Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཟོད་པའི་མན་ངག

Posted on 2011-10-252011-11-01 By ཁ་བརྡ་ 16 Comments on བཟོད་པའི་མན་ངག

dsc07861
སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན།

དམ་པའི་ཆོས་འཆད་ཉན་བྱས་པ་དང་། ཆོས་ཀྱི་དོན་ཤེས་པ་ནི་ཉོན་མོངས་པ་སྤོང་པའི་ཐབས་ཁོ་ན་ཡིན་པས། ལམ་གྱི་བདེན་པ་ལ་བརྟེན་ནས་ཀུན་ནས་འབྱུང་པ་སྤངས་པ་ཡིན་ཞིང་། དེ་ལ་བརྟེན་ནས་སྡུག་བསྔལ་བདེན་པ་རྒྱུ་འབྲས་དང་བཅས་པ་ཟད་ནས་འགོག་པའི་བདེན་པ་མངོན་དུ་གྱུར་པ་ཡིན་ནོ།། དེ་ལ་བཅོམ་ལྡན་འདས་ཀྱིས། འདོད་ཆགས་ཀྱི་ཕུང་པོ་རི་རབ་ཙམ་ཡང་སླ་ཡིས། ཞེ་སྡང་ནི་སྐད་ཅིག་གཅིག་ཀྱང་དེ་ལྟ་མ་ཡིན་ནོ།། ཞེས་གསུངས་པ་བཞིན་ཞེ་སྡང་ནི་ཉོན་མོངས་པ་རྣམས་ཀྱི་ནང་ནས་ཆེས་གདུག་རྩུབ་ཅན་གྱི་ཉོན་མོངས་པ་ཞིག་པས། ཐོག་མར་གདུག་རྩུབ་ཅན་གྱི་དགྲ་བོ་འདི་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས་གཞོམ་པར་བྱའོ།། དེ་ལ་གང་གིས་ཞེ་སྡང་གཞོམ་པར་བྱ་བའི་མན་ངག་མདོ་དང་བསྟན་བཅོས་ཀུན་ལས་མང་དུ་བྱུང་བ་རྣམས། འདིར་ཞེ་སྡང་གིས་སྐྱོན་ལ་བསམ་པ་དང་། ཞེ་སྡང་སྤངས་པའི་ཡོན་ཏན་ལ་བསམ་པ། ཞེ་སྡང་སྐྱེ་བ་དོན་མེད་པར་བརྟག་པ། ཀུན་རྫོབ་པའི་གནས་ལུགས་ལ་བསམ་ན་ཞེ་སྡང་སྐྱེ་བར་མི་རིགས་པའི་ཚུལ་ལ་བརྟག་པ། དོན་དམ་པར་ཞེ་སྡང་རང་བཞིན་མེད་པར་གཏན་ལ་ཕབ་པ་བཅས་སྡོམ་གྱི་ཆིངས་ལྔས་ཞེ་སྡང་ཇི་ལྟར་གཞོམ་པའི་ཚུལ་བརྗོད་པར་བྱའོ།
དེ་ཡང་དང་པོ་ཞེ་སྡང་གི་སྐྱོན་ནི། ཚེ་འདི་ལ་ཡང་དགྲ་མང་བ་དང་། བདེ་བར་གཉིད་ལོག་ཅིང་བདེ་བར་སད་པའི་གོ་སྐབས་མེད་པ་སོགས་རྒྱུན་དུ་གུ་ཡངས་བློ་བདེའི་གནས་སྐབས་ཉུང་པ། མཛའ་བོ་རྣམས་དང་ཕྱེ་བ། ཐ་ན་ལུས་སྲོག་ལོངས་སྤྱོད་ཀྱང་ཞེ་སྡང་གི་དབང་གིས་ཤོར་བ་མང་ཞིང་། ཚེ་ཕྱི་མ་ལ་གཟུགས་ངན་པར་སྐྱེ་བ་དང་། ཚེ་ཐུང་ངུར་སྐྱེ་བ། གྲོགས་དང་མཛའ་བཤེས་ཀྱི་སྡང་བའི་ལུས་སུ་སྐྱེ་ཞིང་། སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡི།། སྦྱིན་དང་བདེ་གཤེགས་མཆོད་ལ་སོགས།། ལེགས་བྱས་གང་ཡིན་དེ་དག་ཀྱང་།། ཁོང་ཁྲོ་གཅིག་གིས་འཇོམ་པར་བྱེད།། ཅེས་དང་། འཇུག་པ་ལས། གང་ཕྱིར་རྒྱལ་སྲས་རྣམས་ལ་ཁྲོས་པ་ཡིས།། སྦྱིན་དང་ཁྲིམས་བྱུང་དགེ་བ་བསྐལ་པ་བརྒྱར།། བསགས་པ་སྐད་ཅིག་གིས་འཇོམས་དེ་ཡི་ཕྱིར།། མི་བཟོད་ལས་གཞན་སྡིག་པ་ཡོད་མ་ཡིན།། ཞེས་པ་ལྟར་བསྔོ་བའི་རྒྱས་མ་ཐེབ་པའི་དགེ་རྩ་ཐམས་ཅད་དུས་གཅིག་ལ་ཟད་པ་སོགས་སྐྱོན་གྱི་ཕུང་པོ་དཔག་ཏུ་མེད་པས། ཞེ་སྡང་ཅན་གྱི་སྐྱེ་བོ་རྣམས་ཀྱིས་ལྟར་སྣང་ཙམ་དུ་དགྲ་བོ་ལ་ཡ་ལན་སྤྲོད་པའམ། ཡང་ན་དགྲ་བོ་ཐུབ་པ་ལྟར་དུ་སྣང་ཡང་དོན་ལ་རང་ཉིད་ཁོ་ན་ཐུབ་པ་ཡིན་ཏེ། སྤྱོད་འཇུག་ལས། ཞེ་སྡང་སྲེད་སོགས་དགྲ་རྣམས་ནི།། རྐང་ལག་ལ་སོགས་ཡོད་མིན་ལ།། དཔའ་མཛངས་མིན་ཡང་ཇི་ཞིག་ལྟར།། དེ་དག་གིས་བདག་བྲན་བཞིན་བྱས།། ཞེས་དང་། གལ་ཏེ་ལྷ་དང་ལྷ་མིན་རྣམས།། ཐམས་ཅད་བདག་ལ་དགྲར་ལངས་ཀྱང་།། དེ་དག་གིས་ཀྱང་མནར་མེད་པའི།། མེ་ནང་ཁྲིད་ཅིང་འཇུག་མི་ནུས།། ཉོན་མོངས་སྟོབས་ཆེན་དགྲ་འདིས་ནི།། གང་དང་ཕྲད་ན་རི་རབ་ཀྱང་།། ཐལ་བ་ཙམ་ཡང་མི་ལུས་པ།། དེར་བདག་སྐད་ཅིག་གཅིག་ལ་འདོར།། བདག་གི་ཉོན་མོངས་དགྲ་བོ་གང་།། དུས་རིང་ཐོག་མཐའ་མེད་པ་ལྟར།། དགྲ་གཞན་ཀུན་ཀྱང་དེ་ལྟ་བུར།། ཡུན་རིང་ཐུབ་པ་མ་ཡིན་ནོ།། མཐུན་པར་རིམ་གྲོ་བསྟེན་བྱས་ན།། ཐམས་ཅད་ཕན་དང་བདེ་བྱེད་ན།། ཉོན་མོངས་རྣམས་ནི་བསྟེན་བྱས་ན།། ཕྱིར་ཞིང་སྡུག་བསྔལ་གནོད་པ་བྱེད།། ཅེས་སོགས་གསུངས་པ་ལྟ་བུ་དང་། འཇུག་པ་ལས། མི་སྡུག་གཟུགས་སུ་བྱེད་ཅིང་དམ་པ་མིན་པར་དཀྲི།། ཚུལ་དང་ཚུལ་མིན་ཤེས་པའི་རྣམ་དཔྱོད་འཕྲོག་བྱེད་ཅིང་།། མི་བཟོད་པ་ཡིས་མྱུར་དུ་ངན་འགྲོར་སྐྱུར་བར་བྱེད།། ཅེས་གསུངས་པ་ལྟ་བུའོ།། མདོ་གཞན་ལས་ཉོན་མོངས་པ་སྲོག་གཅོད་པ་ལྟ་བུ་གཅིག་ལ་ཡང་། ཞེ་སྡང་གིས་སྲོག་བཅད་པའི་རྣམ་སྨིན་དམྱལ་བ་དང་། འདོད་ཆགས་ཀྱིས་སྲོག་བཅད་པའི་རྣམ་སྨིན་ཡི་དྭགས། གཏི་མུག་གིས་སྲོག་བཅད་པའི་རྣམ་སྨིན་དམྱལ་བར་སྐྱེ་བར་གསུངས་སོ།།
གཉིས་པ་ཞེ་སྡང་སྤངས་པའི་ཡོན་ཏན་ནི། ཚེ་འདི་ལ་མཛའ་བོ་མང་ཞིང་སེམས་ལ་ཟུག་རྔུ་ཆུང་བ་དང་། རྒྱུན་དུ་འཛུམ་པའི་བཞིན་དང་བདེ་བའི་སེམས་ཀྱིས་གནས་པ། ཉེ་འཁོར་ན་གནས་པའི་སྐྱེ་བོ་ཀུན་གྱིས་ཡིད་དུ་འོང་པ། རང་ལ་དགྲར་འཛིན་པ་རྣམས་ཀྱང་རིམ་གྱིས་གྲོགས་སུ་འགྱུར་པས་འཇིག་རྟེན་ན་དགྲ་ཤིན་ཏུ་ཉུང་བ། བདེ་བར་གཉིད་ལོག་ཅིང་བདེ་བར་རབ་ཏུ་སད་པ། སྐྱེ་བོ་རྣམས་ཀྱིས་ཡིད་རྟོན་པ། སེམས་ལ་དྭངས་ཆ་ཆེ་བས་ལུས་ལ་ནད་ཉུང་ཞིང་། དེའི་རྐྱེན་གྱིས་ཚེ་རིང་པོར་གནས་པ། སེམས་ལ་མི་བདེ་བ་མེད་པས་ཤེས་རབ་ཀྱི་དབང་པོ་གསལ་བ། ལུས་ངག་ཡིད་ཀྱིས་སྡིག་པའི་ལས་ཤིན་ཏུ་ཉུང་བ་སོགས་དང་། ཚེ་ཕྱི་མ་ལ། སྡུད་པ་ལས། བཟོད་པས་གཟུགས་བཟང་དམ་པ་རྒྱ་ཆེར་ཐོབ་གྱུར་ཏེ།། གསེར་མདོག་སྡུག་ཅིང་འགྲོ་བའི་བལྟ་བའི་འོས་སུ་གྱུར།། ཅེས་དང་། འཇུག་པ་ལས། བཟོད་པས་མཛེས་ཤིང་སྐྱེ་བོ་དམ་པ་ལ།། ཕངས་དང་ལུགས་དང་ལུགས་མིན་ཤེས་པ་ལ།། མཁས་པར་འགྱུར་ཞིང་དེ་ཡི་འོག་ཏུ་ནི།། ལྷ་མིའི་སྐྱེ་དང་སྡིག་པ་ཟད་པར་འགྱུར།། ཞེས་སོགས་གསུངས་པ་ལྟ་བུའོ།།
གསུམ་པ་ཞེ་སྡང་སྐྱེ་བ་དོན་མེད་པར་བརྟག་པ་ནི། གལ་ཏེ་ཕ་རོལ་པོས་རང་ལ་གནོད་པ་བྱས་པ་རྣམས་བཅོས་སུ་ཡོད་ན་ཞེ་སྡང་སྐྱེ་མི་དགོས་པར་བཅོས་པས་ཆོག་ཅིང་། གལ་ཏེ་བཅོས་སུ་མེད་ན་ནི་ཞེ་སྡང་སྐྱེས་ཀྱང་དོན་མེད་པ་ཡིན་ནོ།། དེ་བས་སྤྱོད་འཇུག་ལས། གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགར་ཅི་ཞིག་ཡོད།། གལ་ཏེ་བཅོས་སུ་མེད་ན་ནི།། མི་དགའ་བྱས་ཀྱང་དེས་ཅི་ཕན།། ཞེས་དང་། འཇུག་པ་ལས། གནོད་པ་བྱས་པས་གལ་ཏེ་དེར་བཀོན་ན།། དེ་ལ་བཀོན་པས་བྱས་ཟིན་ལྡོག་གམ་ཅི།། དེ་ཕྱིར་དེར་བཀོན་ངེས་པར་འདིར་དོན་མེད།། འཇིག་རྟེན་ཕ་རོལ་ཡང་ནི་འགལ་བར་འགྱུར།། ཞེས་གསུངས་སོ།།
བཞི་པ་ཀུན་རྫོབ་པའི་གནས་ལུགས་ལ་བསམ་ན་ཞེ་སྡང་སྐྱེ་བར་མི་རིགས་པའི་ཚུལ་ལ་བརྟག་པ་ནི། སྐྱེ་བོ་གང་ཞིག་གིས་རང་ལ་མནར་བར་སེམས་པའི་ལས་བྱས་ན། དེ་ནི་སྐྱེ་བོ་དེས་བྱས་པ་མ་ཡིན་པར། སྐྱེ་བོ་དེའི་ཉོན་མོངས་པས་བྱས་པ་ཡིན་པས་སྐྱེ་བོ་དེ་ལ་ཞེ་སྡང་སྐྱེ་བར་མི་རིགས་ཏེ། སྐྱེ་བོ་དེ་ནི་དེའི་ཉོན་མོངས་པས་བྲན་དུ་བྱས་ནས་ལས་དེ་མ་བྱས་པར་རང་དབང་མེད་སར་ཁྲིད་པའི་ཕྱིར་རོ།། དེ་ལྟར་ཡང་། མདོ་སྡེ་རྒྱན་ལས། རྟག་ཏུ་ཉེས་པས་རང་དབང་མེད་པར་བྱས་སེམས་ཀྱི།། སྐྱེ་བོ་ལ་ནི་བློ་ལྡན་ཉེས་པར་མི་འཛིན་ཏེ།། མི་འདོད་བཞིན་དུ་ལོག་པར་སྒྲུབ་པར་འགྱུར་རོ་ཞེས།། སྐྱེ་བོ་དག་ལ་སྙིང་རྗེ་རྣམ་པར་འཕེལ་ཕྱིར་རོ།། ཞེས་དང་། དངུལ་ཆུ་ཐོག་མེད་བཟང་པོས། བདག་གིས་བུ་བཞིན་གཅེས་པར་བསྐྱངས་པའི་མིས།། བདག་ལ་དགྲ་བཞིན་བལྟ་བར་བྱེད་ན་ཡང་།། ནད་ཀྱིས་བཏབ་པའི་བུ་ལ་མ་བཞིན་དུ།། ལྷག་པར་བརྩེ་བ་རྒྱལ་སྲས་ལག་ལེན་ཡིན།། ཞེས་པའི་ཐད་ཀྱི་འགྲེལ་བ་རྣམས་སུ་ཡང་སྐྱེ་བོ་དེ་ཉིད་ཉོན་མོངས་རང་དབང་མེད་པར་བྲན་དུ་བྱས་པར་གསུངས་པ་ལྟར་རོ།།
ལྔ་པ་དོན་དམ་པར་ཞེ་སྡང་རང་བཞིན་མེད་པར་གཏན་ལ་ཕབ་པ་ནི། ཞེ་སྡང་འདི་ལ་ནམ་གཞར་ཡང་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཞིག་མེད་པས་ཞེ་སྡང་སྐྱེ་བར་མི་རིགས་ཏེ། དེ་ཡང་ཞེ་སྡང་དེ་ཉིད་ཕྱི་རོལ་གྱི་ཞེ་སྡང་སྐྱེ་ཡུལ་དེའི་སྟེང་དུ་ཡོད་ན་སྐྱེ་བོ་དེ་གང་ཟག་སུ་ཞིག་གིས་མཐོང་ཡང་ཞེ་སྡང་སྐྱེ་བར་འགྱུར་བ་དང་། ནང་རང་གི་མིག་གི་དབང་པོ་སོགས་ཀྱི་ཐོག་ཏུ་ཡོད་ན་རྩིག་པ་སོགས་མིག་ལ་སྣང་ཚད་ཀྱི་སྟེང་དུ་ཞེ་སྡང་སྐྱེ་བར་འགྱུར་བ་དང་། དེ་གཉིས་ཀྱི་བར་ན་ཡོད་ན་རྩིག་པ་དང་རི་སོགས་ཀྱི་བར་དུ་བཅད་ན་ཞེ་སྡང་སྐྱེ་བར་མི་རིགས་པས། ཞེ་སྡང་ནི་ཕྱིའི་ཡུལ་དང་ནང་གི་དབང་པོ་དང་དེ་དག་གི་བར་གསུམ་པོ་གང་དུ་ཡང་མི་གནས་པ་ཡིན་ནོ།། དེ་ལྟར་ཡང་སྤྱོད་འཇུག་ལས། ཉོན་མོངས་རྣམས་ནི་ཡུལ་ན་མི་གནས་དབང་ཚོགས་ལ་མིན་བར་ནའང་མིན།། དེ་ལས་གཞན་ནའང་མིན་ན་འདི་དག་གར་གནས་འགྲོ་བ་ཀུན་གནོད་བྱེད།། འདི་ནི་སྒྱུ་འདྲ་སྙིང་ལ་འཇིགས་སྤངས་དེ་ཕྱིར་བརྩོན་པ་བསྟེན།། དོན་མེད་ཉིད་དུ་བདག་ལ་དམྱལ་སོགས་རྣམས་སུ་ཅི་སྟེ་གནོད་པ་བྱེད།། ཅེས་གསུངས་སོ།།
ཡང་ཞེ་སྡང་དེ་ཉིད་དང་པོ་གང་ལས་བྱུང་། བར་དུ་གང་དུ་གནས། ཐ་མར་གང་དུ་འགྲོ་བརྟག་ན་གང་ཡང་མཐོང་བར་མི་འགྱུར་ཏེ། བྱུང་གནས་འགྲོ་གསུམ་གང་ཡང་མ་མཐོང་ན་རང་བཞིན་གྱིས་མ་གྲུབ་པ་ཡིན་ནོ།། དེའི་ཚུལ་ཡང་། ཞེ་སྡང་དྲག་པོ་སྐྱེས་པའི་སྐབས་སུ་ཞེ་སྡང་དེ་ཉིད་གང་ལས་བྱུང་བརྟག་ན་ནམ་ཡང་མི་རྙེད་དེ། མགོ་ལས་བྱུང་ངམ། ལག་པ་ལས་བྱུང་ངམ། ནང་ཁྲོལ་ལས་བྱུང་ངམ། སྙིང་ལས་བྱུང་བ་སོགས་ནམ་ཡང་མི་རྙེད་དོ། གལ་ཏེ་སྙིང་ལས་བྱུང་ངོ་སྙམ་ན་སྙིང་ལ་བརྟག་པར་བྱ་སྟེ། དེ་ཡང་སྙིང་གི་ཤ་ལས་བྱུང་ངམ། ཁྲག་ལས་བྱུང་ངམ། ཚིལ་ལས་བྱུང་ངམ། རྩ་རྒྱུས་ལས་བྱུང་ངམ། པགས་པ་ལས་བྱུང་བ་སོགས་བརྟག་ན་མི་རྙེད་དོ།། དེ་བཞིན་དུ་གནས་པ་དང་། འགྲོ་བ་ལ་ཡང་ཤེས་པར་བྱའོ།། གཞན་ཡང་ཞེ་སྡང་གི་ཁ་དོག་དང་དབྱིབས་སོགས་ལ་ཡང་བརྟག་པར་བྱ་སྟེ། འདི་ལྟར་ཁྱི་ཡིས་རྡོ་འདེད་པ་ལྟར་མི་བྱེད་པར། སེང་གེས་རྡོ་འཕང་མཁན་འདེད་པ་བཞིན་དུ། ཞེ་སྡང་སྐྱེ་བའི་སྐབས་སུ་མ་བརྟག་པའི་ཞེ་སྡང་གི་རྗེས་སུ་མི་འབྲང་བར། ཞེ་སྡང་རང་གི་ངོ་བོ་ལ་ཚུར་རྩད་གཅོད་ཅིག་བྱས་ཞེ་སྡང་ངེས་པར་དུ་བོར་འགྲོ་བ་ཡིན་ཞིང་། ཇི་ལྟར་རྩད་གཅོད་བྱས་པ་དེ་ལྟར་གཏན་ཡལ་དུ་འགྲོ་བས་ཞེ་སྡང་རང་བཞིན་མེད་པར་ཤེས་པ་ཡིན་ནོ།། ད་དུང་བློ་ཡིས་ནུས་པས་ལྕོགས་ན། གལ་ཏེ་བདག་ལས་བདག་སྐྱེ་ན།། སྐྱེ་བ་དོན་མེད་ཐུག་མེད་འགྱུར་སོགས།། དབུ་མའི་གཏན་ཚིག་ཟབ་མོ་རྣམས་ཀྱིས་ཀྱང་བརྟག་པར་བྱ་སྟེ། འདི་ལྟར་ཉམས་སུ་ལེན་པ་ལ་ཆོས་ཉམས་སུ་ལེན་པ་ཞེས་བྱ་ཞིང་། རྒྱུན་དུ་གོམས་ན་ཞེ་སྡང་རང་བཞིན་མེད་པར་ཁོ་ཐག་ནང་ནས་ཆོད་ཡོང་བ་ཡིན། དེའི་ཚེ་ཞེ་སྡང་སྐྱེ་རོགས་ཞེས་སྐྱེ་བོ་སྟོང་གིས་ཞུ་བ་ཕུལ་ཀྱང་མི་སྐྱེ་བས་དགྲ་བཅོམ་པ་ཞེས་བྱ་བའི་ཐ་སྙད་ཀྱང་སྦྱར་མི་འགལ་བ་ཡིན་ནོ། ཞེས་ཕྱི་ལོ་༢༠༡༡ཟླ་༡༠ཚེས་༢༣ཉིན། དྲ་གྲོགས་ཅིག་གིས་ཞལ་རྫུན་ཡང་ཡང་གསུངས་འདུག་པ་ལ་མ་བཟོད་པར་ལན་ཞིག་བྲིས་པའི་རྗེས་སུ། ཉོན་མོངས་པ་ཟེར་བ་འདི་ལ་གཉེན་པོ་ཞིག་མེད་ན་དེ་ལས་ལྷག་པའི་ཆོས་པའི་ཞབས་འདྲེན་ཞིག་མེད་པར་མཐོང་བས་རྐྱེན་བྱས་ནས། ཝ་ཤིན་ཏྲོན་ལ་འགྲོ་བའི་ལམ་ཁར་མེ་འཁོར་གྱི་ནང་དུ་རང་གི་བཟོད་པ་སྒོམ་པའི་དྲན་ཐོ་རུ་བྲིས་པ་ཡིན་ཞིང་། ཐོག་མར་སེམས་ལ་ཤར་རྒྱུ་ཆེན་པོ་ཞིག་མ་བྱུང་བ་ལ། རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་བཏབ་པའི་རྐྱེན་གྱིས་ས་བཅད་ཀྱི་སྒྲོམ་དང་། ལུང་ཁ་ཅིག་བརྗེད་པ་མེད་པར་བློ་ལ་གསལ་པོར་དྲན་བྱུང་བ་ལྟར་བཅས་བཅོས་འཕྲི་སྣོན་མེད་པར་བྲིས་པའོ།།
བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ།། འཇམ་པའི་དབྱངས་ཀྱིས་བུ་བཞིན་རྗེས་བཟུང་ཞིང་།། བསྟན་པའི་རིམ་པ་ཀུན་ཚང་ལམ་གྱི་འགྲོས།། རྙེད་ནས་བསྒྲུབ་པས་རྒྱལ་རྣམས་མཉེས་བྱེད་ཤོག། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་གསུང་བྱིན་རླབས་ཅན་ནོ།།

རྩོམ་རིག

Post navigation

Previous Post: གྲྭ་བ་ཞིག་གིས་རང་ལུས་མེར་བསྲེཊ།
Next Post: རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཁྱེན།

Comments (16) on “བཟོད་པའི་མན་ངག”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-10-25 at 11:58 pm

    སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་ལེགས། དགོངས་ཟན་ཟོས་པའི་རྗེས་སུ། ངལ་གསོ་ལྟ་བུར་ཁ་བརྡ་ལ་བལྟས་པས། ཉིད་ཀྱི་བཟོད་པའི་སྐོར་ལ་བྲིས་པ་བཀླགས། གཞུང་ཆེན་མོ་ནས་གསུངས་པ་བཞིན་དུ་སྣང་། ཚིག་གི་དག་ཆ་ལ་ཕལ་ཆེ་བ་རྨ་མེད་པ་ལྟ་བུ་ལགས། འོན་ཀྱང་མིང་མཐའ་བ་ཡོད་དགོས་པར་པ་ཡོད་པ་དང་འོང་བ་ལ་ཡོང་བ་ཞེས་པ་རང་རེའི་ཕལ་སྐད་དུ་མ་གཏོགས ཆོས་སྐད་དུ་མི་འོང་བས་གཞུང་ཆེན་ལྟ་བུ་གསུང་བ་དང་། བོད་སྤྱིའི་སྐད་ལ་འོང་ཞེས་འདོན་པ་དང་འབྲི་བར་མཛད་ན་དོན་ཆེ་འོ་ཞེས་བསམས། མཆོག་སྤྲུལ་ནམ་མཁའི་ནོར་བུ་ས་གསུངས་པ་ལྟར་ན། ཁམས་ཡུལ་དུ་འོང་མ་གཏོགས་ཡོང་ཞེས་མེད་པ་ཡིན་གསུངས། གཤམ་གསལ་གྱི་བརྗོད་པ་ན། སླ་ཞེས་པ་དཀའ་བའི་ལྡོག་ཕྱོགས་སླ་ཡིན་པར་སྙམ་སྟེ། གཞན་དག་གིས་ཀྱང་བྲིས་པ་མཐོང་ནས་བསལ་ཐབས་བྱས་པ་ཡིན། འདི་ཉིད་ཀྱི་བཀའ་འགྱུར་དཔེ་ཆ་ན། བླ་ཞེས་ཡོད་ངེས། སྤྱོད་འཇུག་ལེའུ་༦ ཚིགས་ ༥༦ན།
    ༹བདག་ནི་དེང་ཉིད་ཤི་ཡང་བླའི།
    ལོག་འཚོས་ཡུན་རིང་གསོན་མི་རུང་།
    ཞེས་པ་ཡོད་པའི་བླ་ལྟ་བུའོ།།
    དེ་ལ་བཅོམ་ལྡན་འདས་ཀྱིས། འདོད་ཆགས་ཀྱི་ཕུང་པོ་རི་རབ་ཙམ་ཡང་སླ་ཡིས། ཞེ་སྡང་ནི་སྐད་ཅིག་གཅིག་ཀྱང་དེ་ལྟ་མ་ཡིན་ནོ།།

  2. འཕག་ཚག་ says:
    2011-10-26 at 5:55 am

    ངོ་མ་གཏིང་ཟབ་པོ་རེད། ཡག་པོ་འདུག་བརྗོད་བྱ་ནི་ཤིན་ཏུ་ཟབ་ཞིང་སྐད་ཅིག་གིས་ཞེ་སྡང་
    བྱམས་པའི་ངོ་བོར་བསྒྱུར་ཐུབ་ཐག་ཆོད་རེད།

  3. ཀརྡོ་རབ་འབྱམས་པ་ says:
    2011-10-26 at 8:54 am

    གཏི་མུག་གིས་སྲོག་བཅད་པའི་རྣམ་སྨིན་དམྱལ་བར་སྐྱེ་བར་གསུངས་སོ།། ཞེས་པ་འདི། ཞེ་སྡང་གིས་དམྱལ་བར་གསུངས་ཟིན་པས། འདིར་གཏི་མུག་གིས་སྲོག་བཅད་པའི་རྣམ་སྨིན་”དམྱལ་བར”ཚབ་ཏུ་”དུད་འགྲོར་”གསུངས་འདོད་པ་མིན་ནམ།

  4. མིག་བརྒྱད་པ། says:
    2011-10-26 at 10:33 am

    ཞེ་སྡང་ལྟ་བུའི་སྡིག་པ་མེད།།བཟོད་པ་ལྟ་བུའི་དཀའ་ཐུབ་མེད།།ཅེས་སྤྱོད་འཇུག་དང་དབུ་མ་འཇུག་པ་སོགས་ན་བཟོད་པ་སྒོམ་པའི་ཕན་ཡོན་དང་མ་སྒོམ་པའི་ཉེས་དམིགས་སོགས་མང་དུ་གསུངས་ཤིང་། ཉོན་མོངས་ཐམས་ཅད་ཀྱང་རྩ་བ་གཏི་མིག་བདེན་འཛིན་ལ་ཐུག་འདུག་པས་རྟེན་ནས་འབྱུང་བའི་དོན་ལ་བསམ་པ་གལ་ཆེ་སྟེ། དབུ་མ་བཞི་བརྒྱ་བ་ལས། དེའི་ཕྱིར་ཉོན་མོངས་ཐམས་ཅད་ཀྱང་།།གཏི་མིག་བཅོམ་པས་བཅོམ་པར་འགྱུར།།རྟེན་ཅིང་འབྲེལ་བར་འབྱུང་བ་ནི།།མཐོང་ན་གཏི་མིག་འབྱུང་མི་འགྱུར།།ཞེས་པ་ལྟར་རང་དབང་བའམ་ཚུགས་ཐུབ་ཏུ་གྲུབ་པ་གང་ཡང་མེད་པར་ཕན་ཚུན་རྟེན་ནས་གྲུབ་པའི་ཆོས་ཉིད་ལ་དཔྱོད་པ་ནི་ལེགས་ཚོགས་ཐམས་ཅད་ཀྱི་སྒོའོ།།

  5. པདྨ says:
    2011-10-26 at 11:20 am

    ཁ་བརྡ་དྲ་བ་ཚང་ལགས། གཟིགས་དང་ཨ་མདོ་བ་ཚངས་དབྱངས་ཟེར་བ་འདི་ཁ་བརྡ་དྲ་བའི་དྲ་བདག་ཅིག་གིས་སྐྱེ་བོ་སྒེར་མི་དང་ཆོལ་ཁ་ཆོས་ལུགས་ལ་ངན་སྨད་བྱས་པ་འདི་བསུབས་དགོས། མ་བསུབ་ཚེ། ཁ་བརྡ་རང་གི་འགྲིག་ཁྲིམས་ལས། ཀློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང་། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། ཡང་སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་བྲིས་ཚེ་འགོད་རྒྱུ་མིན། ང་ཚོའི་མཆན་འབྲི་བའི་ཁྲིམས་འདི་ལ་མི་བརྩི་མཁན་རྣམས་ནི་རྩ་འགོག་བྱེད་རྒྱུའི་ལམ་ཁ་བསྟེན་སྲིད་པ་ཡིན། མཆན་འབྲི་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས། ཁྱེད་ཀྱིས་མིང་དང་གློག་འཕྲིན་ཁ་བྱང་རང་འཇགས་སུ་སྤྱད་ཚེ། ཁྱེད་ཀྱི་མཆན་བུ་ཐོག་མ་ལ་དག་མཆན་ཐོབ་རྗེས། མཆན་བུ་རྗེས་མ་རྣམས་དག་མཆན་ལ་སྒུག་མི་དགོས་པར་རང་བཞིན་གྱིས་དྲ་དེབ་ཏུ་འཁོད་འགྲོ་བ་བཅས་དགོངས་འཇགས་ཞུ། ཞེས་པ་ལ་ཡང་སྐྱར་དགོངས་པ་བཞེས་རོགས།

  6. རིག་པའི་མེ་ལྕེ། says:
    2011-10-26 at 1:57 pm

    སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་ལགས། ཉིད་ཀྱིས་བྲིས་པའི་བཟོད་པའི་མན་ངག་ཞེས་པ་འདི་ནི་དེང་དུས་ཀྱི་ཁོར་ཡུག་འདིར་མཁོ་བའི་མན་ངག་ཆིག་ཆོག་ཞིག་ཏུ་སྣང་བས་ཐུགས་རྗེ་ཆེ་ཞུ། བཟོད་པ་དང་ཆོག་ཤས་མེད་པའི་རྐྱེན་གྱིས་ཉེ་ཆར་རྒ་རྡ་ཧྥིས་སོགས་ཀྱིས་མྱང་དང་མྱོང་བཞིན་པའི་སྡུག་བསྔལ་གྱིས་དཔག་ཐུབ་ཀྱང་དེ་ལྟར་རང་ཐོག་ཏུ་སེམས་མཁན་དཀོན།
    ལུང་གི་གཞུ་ལ་རིགས་པའི་མདའ་སྦྱར་བའི། ཐོལ་བྱུང་བཟོད་པའི་མན་ངག་རྩོམ་ཐུང་འདི། རྒྱལ་དང་དེ་སྲས་འཔགས་པའི་གདམས་ངག་གནད། གཅིག་ཏུ་དྲིལ་བའི་སྙིང་པོ་འདི་ཁོ་ན།

  7. ནམ་མཁའ་འོད་ཟེར། says:
    2011-10-26 at 4:44 pm

    དུས་ཚོད་འདི་ལས་སློབ་དཔོན་ཆེན་པོས་བཟོད་པའི་ལུང། ་ཞེ་སྡང་གི་སྡུག་རྩུབ་དང་ཉེས་རྨིགས་གསུང་པ་དེ་དངོས་གནས་་ལུང་བསྟན་རེད།

  8. རྭ་དབུ་དབང་རྒྱལ། says:
    2011-10-26 at 5:04 pm

    ལམ་གྱི་བདེན་པས་ཀུན་འབྱུང་སྤངས་པའི་རྗེས་སུ། སྡུག་བསྔལ་རྒྱུ་དང་བཅས་པ་སྤངས་ཏེ་འགོག་པ་མངོན་དུ་བྱས་པ་ཡིན་ན། འགོག་པའི་སྔ་རོལ་ཏུ་འགོག་པ་མངོན་དུ་བྱས་པ་ཡིན་པས། བདེན་བཞིའི་གོ་རིམ་སྔར་མེད་པ་འདི་འདྲ་ཞིག་ག་ནས་བྱུང་། རིན་པོ་ཆེ་ལགས་ལན་ཞིག་གནང་དང་།
    (ལམ་གྱི་བདེན་པ་ལ་བརྟེན་ ནས་ཀུན་ནས་འབྱུང་པ་སྤངས་པ་ཡིན་ཞིང་། དེ་ལ་བརྟེན་ནས་སྡུག་བསྔལ་བདེན་པ་རྒྱུ་འབྲས་དང་བཅས་པ་ཟད་ནས་འགོག་པའི་བདེན་པ་ མངོན་དུ་གྱུར་པ་ཡིན་ནོ།།)

  9. ཤེས་རབ། says:
    2011-10-27 at 4:38 am

    ཁྱོད་ཀྱིས་ཆོས་བཤད་ནས་ཅི་ཞིག་བྱེད་བཞིན་ཡོད་པ་མ་ཤེས་ཀྱང་། བལྟས་ཚོད་དུ་རྒྱ་ནག་གི་སྒྱུ་རྩལ་བ་ཆེན་མོ་ཨན་ཝེ་ཝེ་ལ་ཅུང་ཟད་འདྲ་བོ་འདུག བསོད་ནམས་རེད བསོད་ནམས་རེད

  10. གངས་སྤྲེལ་ཚ། says:
    2011-10-27 at 7:27 am

    ཆོས་དོན་རང་ལ་སྐོར་དགོས་པ་ལས་གཞན་འཇོམ་གྱི་ཐོ་བ་དེ་བས་མིན།
    བཟོད་པ་རང་གི་བཟོད་དགོས་པ་ལས་གཞན་གྱིས་སྒོམ་ཚུལ་མེད།
    རྣམ་ཀུན་ཁ་ནང་དུ་སྐོར་ནས་བཤད་རྒྱུ་གལ་ཆེ་བ་ལས་ཕྱི་ལ་བཤད་པ་དགོས་མེད་དུ་སྣང་།

  11. པདྨ says:
    2011-10-27 at 9:14 am

    འཕགས་པའི་དགེ་བསྙེན་དྷརྨྰ་ཏ། །རལ་བའི་ཐོད་བཅིངས་གླེགས་བམ་ཁུར། །སྣང་བ་མཐའ་ཡས་མདུན་ན་བཞུགས། །རྔ་ཡབ་བུམ་པ་འཛིན་ཕྱག་འཚལ། །སློབ་དཔོན་སྐུ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། ། ཞེས་མཆོད་བརྗོད་སྔོན་དུ་སོང་ནས་སྤྱི་སྒེར་སུ་ཞིག་ཡིན་ཡང་ཐབས་སྙིང་རྗེ་དང་ཤེས་རབ་བློ་ཡོད་མེད་དང་སྟན་འགྲོ་ལ་ཕན་ཐོག་ཡོད་མེད་ལ་བླ་མ་དང་སྤྲུལ་སྐུ། སྐྱབས་རྗེ་ཞེས་བརྗོད་དགོས་པ་ལས་རྒྱུ་ནོར་དཔུང་ཤུགས། རང་དགར་ཕྱོགས་ཞེན་ལ་བླ་སྤྲུལ་ཡིན་པ་འདོད་པ་བསྟན་བཤིག་ལས་བསྟན་འཛིན་མ་ཡིན་པར་ཤེས་དགོས། མིང་ལ་བསྟན་འཛིན་བརྗོད་ཀྱ་དོན་ལ་བསྟན་བཤིག་དུ་མ་ཡོད་པར་མངོན་གསལ་རེད། མིང་ལ་ཚོང་པ་རྒྱག་པ་ཞེས་ངན་སྨོད་བྱས་ཀྱང་དོན་ལ་བོད་རང་གི་ཆོས་དང་རིག་གཞུང་ལ་ཕན་ཐོག་ག་འདྲ་གནང་ཡོད་མངོན་སུམ་ལ་སུ་ཞིག་སྡང་། ཁ་བརྡ་དྲ་བ་འདི་ཕུལ་བྱུང་གི་འདུ་འཛོམ་དང་གླེང་སྟེགས་ཞིག་ཡིན་ཀྱང་། རང་སྣང་གང་ཤར་རྫུན་དང་གཡོ་སྒྱུ། སྒྲོ་འདོགས་བསྐུར་འདེབས། ཞེན་འཁོན་བརྩོད་སའི་དྲ་བ་ཞིག་མིན་པར་ཤེས་དགོས།

  12. དཔལ་ལྡན says:
    2011-10-27 at 10:39 am

    ལེའུ་བརྒྱད་པ།
    རྒྱལ་ཞེན་སེངྒེའི་དར་ཆེན་ཕྲག་ཏུ་ཁུར།།ཤི་གསོན་བོད་མིའི་བདེན་དོན་སྙིང་ལ་བཅང༌།།
    http://lightof-wisdom.blogspot.com/2011/03/mike-new-york-new-jersey-pennsylvania.html

  13. དོན་གོ says:
    2011-10-29 at 8:40 am

    དེ་བས་སྤྱོད་འཇུག་ལས། གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགར་ཅི་ཞིག་ཡོད།། གལ་ཏེ་བཅོས་སུ་མེད་ན་ནི།། མི་དགའ་བྱས་ཀྱང་དེས་ཅི་ཕན།།
    ཚིག་རྐང་མཐའ་མ་འདི་རང་བཟོ་རེད་འདུག བཅའ་ཐུབ་ན་ལྷ་རབ་རེད།

    ལ་དྭགས་པ་རྒད་པོ་དེས་ལབ་ལྡོབ་ཅི་ཡང་འབྱིན།
    སྔོན་གྱི་བཀའ་བསྟན་འགྱུར་ཆ་ཚང་བོད་དབུས་གཙང་གི་སྐད་དུ་ཡོད་ཅེས་འབྲུག་གདན་ས་ཐར་པ་གླིང་གི་གདན་འཛིན་བླ་མ་བསྟན་འཛིན་འོད་ཟེར་མཆོག་ནས་གསུངས་པས། དབུས་གཙང་གི་ཡུལ་སྐད་དེ་ལ་དེ་བཞིན་བསྟུན་དགོས་ཨ་ཡོད།
    གང་ལྟར་སྐད་ཡིག་དེའང་རྟག་བརྟན་ཐེར་ཟུག་རིགས་ཤིག་ནི་མ་རེད།
    ཁྱོད་ཀྱིས་དངོས་པོ་བདེན་པར་མ་གྲུབ་ཏུ་འདོད་ཅིང་སྐད་ཡིག་དང་བསྟན་བཅོས་འདི་རྟག་པ་ཉིད་དུ་འདོད་ཡོད་དམ། ཇི་འདྲའི་རྟག་འཛིན་ཆེ་བ་ལ་དཔེ་རེད

  14. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-10-29 at 3:43 pm

    དོན་གོ་རྣ་བ་གཏོད་ལ་ཉོན།
    དེ་བས་སྤྱོད་འཇུག་ལས། གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགར་ཅི་ཞིག་ཡོད།། གལ་ཏེ་བཅོས་སུ་མེད་ན་ནི།། མི་དགའ་བྱས་ཀྱང་དེས་ཅི་ཕན།།
    ཚིག་རྐང་མཐའ་མ་འདི་རང་བཟོ་རེད་འདུག བཅའ་ཐུབ་ན་ལྷ་རབ་རེད།
    ལ་དྭགས་པ་རྒད་པོ་དེས་ལབ་ལྡོབ་ཅི་ཡང་འབྱིན།
    ཚིག་ཙམ་ལ་མི་འདྲ་བ་བྱུང་ཡང་དོན་ལ་འགལ་མ་མཆིས། བཅའ་ཐུབ་ན་ཞེས་པའི་བཅའ་ཡི་ད་ལྟ་འདས་མ་འོངས་བསྐུལ་ཚིག་བཅས་ཤེས་འདིར་འབྲི་གྲོགས། དྲ་གྲོགས་གཞོན་ནུ་དག་ལ་ཕན་ངེས། མ་ཤེས་ན་གཞུང་དཔེ་དག་ཀློག་དགོས། ལ་དྭགས་པ་རྒད་པོ་ལ་བོད་སྤྱིའི་སྐད་ཀྱི་དག་ཆ་སྲུང་བ་ལ་གཞོན་ནུའི་ཚུལ་འཛིན་པའི་དགོས་པ་ཁྱད་པར་ཅན་ཡོད།། ཡི་གེ་དག་ཆ་ཤེས་ན། འདི་དང་འདི་ལ་འདྲ་ཞེས་བསྟན་དགོས། མ་ཤེས་ན་ཁོ་བོ་བཞིན་ཁ་བཙུམས་ན་ལེགས་སོ། །ལ་དྭགས་པ་རྒད་པོའི་མན་ངག་ཡིན།

  15. མིག་བརྒྱད་པ། says:
    2011-10-30 at 2:58 am

    མདོ་སྡེ་བསྐལ་བཟང་ལས། དེ་བཞིན་གཤེགས་པ་དུས་ཆེན་རྒྱལ་པོ་ནི།།སྙན་ངག་མཁན་ཚེ་བདེ་གཤེགས་རྩ་མཆོག་ལ།།ཚིགས་སུ་བཅད་པ་གཅིག་གིས་བསྟོད་ནས་ཀྱང་།།དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།།ཞེས་པ་ལྟར་དངོས་པོ་ཆུང་ཆུང་ཞིག་གིས་དོན་ཆེན་འགྲུབ་དགོས་ན་ཐོག་མའི་ཀུན་སློང་དེ་གལ་ཆེན་པོ་རེད། དེའི་ཁྲོད་ནས་འཇིག་རྟེན་གྱི་བྱ་བ་ལ་འགལ་འཛོལ་མི་ཡོང་བའི་ཕྱིར། རྫ་དཔལ་སྤྲུལ་རིན་པོ་ཆེས། སྐད་ཆ་གྲོགས་དང་བསྟུན། གོས་ཡུལ་དང་བསྟུན། སེམས་ཆོས་དང་བསྟུན། ཞེས་པ་དེ་རེད།

  16. མིག་བརྒྱད་པ། says:
    2011-10-30 at 4:07 am

    གཡང་སྐྱིད་ཀྱིས།
    འདི་ནི་བཟོད་པའི་ཉམས་ལེན་མེད་པའི་རྟགས། །
    འདི་ནི་ཁ་བཤད་འབའ་ཞིག་ཡིན་པའི་རྟགས། །
    འདི་ནི་ཁ་བཤད་ལག་ལེན་འགལ་བའི་རྟགས། །
    འདི་ནི་བཤད་ཚད་དོན་གྱིས་སྟོང་པའི་རྟགས། །
    ཞེས་པའི་སྐད་ཆ་འདི་ལས་འཕྲོས་ཏེ་ཅུང་ཟད་བཤད་ན། ཉེ་སྔོན་སློབ་དཔོན་འཇིགས་མེད་ལགས་ཀྱིས་ཁ་བརྡ་ལ་གྱེས་ཕྱག་ཕུལ་བ་དེས་སྣང་ཚུལ་དེ་འདྲ་ཞིག་བསྟན་མོད། ཁ་བཤད་འབའ་ཞིག་ཨེ་ཡིན་བསམ། ཁ་བརྡ་དྲ་བ་འདི་རིག་གཞུང་དང་རྩོམ་ཡིག་འབྲི་སྦྱོང་གི་རྩེད་ར་ཞིག་ཡིན་པ་ལས་དོན་མེད་དུ་མི་ལ་ཀླན་ཀ་འཚོལ་བ་དང་ཟུར་ཟ་བྱེད་ས་ཞིག་མ་རེད། བྱང་ཆུབ་སེམས་དཔའ་ཞིག་ཡིན་པའི་བཏང་ནའང་ཁྲོ་བ་ལོས་ཡོད། འཇིག་རྟེན་ཁ་དཔེར། མི་སྐྱོན་མེད་འཛམ་བུ་གླིང་ན་མེད།།ཤིང་མཛེར་མེད་རྒྱ་རྫོང་ནགས་ན་མེད།།ཅེས་པ་ལྟར་རེད། དོན་མེད་དུ་མི་ལ་བརྙས་སྨོད་བྱེད་ན་མི་སུ་ཞིག་ཡིན་རུང་ཁོང་ཁྲོ་ལངས་གི་རེད། བྱང་ཆུབ་སེམས་དཔའ་ཡིན་མིན་དང་སྤྲུལ་སྐུ་ཡིན་མིན་གཙོ་བོ་མ་རེད། དེ་ནི་བྱང་ཆུབ་སེམས་དཔའ་དང་སྤྲུལ་སྐུ་ནང་ཕན་ཚུན་བར་གྱི་གླེང་གཞི་ཞིག་རེད། ང་ཚོས་དེ་ལ་ཇུས་གཏོགས་བྱེད་དགོས་མེད་ག །བཅོམ་ལྡན་འདས་ཀྱིས། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པ་ལྟར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ན་བྱང་ཆུབ་སེམས་ཀྱི་ས་བོན་ཡོད་པར་གསུངས་ཡོད་པ་རེད། གནས་སྐབས་ཉོན་མོངས་དུག་གསུམ་གྱི་དབང་གིས་འཁོར་བར་འཕྱན་མོད། འཇིག་རྟེན་གྱི་མི་སུ་ཞིག་ཡིན་རུང་རང་གི་ཕ་མ་ལ་བརྩེ་བ་མེད་མཁན་ཞིག་ཡོད་པ་མ་རེད། བྱང་ཆུབ་སེམས་ཀྱི་ས་བོན་ངོ་མ་དེ་འདི་རེད། དེ་ནི་དམིགས་པའི་ཆ་ནས་ཕྱོགས་རེས་བ་ཞིག་ཡིན་མོད་རིམ་གྱིས་དམིགས་པ་ཁ་སྤོས་ནས་ཚེ་འདིའི་ཕ་མས་རང་ལ་དྲིན་ཆེ་བ་ལྟར་སེམས་ཅན་ཐམས་ཅད་ཀྱང་དེ་དང་མཚུངས། རྒྱུ་མཚན་ནི་སྐྱེ་བ་ཐོག་མེད་པ་ནས་ལུས་འདི་མ་བླངས་མ་བྱ་བ་ཞིག་གཅིག་ཀྱང་འཇོག་མི་ཐུབ་ལ་དེ་ཡང་gene་ཞེས་པའི་ཕ་མའི་རིགས་རྫས་ས་བོན་ལ་ངེས་བར་ལྟོས་དགོས་པའི་ཕྱིར་རོ།། རྒྱུ་འབྲས་མན་ངག་བདུན་ལྟར་སེམས་ཅན་ཐམས་ཅད་མར་ཤེས། དྲིན་དྲན། དྲིན་གཟོ། ཡིད་འོང་གི་བྱམས་པ། སྙིང་རྗེ། ལྷག་བསམ། སེམས་བསྐྱེད་སོགས་རྒྱུ་འབྲས་ཀྱི་གོ་རིམ་མ་འཆོལ་བར་འབྱུང་ངེས་རེད། ཐེག་དམན་ལྟར་ན་རྣམ་གསུམ་དག་པའི་ཤ་གནང་ཡོད་ཀྱང་ཐེག་ཆེན་ལྟར་ན་དེ་ཡང་སྤོང་དགོས་པའི་རྒྱུ་མཚན་དེ་ལ་ཐུག །སྙིང་རྗེའི་གོམས་པ་རིམ་གྱིས་འཕེལ་ཏེ་མཐར་སངས་རྒྱས་པ་ན་སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པའི་སྟོན་པ་ཞིག་ཏུ་འགྱུར་ངེས་རེད། དེས་ན། མཁས་པ་ཡོན་ཏན་དཔག་མེད་ཀྱང་།།གཞན་གྱི་ཡོན་ཏན་ཆུང་ངུའང་ལེན།།ཞེས་པ་ལྟར་བཟོད་པ་དང་སྙིང་རྗེའི་གཏམ་སོགས་སྐྱེ་བོ་སུ་ཞིག་གིས་ཁ་ནས་སྒྲོག་ཀྱང་དེ་ལ་སྟོན་པའི་འདུ་ཤེས་དང་བྱང་ཆུབ་སེམས་དཔའི་འདུ་ཤེས་བསྐྱེད་དགོས་པ་བཅོམ་ལྡན་འདས་ཀྱི་བཀའ་རེད། །

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme