་ཚོའི་འཐབ་རྩོད་ནི་མི་རིགས་ཤིག་གི་འཐབ་རྩོད་དེ་མི་རིགས་འདིའི་མི་བུ་ཚང་མའི་ཚེ་སྲོག་གི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་ཡིན་ལ་ང་ཚོའི་འཐབ་རྩོད་ནི་རྒྱལ་ཁབ་ཅིག་གི་འཐབ་རྩོད་དེ་རྒྱལ་ཁབ་འདིའི་བསྟན་པ་ཆབ་སྲིད་ཀྱི་རང་དབང་སླར་གསོ་བྱ་རྒྱུའི་ཕྱིར་དུ་ཡིན་པས་སོ།།
༢༠༡༢།༣།༣༠ ཉིན་བྲིས་པ་དགེའོ།།

སྣ་ཚོགས།

Post navigation

Previous Post: མེ་ལྕེ་ཁྲོད་ཀྱི་ཕ་ས་མ་ཡུལ།
Next Post: ༅༅།། ས་གཤིས་རིག་པའི་ཟིན་བྲིས་ཐོར་བུ། ༡༽

Comments (5) on “བརྗོད་མི་འདོད་པའི་སྐད་ཆ།”

  1. ཁ་བ་སྐྱབས says:
    2012-03-31 at 4:35 pm

    དངོས་གནས་ཁ་སང་གི་སྐྱོ་བའི་གནས་ཚུལ་ཞིབ་མོར་བྲིས་འདུག་པ་མ་ཟད།རྡ་སའི་རྒྱ་གར་ཚོང་པ་ཚོས་སྒོ་འགྲམ་ན་མྱ་ངན་གི་གུས་འདུད་བྱེད་པ་སོགས་ཀྱང་བྲིས་འདུག འདི་ནི་གལ་ཆེན་ཞིག་རེད།སྔོན་མ་དཔའ་བོ་ཐུབ་བསྟན་སྐབས་ཕྲན་རྡ་སར་ཡོད་ཀྱང་རྒྱ་གར་བ་ཚོས་དེ་འདྲ་གནང་མ་སོང་།དེ་རིང་འདི་ལྟར་གནང་བ་ཡིད་སྤྲོ་བ་ཞིག་རེད།
    མ་ཟད་ནུས་པ་ཡང་ཅུང་ཐོན་གྱི་ཡོད་པའི་རྟགས་ཞིག་རེད་སྙམ།གང་ལྟར་ཚོར་བ་ངོ་མ་ཞིག་བྲིས་འདུག་པས་བཀའ་དྲིན་ཆེ།

  2. བདག་པོ་ says:
    2012-03-31 at 11:19 pm

    ཡིད་ཤིན་ཏུ་སྐྱོ་བའི་ངང་ནས་བོད་ཀྱི་དཔའ་བོ་དཔའ་མོ་ཚོར་མྱ་ངན་ཞུ་རྒྱུ་མ་ཟད། འདས་པོའི་ནང་མི་ཚོ་རྗེས་དྲན་དང་ཁྱེད་རྣམས་ཐུགས་སེམས་ཆེས་སྐྱོ་ཡང་གངས་ཅན་པའི་ཆོས་དང་། མི་རིགས་འདིའི་རང་དབང་གི་དོན་དུ་འདས་པོས་བློས་གཏོང་གནང་བས་མཆོག་གསུམ་དང་། ལས་འབྲས་བསླུ་བ་མེད་པ་ཡིན་དུས་ཕྱི་མ་དག་པའི་ཞིང་དུ་སྐྱེ་གནས་འཐོབ་རྒྱུར་ཡིད་ཆེས་ཡོད་པ་ཡིན། ཐུགས་སེམས་སྐྱོ་ཡང་དགོངས་བསམ་རྒྱ་ཆེན་པོ་བཞེས་རོགས་ཞུ་རྒྱུ་ཡིན།

  3. ལྕགས་འགོར says:
    2012-04-01 at 1:27 am

    “ འོན་ཀྱང་ངས་བརྗོད་འདོད་པ་ནི་ད་བར་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་སུམ་ཅུ་ལྷག་གིས་རང་ལུས་ཞུགས་འབུལ་བྱས་པས་མཇུག་འབྲས་ནི་རྒྱ་ནག་གཞུང་གིས་བོད་ནང་གི་ས་ཕྱོགས་མང་པོར་དམག་མི་འབོར་ཆེན་དྲངས་ནས་སློབ་མ་དང་གྲྭ་བཙུན་འདུས་བའི་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ཕྱོགས་ཡོངས་ནས་དོ་བསྡམ་དང་དམ་དྲག་ཆེ་རུ་བཏང་དང་གཏོང་བཞིན་པ་དེ་རེད་” བདེ་ན་པ་རེད་འུ་ཅག་གི་ཤེས་ཡོན་སྟེ་གནས་དག་ལ་སྒོ་ལྕགས་བརྒྱབ་ན་ད་གཟོད་བོད་པ་ཚང་གི་མྱིང་བརླག་ཚར་བ་མ་ཡིན་ནམ།

  4. གཅན་ཡེ་རྒྱམ། says:
    2012-04-01 at 2:05 am

    རྩོམ་ཡིག་འདི་བཀླགས་རྗེས་ང་ལ་ཡིད་ཆེས་དང་རེ་བ་གསར་བ་ཤིག་སྙེད་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།

  5. ཁ་བརྡའི་སློབ་མ་ says:
    2012-04-01 at 9:55 am

    ངོ་མ་བསམ་ཤེས་ལྡན་པའི་མི་དཔོན་ཞིག་ཡིན་ཚེ་ད་བཟོས་དྲང་ལྡན་གྱི་ལམ་དུ་མ་འཇུག་རང་མེད་ཀྱི་དེའི་ཕྱོགས་སུ་བཞུགས་འགྲོ་བའི་དུས་ལ་སླེབ་འདུག་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme