Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཞུད་ཟིན་པའི་བགྲེས་སོང་ལགས།

Posted on 2010-12-132010-12-13 By ཁ་བརྡ་ 12 Comments on བཞུད་ཟིན་པའི་བགྲེས་སོང་ལགས།

14
གཅན་བཟོད་རྒྱམ།

རྣོ་ཞིང་ངར་བའི་བཙག་ལྡོམ་དེ་གཉིད་ལ་ཡུར་སོང
གསེར་མདོག་གི་ཉི་མ
རྡོ་ལ་རྡར་(༡)རི་རྩེར་བབས་སོང
བགྲེས་སོང་ཁོང་མཐོང་རྒྱུ་མི་འདུག

གནམ་ས་བཙག་གིས་བསྡམས་དུས
བགྲེས་སོང་ཁོང་གང་ལ་བུད་སོང་ངམ
ཡང་ན་གང་དུ་འགྲོ་དགོས་སམ

སྤོ་དོན་གྲུབ་ནི་ད་ལོ་དགོངས་ལོ་གྱ་བདུན་ཡིན་ལ
གཟུགས་གཞི་ཧ་ཅང་བདེ་ཐང་ཡིན་མོད
བཙག་རླུང་གི་ཟུར་ཁ་རྣོ་བའི་མདང་གདོང
བྱང་ལྭ་དེའི་ཐུ་འོག་ནས་སུས་བརྐུས་སོང་ངམ
ཡང་ན་གང་དུ་བྲོས་སོང་ངམ

ངེད་གཉིས་ཀྱིས་ད་ལོར་ལོ་སར་མཉམ་དུ་རོལ་བའི་ཁ་ཆད་བཏབ་ཡོད་མོད
ད་ནངས་ཞོགས་པའི་སྐད་ཆ་དེ
གོ་མི་འདོད་པའི་བརྡ་ཆད་ཅིག་ཆེད་དུ་ངའི་རྣ་བར་སྒྲོག་པ་ཡིན་ནམ

བརྩེ་བ་ཟབ་པའི་སྤོ་དོན་གྲུབ
ཉམས་མྱོང་དང་སྒྲུང་གིས་རབ་ཏུ་ཕྱུག་པའི་སྤོ་དོན་གྲུབ
ངས་འདི་ནས་ཁྱོད་ཀྱི་མཚན་ནས་འབོད་བཞིན་ཡོད
ཁྱོད་ད་དུང་ཐག་རིང་ཞིག་ལ་ཐོན་མེད་པ་ངས་གསལ་བོར་ཤེས

ཕངས་པ་ལ་ཨང ཁྱོད་དེ་ལྟར་བཞུད་སོང་བ
ཁྱོད་ཀྱི་མི་ཚེའི་ནང་དུ་སྐྱིད་ཟེར་བ་ཞིག་མཐོང་མ་མྱོང་ཟེར
ཕངས་པ་ལ་ཨང ཁྱོད་ཀྱིས་སྒྲུང་དེ་ཚོ་ཡང་ཁྱེར་སོང་བ
ཁྱོད་ཀྱི་སྒྲུང་འདི་དག་ངེས་པར་དུ་ཕྱི་རབས་པར་བཤད་དགོས་ཟེར

དུས་རབས་གཉིས་ཀྱི་ལོ་རྒྱུས་ཤིག སྤོ་དོན་གྲུབ
མི་རབས་གསུམ་གྱི་དེབ་ཐེར་ཤིག སྤོ་དོན་གྲུབ
རྒྱ་དམར་པོས་བོད་མིར་སྤྲད་པའི་སྡུག་སྦྱོང་མནར་གཅོད
རྒྱ་དཀར་པོས་བོད་མིར་གནང་བའི་བྱམས་སྐྱོང་དྲོད་ཁོལ

ཤར་ཕྱོགས་འབྲུག་གི་ས་མཚམས་ནས་ནུབ་སྟོད་ལ་དྭགས་བར་ཀྱི་མུ་ཐག་བཞིན་འཐེན་པའི་ལམ་ཁ་རྣམས
ས་གཤགས་ཏེ་རྡོ་བ་བགད་པའི་སྟོབས་ཤུགས
འཐབ་སྟེ་དཔའ་རྟགས་བླངས་པའི་ལོ་རྒྱུས
ཕོ་སར་དང་མོ་སར་ཁྲི་ཕྲག་གི་རྔུལ་ཁྲག་བསྐྲུན་རྒྱ་གར་བའི་བདེ་ལམ་གྲངས་མེད
བོད་མི་སྐྱབས་བཅོལ་བས་མྱངས་པའི་ཞིབ་ཚགས་ལོ་རྒྱུས
ཁྱོད་ཀྱིས་ང་ལ་བཤད་ནས་མ་རྫོགས་པར་འདི་ལྟར་བུད་སོང་པས
ཁྱོད་ལ་ཉེས་པ་ཡོད ལོ་རྒྱུས་ཀྱི་དེབ་ཐེར་ཁྱེར་སོང་བའི་ཉེས་པ་ཡོད

གསར་འབྱོར་བོད་མིས་འབྲས་བཙོ་མ་ཤེས་པའི་དགོད་སྒྲུང
གསར་འབྱོར་བོད་མིས་ཀྲི་མ་ཀྲོ་དང་ཙོང་རྡོག་ཟ་མ་ཤེས་པའི་དགོད་སྒྲུང
དེ་དག་རློན་པར་ཟོས་ཏེ་ཤི་སྐྱོན་དང་ན་ཚ་ཚབ་ཆེན་བྱུང་བའི་སྐྱོ་སྒྲུང
མི་ལོ་ཉི་ཤུ་ལྷག་གི་བོད་མིའི་དགའ་སྐྱོའི་འཚོ་བའི་ཟིན་ཐོ་དེ་ཁྱེར་སོང་བས
ཁྱོད་ལ་ཉེས་པ་ཡོད་ཡ

ངའི་སེམས་ཁོང་གི་སྤོ་དོན་གྲུབ་ལགས།
ཁ་བཤད་ལ་མཁས་ཤིང་རྣ་ཉན་ལ་མི་སྤྲོ་བ་ཚོས
ཁྱོད་ཀྱི་ཀླད་པའི་བང་མཛོད་དུ་ཅི་ཞིག་ཡོད་མེད་མི་ཤེས་ལ
ལེགས་ལེགས་སོ་སོ་ལ་མཁས་པའི་མགོ་བདེ་དྲན་འཕྲུལ་དེ་ཚོར
ཁྱོད་དང་ཁྱོད་ཀྱི་མི་རབས་ཚོས་ལོ་རྒྱུས་དགོས་ཀྱི་མི་འདུག་ཨང

ཁྱོད་འདི་ལྟར་སོང་ཤུལ་དུ
ད་དུང་ཁྱོད་དང་ཁྱོད་འདྲ་བ་རེ་བཙལ་ནས་རྙེད་དམ
སྒྲུང་དང་ཉམས་མྱོང་གིས་རབ་ཏུ་ཕྱུག་པའི་བགྲེས་སོང་ཞིག
གཙུག་ལག་ཁང་གི་སྒོ་འགྲམ་དང་སྐོར་ལམ་དག་ན
ཁྱོད་དང་ཁྱོད་འདྲ་རེ་ལྷག་མར་གྱུར་ཡོད་དམ

ཞིབ་ཏུ་བསམས་ན
ཁྱོད་བུད་སོང་ལ་ཕྱིས་མི་འདུག
ཆར་བ་མི་ཚོགས་པའི་ལྕགས་ཁང་དེའི་ནང་ནས
རླུང་བུ་མི་ཁོག་པའི་འགྱིག་ཤོག་དེའི་ནང་ནས
བཙག་ལྡོམ་མི་ཁོག་པའི་ཁང་འཁྱོག་དེའི་ནང་ནས
ང་ཡང་ཁྱོད་ཇི་བཞིན་ཡོང་ན་འདོད་ཀི
རང་གིས་ཐེག་པའི་ཉམས་མྱོང་དང་སྒྲུང་ཙག་ཙིག་དེ་འཁུར་ནས
ཁུ་སིམ་མེར་བུད་ཡོང་ན་འདོད་ཀི

༢༠༡༠། ལོའི་༡༢། ༡༣ ཞོགས་པ་མལ་ལས་ལངས་མ་ཐག།

རྡོ་ལ་རྡར(༡) ཞེས་པའི་མཆན་བུ།
(༡)རྡོ་ལ་རྡར་ནི་བཞུགས་སྒེར་དྷ་རམ་ས་ལའི་རྒྱབ་རི་མཐོན་པོ་དེའི་མིང་ཡིན།

སྙན་ངག

Post navigation

Previous Post: བློ་སེང་བཀྲས་མཐོང་གཉིས་ཀ་ཞིབ་ཏུ་ཀློགས།
Next Post: “རྐུབ་སྟེགས་སྟོང་པ”་བྲིས་ན་ཁྲིམས་འགལ་རེད།

Comments (12) on “བཞུད་ཟིན་པའི་བགྲེས་སོང་ལགས།”

  1. གཅན་བཟོད་རྒྱམ། says:
    2010-12-13 at 2:34 pm

    རྩོམ་ཡིག་དུས་ཐོག་ཏུ་བཀོད་པར་བཀའ་དྲིན་ཆེ་ཞུ།
    མཅན་བུ་འདི་འབྲི་རྒྱུ་འདུག
    རྡོ་ལ་རྡར(༡) ཞེས་པའི་མཆན་བུ།
    (༡)རྡོ་ལ་རྡར་ནི་བཞུགས་སྒེར་དྷ་རམ་ས་ལའི་རྒྱབ་རི་མཐོན་པོ་དེའི་མིང་ཡིན།

  2. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-12-13 at 7:15 pm

    རེད་ཡ། སེམས་པ་དང་སེམས་པ་མཐུན་ས་ན་གཞི་ནས་ང་ཚོར་བརྩེ་འདང་ཟབ་མོ་ཞིག་ཡོད་ངེས། གྲོགས་པོ་ལགས། ཁྱེད་ཀྱི་རྩོམ་ཡིག་འདི་ཀློག་དུས་ང་ལ་སྐྱོ་སྣང་ཞིག་སླེབས་སོང། རྒད་པོའི་ཁོའི་དོན་དུ་མ་ཎི་རེ་འདོན་རྒྱུ་ཡིན།

    མཇུག་བསྡུ་སྟངས་དེ་སྔོན་མའི་རྩོམ་ཡིག་དེ་དང་འདྲ་གི ཁྱེད་ཀྱི་སེམས་ཚོར་རྒོད་པོ་འདིར་སྟངས་འཛིན་བྱེད་དགོས་ཡ།

  3. འབུམ་དྲུག་ཚེ་རིང་། says:
    2010-12-13 at 9:09 pm

    གཅན་བཟོད་རྒྱམ་པའི་སེམས་ཁམས་ཀྱི་རྒྱུ་སྟངས་འདི་ད། ང་སྔོན་ཆད་རྡ་རམས་ས་ལ་ན་ཁང་ཆག་སྒོ་ལྕགས་མེད་མཁན་ཞིག་གླས་ནས་ཡོད་སྐབས་ཀྱི་དེ་དང་ཧ་ཅང་འདྲ་ཀི། ཨ་རོགས་གོ་སྐབས་དམ་འཛིན་བྱས་ཏེ་མུ་མཐུད་ཕྲིས། རྗེས་མ་སྙན་ངག་འབྲི་འདོད་ཀྱང་འདི་འདྲའི་དུས་ཚོད་སླར་ཡོང་བ་མི་གདའ།

  4. གཅན་བཟོད་རྒྱམ། says:
    2010-12-13 at 10:58 pm

    ངས་ནི་རང་གི་སྙན་ངག་དག་གིས་ཅི་ཞིག་བཤད་ཀྱིན་མེད་ཀྱང་མཚམས་ལན་རེར་ཤེས་ཀྱི་མི་འདུག འོན་ཀྱང་སྙན་ངག་ཟེར་བ་འདི་རང་ལ་དཀའ་སྡུག་ཡོད་དུས་ཡོང་རྒྱུ་ཞིག་དང་། རང་ལ་དཀའ་སྡུག་མེད་དུས་མི་ཡོང་རྒྱུ་ཞིག་ཡིན་ཀྱང་མི་ཤེས། བོད་ནང་གི་མཁས་པ་མང་ཆེ་བ་དང་རང་ཚང་དྲ་ཐོག་གི་སྙན་ངག་པ་ཀླུ་སྨྱོན་སོགས་ནི་འདུག་ཁྲི་ཐོག་དང་འགྲོ་ཁྲེ་ཐོག ཕོ་གཞུང་ཐོག་ཡིན་མིན་མ་ཤེས། གང་ལྟར་ཀྱང་སྙན་ངག་འབྲི་བ་ཐོག་ཐུག་མི་འདུག
    འབྲོང་བུ་ལགས། དེང་སང་ངའི་སེམས་པའི་ཁ་ཕྱོགས་འདི་དེ་འདྲ་ཞིག་རང་བཞིན་གྱིས་བཞུར་འགྲོ་མེད་དམ། སྙན་ངག་འདི་ཁ་སང་ཞོགས་པར་འབྲི་སེམས་གཏིང་ནས་དེ་འདྲ་ཞིག་བཞུར་ནས་ཡོང་བ་ཤར་མར་བྲིས་པ་ཡིན། མཇུག་སྡུམ་སྟངས་དེར་དོན་དག་ཡོད་ཀྱང་སྲིད་མོད། གཅིག་ཐང་ན་ཅི་ཡང་མེད་ཀྱང་སྲིད། འདི་འབྱུང་འགྱུར་གྱི་དོན་དག་ཅིག་རེད་པས་ངས་ཀྱང་ཚོད་དཔག་གི་སྐད་ཆ་བཤད་ཚོད་མི་ཐུབ།
    ད་ཁྱོད་གཉིས་ཕེབས་ཏེ་དཔྱད་པ་གནང་བར་དགའ་ནས།

  5. འབུམ་དྲུག་ཚེ་རིང་། says:
    2010-12-13 at 11:06 pm

    སྙན་ངག་ཞིག་འབྲི་བའི་ཆེད་སྙན་ངག་འབྲི་བ་ནི་སྡུག་བསྔལ་དང་། ཚོར་རླབས་ཀྱིས་རྡེག་པ་སྙན་ངག་ཏུ་འབྲི་བ་ནི་བདེ་བའོ།

  6. གཅན་བཟོད་རྒྱམ། says:
    2010-12-13 at 11:40 pm

    ངས་ངོ་མ་སྙན་ངག་གི་ཆེད་དུ་སྙན་ངག་འབྲི་བ་ཟེར་བའི་སྐད་ཆ་འདིའི་དོན་མི་གོ་ཀི འོན་ཀྱང་སྐད་ཆ་འདི་སྔ་མོ་ནས་གོ་མྱོང་།
    འདི་ངའི་ངོ་དེབ་ནས་འདིར་དྲངས་བ་ཡིན།

    (ཆུ་ཐིགས་གཅིག་སྐམ་པ་ཇི་བཞིན)

    ཉི་མ་རེ་རེ་ནི་བཞུར་གྱིན་པའི་གཙང་ཆུ་དེ་དང་འདྲ་བྱུང
    བཞུར་ཟིན་པའི་ཆུང་བོ་དེ་བསྐྱར་ལོག་བྱེད་ཐུབ་བམ

    ལྐོག་སིབ་སིབ་ཀྱིས་ཤོར་ཟིན་པའི་ཉི་མ་རེ་རེ
    སྣང་མེད་ངང་ཡལ་ཟིན་པ་སུས་ཀྱང་ཤེས་ཡོད་དམ
    …
    འདི་ལྟར་མི་ཚེ་ཡང་བཞུར་འགྲོ
    འདི་ལྟར་ས་མཐའ་ནས་བཞུར་འགྲོ

    གཙང་ཆེན་ཞིག་བཞུར་གྱིན་པ་སུས་ཀྱང་མཐོང་མོད
    ཕྱིར་འོང་མིན་ནི་སུས་ཀྱང་གླེང་མ་མྱོང

    ཆུ་ཕྲན་དེ་ཚོ་བཞུར་མིན་དང་སྐམ་འགྲོ་བ་སོགས་སུས་ཀྱང་དོ་སྣང་མེད
    འོན་ཀྱང་ཆུ་ཐིགས་གཅིག་ཡིན་ཀྱང་སྐམ་སོང་བ་རེད

    རྒྱ་མཚོ་ནི་ཆུའི་ཐིགས་རེ་རེས་གྲུབ་པ་རེད
    གཙང་པོ་ཆེ་ཆུང་ཡང་དེ་བཞིན་ནོ

    ང་འདི་ལྟར་བཞུར་དགོས་སམ
    ཡང་ན་བཞུར་འགྲོའོ

    ཆུ་ཐིགས་གཅིག་སྐམ་པ་ཇི་བཞིན

    2010.12.11.

  7. འབའ་སྲས། says:
    2010-12-14 at 1:03 am

    ང་ནི་སྙན་ངག་ལ་ཆེ་ཆེར་དགའ་བའི་ཀློག་པ་པོ་ཞིག་ཡིན་པ་མ་ཟད། ཚིག་བཅད་སྙན་ངག་ལ་དེ་བས་ཀྱང་ཞེ་འདང་ཟབ། ཆུ་ཚོད་རེ་ཡོད་དུས་ཚིག་བཅད་སྙན་ངག་ཤོ་ལོ་ཀ་རེ་གཉིས་ཨུ་ཚུགས་ཀྱིས་འབྲི་བཞིན་ཡོད། དེ་ལྟར་ཚིག་བཅད་སྙན་ངག་ལ་དགའ་བས་དབང་གིས་ཞོགས་པར་གཉིད་སད་མ་ཐག་དྲ་ཚིགས་དག་ཉུལ་ནས་ཚིག་བཅད་སྙན་ངག་འཚོལ་དུ་འགྲོ་བཞིན་ཡོད། ཀླུ་སྨྱོན་དང་གཅན་བཟོད་རྒྱམ་སོགས་སྙན་ངག་རྩོམ་པ་པོ་ཁ་ཤོས་ཀྱི་ཚིག་བཅད་སྙན་ངག་ལ་དམིགས་བསལ་གྱི་བྲོ་བ་ཞིག་འདུག བྲོ་བ་ལྡན་པའི་སྙན་དེ་ཚོ་བཀླགས་ཚེ་ཞོགས་ཇ་མ་འཐུང་ན་ཡང་ཆོག་གི

  8. འབའ་སྲས། says:
    2010-12-14 at 1:06 am

    ཆད་སྐོང་།བྲོ་བ་ལྡན་པའི་སྙན་ངག

  9. ཟླ་བ་གཞོན་ནུ། says:
    2010-12-14 at 4:44 am

    མྱངས་ཟིན།

  10. ཀླུ་སྨྱོན། says:
    2010-12-14 at 2:47 pm

    མྱི་ལྡང་། བཞེངས་དང་ཟིག་ཡ། ཁྱོས་རྡ་སའི་ཞི་མོ་ཚོའི་ཨོང་དོའི་ངོས་ཁོ་ནར་མ་ལྟ་བར་སྙན་ངག་རེ་ཕྲིས་དང་ཁྱོད་ལ་མ་རྩ་ནི་འདུག ལས་ངན་པོ་ངའི་ཁ་ལོངས། ཨེ་གོ་ཐལ།

  11. མདོ་ལྷ་ཁམས་པ། says:
    2010-12-14 at 6:58 pm

    ཨ་རོགས་་་གཅན་རྒྱམ་ཟེ་ཡ།
    ད་རེས་ཡིན་ན་ཁྱེད་་རང་གི་ཡ་ཆུང་་སེམས་ནང་གི་ཚོར་བ་རྣོན་པོ་དེ་ལག་པའི་མཛུབ་རྩེ་ནས་ཕྱིར་བཏོན་གནང་འདུག་ག ཧ ཧ ཧ བྲོ་བ་ཙམ་མ་ཟད་ཁ་དོག་ཀྱང་འཇའ་མཚོན་སྣ་ལྔ་འདྲ་འདུག

  12. གཅན་བཟོད་རྒྱམ། says:
    2010-12-14 at 10:57 pm

    མདོ་ལྷ་ཁམས་པ་དང་ཀླུ་སྨྱོན། ཟླ་བ་གཞོན་ནུ། འབའ་སྲས་སོགས་བདག་གི་སྙན་ངག་མྱངས་ཟིན་འདུག་པས་དགའ་སྤྲོ། འབའ་སྲས་བསྟོད་པའང་གནང་འདུག བཀའ་དྲིན་ཆེ་ཞུ།
    ཨ་ཁུ་ཀླུ་སྨྱོན་ལགས། ངས་འདི་ནས་གང་ནུས་རེ་བྱ་ཆོག་མོད། དགུན་ཁ་འདི་བགྲོས་སོང་ཚོ་དང་ང་ལ་དམིགས་བསལ་གྱིས་སྡང་བ་ཞིག་རེད། ད་ལོའི་དགུན་ཁ་འདི་འདི་ལྟར་འཁྱོལ་ཐབས་བྱེད་དགོས་པ་ལོས་ཡིན།
    མདོ་ལྐ་ཁམས་པའང་བྲོ་བ་ཞིག་སྦྱིན་ཡོད་འདུག་པ་ངོ་མ་དགའ་ཡོད།
    ད་ཚིགས་ཇ་ཞིག་བཟོ་དགོས་ཀྱི་འདུག ཞོགས་པའི་བཙག་འདིས་རྐང་འདར་ལག་འདར་བྱེད་དུ་བཅུག་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme