Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་རྩོམ་རིག་གི་དབུ་འབྱེད་བསྒྲགས་གཏམ།

Posted on 2010-03-292010-03-29 By ཁ་བརྡ་ 9 Comments on བཙན་བྱོལ་རྩོམ་རིག་གི་དབུ་འབྱེད་བསྒྲགས་གཏམ།

གནམ་ལྕགས།

དེ་རིང་ཞོགས་པར་ཉིན་འགའི་སྔོན་བཀླགས་པའི་བདེ་ཆེན་སྒྲོལ་མའི་སྙན་ངག་གསེར་མདོག་གི་གངྒ་ཞེས་པའི་ཁྱད་དུ་འཕགས་པའི་སྙན་ངག་དེ་བསྐྱར་དུ་ཀློག་ཏུ་ཡོང་བ་ཡིན། དེ་རིང་ང་ཆེད་དུ་འདིའི་སྐོར་ལ་བསམ་ཚུལ་ཐུང་ངུ་ཞིག་འབུལ་བའི་ཆེད་དུ་ཡོང་བ་ཡིན། ངས་གོང་གི་སྙན་ངག་ཐུང་ངུ་འདི་ལ་ཕྲན་དཔྱད་མ་བྲིས་གོང་སྤོབས་པ་མཐའ་ཡས་དང་རས་པ་ཟུང་གི་བཀླགས་བྱང་ཡང་ཞིབ་ཚགས་ཀྱིས་བཀླགས་པ་ཡིན། ངས་ཁོང་གཉིས་ཀྱི་བཀླགས་བྱང་གི་རོལ་མྱོང་དེ་དང་བདེ་ཆེན་སྒྲོལ་མའི་གསེར་མདོག་གི་གངྒའི་ཁྱད་ཆོས་གཉིས་བསྡུར་ནས་དཔྱད་པ་ཅུང་ཟད་བྱས་ཡོད། འདི་རང་ཉིད་ཀྱིས་ལོ་ངོ་ཉི་ཤུ་མ་ཟིན་ཙམ་ལ་སྙན་ངག་བཀླགས་པ་དང་བྲིས་པའི་ཉམས་མྱོང་ཞིག་ཀྱང་ཡིན་ཟེར་ཆོག

བཀླགས་བྱང་གཉིས་ཀྱིས་སྙན་ངག་འདི་ལ་ལྟ་སྟངས་དང་གཞན།

སྤོབས་པ་མཐའ་ཡས། ཆུ་མོ་གངྒའི་འབྱུང་ཁུངས་དང་དེའི་ཕུན་སུམ་ཚོགས་པའི་ཁྱད་ཆོས། ད་དུང་དེའི་དྭངས་གཙང་གི་ཁ་དོག དེ་ནས་རིམ་གྱིས་གངྒའི་དར་རྒུད་ཀྱི་རྣམ་པ་དེ་ཆེས་དྭངས་གཙང་གི་ཁམས་ལ་ནག་ནོག་གི་ལྷད་དང་བཅས་ཏེ་མཐར་ཐུག་མི་དང་རང་བྱུང་གི་གཤེད་མར་གྱུར་བའི་བར་དུ་ཚིག་དོན་གསལ་བའི་སྒོས་བརྗོད་ཡོད་པ་དེས་བདེ་ཆེན་སྒྲོལ་མའི་སྙན་ངག་གི་ངོས་གཞན་ཞིག་སྟེ། ཁ་གསལ་བོས་བརྗོད་ན་ལྡོག་ཕྱོགས་ཀྱི་རྣམ་པ་ཞིག་གིས་ཁྱད་དུ་འཕགས་པའི་སྙན་ངག་འདི་ལ་རམས་འདེགས་ཕུན་སུམ་ཚོགས་པ་ཞིག་གནང་ཡོད། ཡང་སྤོབས་པ་མཐའ་ཡས་ལགས་ཀྱིས། ཆུ་མོ་གངྒའི་རླབས་ཆེ་བའི་རང་བྱུང་གི་བྱ་གཞག་ཐམས་ཅད་མཇུག་བསྡུས་ནས་མཐར་རྒྱ་མཚོ་ལ་འདྲེས་པར་གྱུར་བ་དེས་རང་གི་ངོ་བོ་དང་ནུས་པ་སོགས་མིང་གི་ལྷག་མར་གྱུར་ཚུལ་དེ་བོད་མི་རིགས་ཀྱི་རྣམ་པར་སྦྱར་བ་ནི་དངོས་ཡོད་ཀྱི་གཏམ་རྒྱུད་ཅིག་ཏུ་གྱུར་ཡོད་པ་འདིས་ཁྱད་དུ་འཕགས་པའི་སྙན་ངག་འདི་ལ་དེ་དང་མཚུངས་པའི་བཀླགས་བྱང་ཞིག་གིས་བརྒྱན་པར་བྱས་འདུག མདོར་བསྡུས་ཏེ་བཤད་ན། ཁོང་གི་བཀླགས་བྱང་འདིས་མཐར་ཐུག་གི་སྨོན་འདུན་ཉག་ཅིག་བཏོན་པ་ནི་ཆུ་མོ་གངྒ་ལ་བསྐྱར་དུ་ཆེས་དྭངས་གཙང་གི་རང་བཞིན་དེ་འབྱུང་ཐུབ་མིན་གྱི་དྲི་བ་དེ་དང་དེ་ཡི་ཤུགས་ན་རང་ཉིད་དང་རང་ཉིད་ཀྱིས་རིགས་རྒྱུད་ལ་ལྷད་མེད་པའི་སེམས་ཁྲལ་ཞིག་གནང་གིན་པ་དེ་རེད།

རས་པ། སྙན་ངག་འདིས་དེང་གི་དུས་ན་ཁོར་ཡུག་སྲུང་སྐྱོབས་ཞེས་པའི་གནད་དོན་དེ་གླེང་གི་ཡོད་ནའང་འདྲ། རྩོམ་པ་པོས་མིའི་རིགས་ཀྱིས་ཆུ་མོ་འདི་ལ་བརྩི་མཐོང་དང་གཞལ་མེད་ཀྱི་རིན་ཐང་ཞིག་འཇོག་པའི་ལོ་རྒྱུས་ཤིག་བརྗོད་ཀྱི་ཡོད་ནའང་འདྲ། གང་ལྟར་གངྒའི་འགྲམ་གྱི་བཀོད་པ་ཞིབ་འབྲི་བྱས་པ་ལེགས་པའི་བསམ་ཚུལ་བཏོན་ཡོད་ལ། ཡང་མུ་མཐུད་དུ་བརྗོད་དོན། སྙན་ངག་འདིས་ཆུ་མོ་འདི་ལ་ཕྱིར་རྟོག་དང་རྗེས་དཔག་གིས་རིན་ཐང་གཞལ་བར་བརྩོན་འདུག་ཅེས་པ་དེ་རེད། དེ་ལྟར་ན་གོང་གི་སྤོབས་པ་མཐའ་ཡས་དང་རས་པ་གཉིས་ཀྱི་བཀླགས་བྱང་གི་ངོས་ནས་སྙན་ངག་འདི་དང་འདིའི་ཁྱད་ཆོས་ཅི་ཞིག་མཐོང་གི་འདུག་ཅེ་ན། སྙན་ངག་འདིའི་བརྗོད་བྱར་བདམས་པའི་ཆུ་མོ་གངྒ་ནི་མིའི་རིགས་ཀྱི་རིན་ཐང་ལྡན་པའི་ནོར་བུ་ཞིག་ཏུ་གྱུར་ཡོད་ནའང་དེའི་རིན་ཐང་ད་དུང་མངོན་འགྱུར་མ་ཐུབ་པ་ལྟ་བུའི་རྣམ་པ་ཞིག་མངོན་འདུག བདག་ལ་འདིའི་ཐད་དུ་ཁྱད་མཚར་བའི་སྣང་ཚུལ་གཞན་ཞིག་ཡོད་དེ། སྙན་ངག་འདི་ཆུ་མོ་གངྒའི་ཁྱད་ཆོས་ཤིག་དང་སྦྱར་ནས་བྲིས་འདུག་པ་དང༌། རྩོམ་པ་པོ་ཁོས་ཆུ་མོ་གངྒའི་འབྱུང་ཁུངས་འཚོལ་བ་མ་ཡིན་པར་ཆུ་མོ་གངྒའི་གདོང་ཐད་ཀྱི་ཁ་དོག་དང་(དེ་ནི་དུས་ཚོད་ཅིག་མཚོན་པ་ཡིན། )དེ་ལས་བྱུང་བའི་ཚོར་བ་ཞིག་ཡི་གེར་ཕབ་པ་དེ་རེད་ལ། དེ་དང་བསྡོངས་ནས་བདག་གི་སེམས་པའང་བཞུར་སོང་ན་སྙམ་པའི་སྒྱུ་འཕྲུལ་གྱི་རྣམ་པ་ཞིག་རྟོག་བཟོ་བྱས་པ་དེ་རེད། ད་དུང་ཡང་དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཞན་ཞིག་ནི་ཕར་ཕར་འགྲོ་བ་དང་ཚུར་ཚུར་འོང་བའི་ཤིང་གྲུ་ཆུང་ཆུང་འགའ་མཐོང་སྣང་དུ་བཀོད་པ་དེ་ཡིན་ལ། རང་རེའི་སྙན་ངག་གི་མཛེས་དཔྱོད་སེམས་ཁམས་སུ་ཡར་ཀླུང་གཙང་བོ་དང་དེ་སྒྲོལ་བྱེད་ཀྱི་ཀོ་གྲུ་མ་གཏོགས་སྙན་ངག་འདིའི་ཁྲོད་ཀྱི་ཤིང་གྲུ་དེ་ཡོང་མི་ཐུབ་པ་ཡིན། འདིས་ནི་དུས་ཚོད་ཅིག་དང་གནས་སྐབས་ཤིག་མཚོན་གྱི་ཡོད་པར་མཐོང་ཞིང༌། མཐར་ཐུག་གི་རེ་སྒུག་ཅིག་ཀྱང་མངོན་པར་མཚོན་ཡོད་པ་འདྲ།

སྒྱུ་འཕྲུལ་གྱི་སེམས་པ་ཞིག་གངྒར་འཐིམ་པ།

སྙན་ངག་འདིའི་ཁ་བྱང་དང་དེའི་རྩ་བའི་སྤྱི་ཁོག་བསྒྲིགས་སྟངས་ཚང་མའི་ཐད་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཞིག་མངོན་ཡོད་པར་མཐོང་ཞིང༌། རང་རེའི་སྤྱི་ཚོགས་ཁྲོད་ཚིགས་སུ་བཅད་ཚད་སྲོལ་རྒྱུན་སྙན་ངག་དང་ཚིག་གྲུབ་ཅིག་བཟོས་ཚད་རང་མོས་སྙན་ངག་ཏུ་རློམ་པའི་དཔུང་ཁག་དང་གཏན་ནས་མི་འདྲ་བར། དུས་ཚོད་ཅིག་བདམས་ནས་གངྒའི་སྣང་ཚུལ་བྲིས་པ་དང་དེའི་ཁྱད་ཆོས་ཀྱིས་རང་གི་སེམས་ཁམས་ལ་ལྷད་མེད་པའི་སྒྱུ་རྩལ་གྱི་གཟུགས་རིས་དངོས་ཤིག་བསྐྲུན་ཅི་ཐུབ་བྱས་ཡོད། རྣམ་པ་དེས་ད་གཟོད་བཙན་བྱོལ་ཁྲོད་ཀྱི་སྙན་ངག་ལ་གོམས་འདྲིས་མེད་པའི་རྩོམ་པ་པོ་རྫུན་མ་དག་ལ་འགྲམ་ལྕག་ཅིག་གཞུས་པར་མཐོང༌། ད་དུང་རྩོམ་པ་པོ་ཁོང་གི་སེམས་ཁམས་དེ་གསེར་མདོག་ལྡན་པའི་ཆུ་མོ་གངྒའི་གཞུང་དང་འདྲེས་པར་བྱས་ཏེ་ཆེས་ཐག་རིང་ངམ་གང་ཞིག་ཏུ་བཞུར་སོང་ན་སྙམ་པའི་སྣང་ཚུལ་བཞེངས་འདུག་ལ། འདི་དང་འདི་ལྟ་བུའི་ཚིག་གི་སྒྱུ་རྩལ་རེ་རེ་བཀླགས་ཚེ། ཀློག་པ་པོ་རང་ཉིད་ཀྱི་སེམས་ཁམས་ལའང་རང་བཞིན་གྱིས་སྐྱོ་བ་ཞིག་སྟེར་བར་བྱེད། འདི་ནི་བདག་ལ་མཚོན་ན་བཙན་བྱོལ་ཁྲོད་ཀྱི་ཆེས་ཁྱད་དུ་འཕགས་པའི་སྙན་ངག་བཀླགས་པའི་གྲས་ཀྱི་གཅིག་ཡིན།

སྙན་ངག་འདིའི་མགོ་བསླངས་པ་ནས་མཇུག་བསྡུས་པའི་བར་དུ་ཆེས་ཕུན་སུམ་ཚོགས་པའི་ཚད་ཐིག་ཅིག་གི་སྒང་ནས་བྲིས་འདུག་ལ། འདིའི་བརྗོད་བྱ་དང་རྗོད་བྱེད་གཉིས་ནི་ཆུ་དང་འོ་མ་བཞིན་འདྲེས་པ་སོགས་ཀྱིས་སྙན་ངག་པ་ཁོང་གི་བསམ་བློའི་སྨིན་ཚད་ཅིག་ཀྱང་ང་ཚོས་གཞལ་ཐུབ་པ་ཡིན། གོང་དུ་སྤོབས་པ་མཐའ་ཡས་ལགས་དང་རས་པ་ལགས་གཉིས་ཀྱིས་སྙན་ངག་འདི་ལ་དངོས་ཡོད་ཀྱི་འཚོ་བ་ཞིག་གིས་བཀླགས་འདུག་པ་དང༌། བདག་གིས་སྙན་ངག་ཐུང་ངུ་འདི་བསྡུས་བརྗོད་ཅིག་དང་ཡང་ན་སྒྱུ་འཕྲུལ་ཞིག་གི་ངོས་ནས་བཀླགས་པ་ཡིན། དེ་ནི་ང་ཚོའི་མི་གསུམ་གྱི་ལྟ་སྟངས་མི་འདྲ་ས་གཅིག་བུ་དེ་རེད།

འདི་ནི་བཙན་བྱོལ་སྙན་ངག་གི་བསྒྲགས་གཏམ་ཞིག་གོ།

ངས་འདི་ལྟར་བཤད་པ་ལ་སྤོབས་པ་རྒྱས་བྱུང༌། ངས་འདི་ལྟར་མཐོང་བ་ལའང་སྤོབས་པ་རྒྱས་བྱུང༌། འདི་ནི་ཡུན་རིང་སྒུག་པའི་རྗེས་ཀྱི་སྙན་ངག་གི་བསྒྲགས་གཏམ་ཞིག་སྟེ། ལོ་ངོ་ཉི་ཤུའི་རྩོམ་རིག་གི་ཞིང་སར་འཁྲུངས་པའི་གསེར་མདོག་གི་མེ་ཏོག་ཅིག་རེད། སྙན་ངག་འདིས་ད་གཟོད་རང་རེའི་སྙན་ངག་གསར་རྩོམ་གྱི་ཉེན་ཁ་ལྡོག་པར་མཐོང་ལ། སྙན་ངག་གསར་བར་འཁྲུལ་བའི་རྨི་ལམ་ཞིག་ཀྱང་མཇུག་རྗོགས་པར་བྱས་ཡོད། གལ་སྲིད་ཀློག་མཁན་ཁྱོད་མི་རློམ་ན། ཁྱོད་ཀྱིས་གསེར་མདོག་གི་གངྒ་དང་དེའི་དངོས་ཤུགས་བརྒྱུད་གསུམ་གྱི་ཚོར་བ་རེ་རེ། ད་དུང་དེའི་ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་བྲོ་བ་སོགས་མྱངས་རྗེས་ལམ་ལ་ཞུགས་པར་མཛོད་དང༌། རང་གི་རྐང་འོག་གི་ལམ་བུ་དེར་ཀྱག་ཀྱོག་དང་འབའ་འབུར་ཅི་ཙམ་ཡོད་པ་དེས་གསལ་བཤད་ཐིང་བོ་ཞིག་གནང་ཡོང༌། དེའི་སྟབས་ཀྱིས་ངས་སྙན་ངག་ཐུང་ངུ་འདི་ནི་བཙན་བྱོལ་ཁྲོད་ཀྱི་དེང་རབས་སྙན་ངག་གི་བསྒྲགས་གཏམ་ཞིག་ཏུ་ངོས་འཛིན་བྱས་པ་ཡིན། འདིས་ནི་ཁྱོད་ལ་མཁོ་བའི་ཆབ་སྲིད་ཀྱི་མདུང་མོ་དེ་དོར་ཟིན་པ་དང༌། ཡང་ན་ཆོས་ལུགས་ཀྱི་འདུ་ཤེས་དེ་ཡང་བོར་ཡོད། གལ་སྲིད་ཀློག་མཁན་ཁྱོད་ཀྱིས་བརྗོད་དུ་མེད་པའི་ཆབ་སྲིད་དང་ཆོས་ལུགས་ཀྱི་གདོང་འབག་ཅིག་གོན་ཡོད་ན། སྙན་ངག་འདི་ནི་ཁྱོད་ལ་ཅིས་ཀྱང་མི་མཁོ་བའི་གད་སྙིགས་ཀྱི་དོང་ལ་སྐྱུར་བས་ཆོག

གང་ལྟར་དེང་རབས་རྩོམ་རིག་གི་བསྒྲགས་གཏམ་ཞིག་འདི་ལྟར་སྤོབས་པ་དང་སྙིང་སྟོབས་ཀྱིས་བསྒྲགས་བྱུང༌། དེ་ནི་གསེར་མདོག་གི་གངྒ་སྟེ་སྒྱུ་རྩལ་གྱི་དབྱངས་ཡིག་གོ།

རྩོམ་རིག

Post navigation

Previous Post: མགོ་རྙོག
Next Post: བཀའ་བློན་ཁྲི་བ་ཨེ། རྩིས་རྒྱོབས།

Comments (9) on “བཙན་བྱོལ་རྩོམ་རིག་གི་དབུ་འབྱེད་བསྒྲགས་གཏམ།”

  1. དཔལ་དགྱེས་པ་རྡོ་རྗེ says:
    2010-03-29 at 7:24 pm

    ཨེ་མ་ཧོ།
    གངས་ཅན་བོད་པའི་ལྷ་རྒྱལ་ལོ། །
    ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
    རྒྱལ་བས་ལུང་བསྟན་རྒྱལ་བས་རྗེས་སུ་བཟུང་། །
    རྒྱལ་བསྟན་ཀུན་ཚང་བོད་ཡུལ་དམ་ཆོས་གླིང་། །
    རྒྱལ་ཀུན་ཐུགས་ཀྱི་བསྟན་པ་དར་བའི་ཞིང་། །
    རྒྱལ་སྲས་འཕགས་པའི་གདན་ས་ཨེ་མ་ཧོ། །

    དབུས་གཙང་སྐུ་རྟེན་བསྟན་འཛིན་བཀྲ་ལམ་མེ། །
    ཨ་མདོར་གསུང་བསྟན་དམ་ཆོས་སྙན་ལྷང་ངེ་། །
    ཁམས་པར་ཐུགས་བསྟན་ཉམས་རྟོགས་བདེ་གསལ་ལེ། །
    ཆོལ་གསུམ་ཆོས་ཀྱི་གདན་ས་ཨེ་མ་ཧོ། །

    ཡབ་མེས་ཡང་མྱེ་འཇའ་ལུས་འཕོ་བ་གཤེགས། །
    ཕ་མེས་བུ་ཚར་བྱང་ཆུབ་སེམས་ཀྱིས་ཕྱུག །
    དྲང་བདེན་སྒྱུ་མའི་ལུས་ལ་སྙིང་པོར་ལེན། །
    འདི་ཕྱིའི་དོན་སྒྲུབ་དལ་འབྱོར་ཨེ་མ་ཧོ། །

    ཕ་མར་བྱམས་བརྩེ་ཆེན་པོས་གཅེས་པར་སྐྱོང་། །
    ཉམ་ཐག་འགྲོ་བར་ཕན་བདེས་ཐབས་ལམ་འབད། །
    རང་ལས་གཞན་དོན་སེམས་པའི་གངས་ཅན་པ། །
    ལྷག་བསམ་དཀར་པོའི་བོད་རིགས་ཨེ་མ་ཧོ། །

    ན་ཆུང་བུ་མོ་མཛེས་མཛངས་ལྷ་ལས་ལྷག །
    བུ་ཆུང་རིག་པའི་རྣམ་དཔྱོད་མཁའ་ལས་ཡངས། །
    བཙུན་ཆུང་གཟུངས་སྤོབས་བློ་གྲོས་མཚུངས་ཟླ་བྲལ། །
    བོད་རིགས་སྤུན་ཟླའི་དམ་ཚིག་ཨེ་མ་ཧོ། །

    གངས་ཅན་མཁས་པ་འཛམ་གླིང་མཛེས་པའི་རྒྱན། །
    གངས་ཅན་བཙུན་པ་ལྷར་བཅས་འགྲོ་བའི་སྐྱབས། །
    གངས་ཅན་གྲུབ་ཆེན་མ་ལུས་་ཕན་བདེའི་གཞི། །
    ཞི་བདེའི་གདན་ས་དམ་པ་ཨེ་མ་ཧོ། །

    ཕྱི་རོལ་གངས་དཀར་རི་བོའི་ཕྲེང་བས་བསྐོར། །
    ནང་ལྟར་ལྷག་བསམ་ཟླ་བའི་བདུད་རྩི་འཇོ། །
    གསང་ཆེན་བླ་མེད་རྣལ་འབྱོར་གངས་ཅན་པ། །
    རྨད་བྱུང་བསམ་བཟང་གདན་ས་ཨེ་མ་ཧོ། །

    བོན་གཤེན་བདེན་པའི་ལོ་རྒྱུས་ཁྲི་ལོར་གནས། །
    ནང་ཆོས་འདྲེན་པའི་ཡོན་ཏན་བརྗོད་ལས་འདས། །
    མི་ཆོས་གཙང་མས་གང་བའི་གངས་ཅན་ལྗོངས། །
    ཡ་རབས་གདན་ས་ཕུལ་བྱུང་ཨེ་མ་ཧོ། །

    མཁས་གྲུབ་རིག་འཛིན་བྱེ་བའི་འབྱུང་གནས་ཆེ། །
    སྒྲུབ་བརྒྱུད་ཤིང་རྟའི་བཤད་སྒྲུབ་སྤེལ་བའི་གནས། །
    གོ་ལའི་སྲོག་གི་སྙིང་པོ་གངས་ཅན་ལྗོངས། །
    སྣོད་བཅུད་དག་པའི་གདན་ས་ཨེ་མ་ཧོ། །

    བླ་མ་དམ་པ་སྤྱན་རས་གཟིགས་ཀྱིས་མཛད། །
    སློབ་མ་རྣམ་དག་སོར་བྱང་སྔགས་སྡོམ་ཅན། །
    ཆོས་སྲིད་ཡང་དག་བདེན་གཉིས་ལམ་བཟང་འབད། །
    རྗེ་འབངས་དགའ་བའི་གདན་ས་ཨེ་མ་ཧོ། །

    ཟས་མཆོག་རྒྱལ་པོ་སྦྲང་དཀར་རྩམ་པ་རོལ། །
    གོས་བཟང་རས་ཕྲུག་ཐེར་མའི་ལྭ་བ་གྱོན། །
    རྒྱན་མཆོག་དྲང་བདེན་ངོ་ཚ་ཁྲེལ་ཡོད་མཁན། །
    གངས་ཅན་བོད་ཀྱི་ལ་རྒྱ་ཨེ་མ་ཧོ། །

    ཞིང་པས་འབྲུ་རིགས་སྣ་ཚོགས་འབྲས་བུ་འཛིན། །
    འབྲོག་པས་དཀར་གསུམ་བདུད་རྩིའི་ཞིམ་མངར་སྐྱོང་། །
    གྲོང་པས་བདེན་པའི་ཚོང་ལས་དཔལ་འབྱོར་སྤེལ། །
    གངས་ཅན་བོད་པའི་བསོད་ནམས་ཨེ་མ་ཧོ། །

    དགོན་པའི་གདན་ས་གྲྭ་བཙུན་དམ་པས་གང་། །
    དབེན་པའི་རི་ཁྲོད་བྱ་གཏོང་བླ་མས་གང། །
    ཞིང་འབྲོག་གྲོང་པར་འཕགས་པའི་དགེ་འདུན་གང་། །
    ཡང་དག་དགེ་བསྙེན་བོད་རིགས་ཨེ་མ་ཧོ། །

    སོ་ཐར་ངེས་འབྱུང་རྣལ་མས་ཉོན་མོངས་བཅོམ། །
    བྱང་སེམས་སྙིང་རྗེ་ཆེན་པོས་གཞན་དོན་མཛད། །
    གསང་ཆེན་བསྟན་པའི་བཀའ་བབས་གངས་ཅན་པའི། །
    བསླབ་གསུམ་བརྩོན་པའི་གོ་ཆ་ཨེ་མ་ཧོ། །

    མུ་སྟེགས་ལྟ་བ་སྙིགས་མའི་དྲི་མ་གོས། །
    རང་དོན་སྒོམ་པ་ཞེན་པའི་སླད་མ་ཞུགས། །
    སྤྱོད་པ་ངོ་ཚ་ཁྲེལ་མེད་གཞི་མི་སྲིད། །
    ཟབ་རྒྱས་འབྲས་བུ་ཐོབ་པར་ཨེ་མ་ཧོ། །

    ཆོས་སྐུའི་དགོངས་པ་གཏད་སའི་གཞི་མ་མཆོག །
    ལོངས་སྐུའི་ཞིང་མཆོག་སྦྱོང་བའི་ལམ་བཟང་མཆོག །
    སྤྲུལ་སྐུ་སྨིན་གྲོལ་ཕྲིན་ལས་སྤེལ་གནས་མཆོག །
    མཆོག་གསུམ་དམ་པའི་གདན་ས་ཨེ་མ་ཧོ། །

    དད་གུས་བཅོས་མིན་འཁྲུངས་བའི་གངས་ཅན་བོད། །
    ཐོས་བསམ་སྒོམ་པར་བརྩོན་པའི་གངས་ཅན་བོད། །
    སྟོང་ཉིད་སྙིང་རྗེ་ལྡན་པའི་གངས་ཅན་བོད། །
    ཐབས་ཤེས་ཀུན་ལྡན་བོད་རིགས་ཨེ་མ་ཧོ། །

    དགྲ་ལ་སྙིང་རྗེ་སྒོམ་པའི་གངས་ཅན་བོད། །
    གཉེན་ལ་བྱམས་བརྩེ་གནང་བའི་གངས་ཅན་བོད། །
    བདག་ལས་གཞན་གཅེས་མཛད་པའི་གངས་ཅན་བོད། །
    མི་རིགས་ཀུན་ལས་ཁྱད་འཕགས་ཨེ་མ་ཧོ། །

    མི་རིགས་གཞན་ལས་ཁྱད་འཕགས་འཛུམ་མུལ་ལེ །
    ཡང་དག་ཆོས་ལ་བརྩོན་དུས་ལྷོད་ཆགས་སེ། །
    བཟང་ངན་སྐྱིད་སྡུག་ཐེག་པས་དགའ་ལྷང་ངེ་། །
    འཛམ་གླིང་ཡ་རབས་དཔའ་བོ་ཨེ་མ་ཧོ། །

    སྤྲེལ་སྲིན་རྒྱུད་པའི་མི་རིགས་གངས་ཅན་བོད། །
    བྱང་སེམས་སྐྱེ་རྒྱུད་མ་ཆད་ཁ་བ་ཅན། །
    རྗེ་འབངས་དམ་ཚིག་མ་རལ་རྡོ་རྗེའི་ལུགས། །
    བཅུ་ཕྲག་རིག་པའི་དབང་ཕྱུག་ཨེ་མ་ཧོ། །

    ལྟས་ངན་གཡང་དུ་མཐོང་བའི་གངས་ཅན་བོད། །
    རྐྱེན་ངན་གྲོགས་སུ་སྒོམ་པའི་གངས་ཅན་བོད། །
    རྟེན་འབྲེལ་རྒྱུ་འབྲས་འདོད་པའི་གངས་ཅན་བོད། །
    བསླུ་མེད་གཏན་གྱི་བདེ་བ་ཨེ་མ་ཧོ། །

    སྒོ་གསུམ་ལོངས་སྤྱོད་ཚོགས་འཁོར་རྒྱན་ཏུ་རོལ། །
    ཐེག་ཆེན་སྒྲ་དབྱངས་འཇིག་རྟེན་དཔལ་དུ་སྒྲོག །
    དཔའ་བོ་དཔའ་མོས་ཆོས་ཀྱི་བསླབ་བྱར་བརྩོན།།
    སྣང་སྲིད་ཕན་བདེའི་ལ་རྒྱ་ཨེ་མ་ཧོ། །
    ཞེས་པའང་༢༠༠༩ ༡༡ ༤་ཉིན་དྲ་གྲོགས་ཞིག་གི་བཤད་པ་མཐོང་བ་ལ་བརྟེན་ནས་ཅི་དྲན་དུ་རྟེན་འབྲེལ་ཉེས་སེལ་གྱི་ཚུལ་དུ་ཤྲྰི་སྨྱོན་པས་ཐོལ་བྱུང་དུ་སྤེལ་བས་གངས་ལྗོངས་སྐྱིད་པའི་ཉི་མ་རྟག་ཏུ་འཆར་བའི་རྒྱུ་རུ་གྱུར་ཅིག ཤྲྰི་སརྦ་བི་ཛ་ཡནྟུ།། །།

  2. ལྷ་ནོར། says:
    2010-03-30 at 2:17 am

    ཤིན་ཏུ་ལེགས། ང་ཚོ་དགོས་པའང་དེ་ཡིན་ལ། ང་ཚོས་འབད་དགོས་པའང་དེ་ཡིན། ཁྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

  3. ཀརྨ་རྡོ་རྗེ་ says:
    2010-03-30 at 2:37 am

    རྩོམ་པ་པོ་གནམ་ལྕགས་ཀྱི་བཤད་ཡམ་ནི། རང་གི་མགོ་བོར་མགོ་ལས་རྨ་ཆེ་བ་བཟོ་ཡེ་གནམ་ལྕགས་རང་རེད་འདུག མཆན་བུ་བ་དཔལ་དགྱེས་པ་རྡོ་རྗེའི་རང་བཞིན་བརྒྱན་པའི་ཚིག་རྒྱན་ནི་རྨད་དུ་བྱུང་བ་ཞིག་རེད།

  4. གནམ་ལྕགས། says:
    2010-03-30 at 4:24 am

    ཀརྨ་རྡོ་རྗེ་ཡིས་ག་རེ་བཤད་ཀི་ཡོད་མེད་མགོ་ཚེས་མ་སོང་། དོན་དམ་ག་རེ་བཤད་འདོད་ཀྱི་ཡོད་ན་དེ་ལྟར་གསལ་བོ་མི་བཤད་པར་རྐང་མགོའི་ལྷམ་དང་མགོ་ཡི་ཞྭ་མོའི་དཔེ་ལྟར་སོང་འདུག་པས། རྗེས་ཕྱོགས་ག་རེའི་སྐོར་ནས་གླེང་འདོད་ན་དེ་ལྟར་དུ་གསལ་བོར་གསུང་རོགས།

  5. བསྟན་འཛིན་བདེ་བྱེད says:
    2010-03-30 at 8:39 am

    སྙན་ངག་དེ་འདྲ་ཞིག ད་བར་དུ་གོ་ནི་མེད་ར། མཇལ་ནི་ཡང་མེད།
    འདི་བ་ཚང་འ། གཅིག་ཐོངས་ང་། བལྟ་ར།།།

  6. གསར་བུ། says:
    2010-03-30 at 12:59 pm

    བཀླགས་ཟིན།

  7. ཀརྨ་རྡོ་རྗེ་ says:
    2010-03-30 at 5:55 pm

    གནམ་ལྕགས་ལགས། དགོངས་དག གཞིས་བྱེས་དབྱེ་འབྱེད་ཀྱི་ཚིག་དེས་ང་ལ་མི་བདེ་བ་ཞིག་བྱུང་ཙང་་བྲིས་པ་ཡིན། ཐུགས་བདེན། བཟོད་གསོལ་ཞུ།

  8. ཝཱ་ར་ཎཱ་སི། says:
    2010-03-31 at 10:27 am

    གནའ་བོའི་གྲོང་ཁྱེར་ཝཱ་ར་ཎཱ་སིའི་རྒྱུད་དུ་ལྷུང་ལྷུང་དུ་རྒྱུ་བའི་ཆུ་མོ་གངྒ་དེ་ནི་ཧིན་དུའི་ཆོས་ལུགས་ལ་དད་པ་བྱེད་མཁན་ཚོས་ཧ་ཅང་རྩ་ཆེར་བརྩི་ཞིང་ཉིན་ལྟར་ཕྱི་དྲོ་ཆུ་ཚོད་བདུན་པ་ཙམ་ནས་གངྒཱཨརྟི་ཞེས་པའི་མར་མེའི་གསོལ་མཆོད་བྱེད་ཀྱི་ཡོད། དེར་རྒྱ་གར་བ་དང་ཕྱི་རྒྱལ་བ་མང་པོ་ལྟད་མོ་བལྟ་བར་ཡོང་མཁན་ཧ་ཅང་མང་པོ་ཡོད།

    སྙན་ངག་གི་སྒྲོ་བཏགས་དང༌། སྙན་ངག་མཁན་གྱི་རྣམ་རྟོག་ལ་ཚད་འཛིན་མེད་ཀྱང༌། དངོས་སུ་ཡོད་པ་ནི་གྲུ་པ་དང༌། ལོ་ངོ་ཁྲི་ཁྲག་གི་བར་དུ་མ་ཤི་བར་གནས་པའི་དུར་སའི་མེ། དེའི་གཡས་གཡོན་དུ་ཤིང་དུམ་ཚིག་རོ། ཆུ་ཕ་རིའི་ངོས་སུ་གླང་རོ་དང༌། བ་རོ། ཁྱི་རོ་སོགས་འདྲ་མིན་མཐོང་རྒྱུ་འདུག
    ཁོ་བོའི་གྲོགས་པོ་ཞིག་གི་ལག་ཏུ་འདམ་བག་བགོས་ནས་གངྒའི་ནང་ལག་པ་ཆུ་བཤལ་གཏོང་བཞིན་པའི་སྐབས། ཐིག་ལེས་ཁེངས་པའི་འགྱིག་ཤུབས་ཤིག་ནར་གྱི་ལིར་འཁྱེར་ནས་ཡོང་གི་འདུག ཧི་ཧི་ཧི།
    ད་དུང་ཞུ་རྒྱུ་ཞིག་ལ་ཆུ་མོ་གངྒའི་ནང་དུ་ཡོད་པའི་ཉ་dolphin ཚང་མ་ལོང་བ་ཡིན་པར་གྲགས།
    གང་ལྟར་དད་པ་ཅན་ཚོས་ཆུ་རང་ཉིད་ཀྱིས་ངོམས་པར་བཏུང་ནས། ནང་མིའི་ཆེད་དུ་འགྱིག་དམ་བརྒྱངས་ནས་འཁྱེར་འགྲོ་མཁན་འདུག

    རྒྱ་གར་གྱི་སྲིད་དོན་པ་དང་འཛིན་སྐྱོང་པ་ཚོས་ཆུ་མོ་གངྒ་གཙང་བཟོའི་ཆེད་དུ་ལས་གཞི་བཀོད་སྒྲིག་བྱ་ཁུལ་གྱིས་ཧིན་སྒོར་མང་པོ་ལྐོག་ཟས་གཏོང་བཞིན་ཡོད།

  9. བསྟན་འཛིན་བདེ་བྱེད says:
    2010-04-02 at 12:19 am

    གནམ་ལྕགས་གནམ་གིས་ཧྲུང་རྒྱུ་བོ།
    ད་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་། ཚིགས་བཅད་འཆལ་ལ་འཆོལ་ལེ་དང་ཚིག་དུམ་ཐ་ན་ཐན་ནེ། རང་མོས་ཡ་མ་ཟུང་རེ་འབྲི་མཁན་ཡོད་པ་ཤེས།
    བདེ་ཆེན་སྒྲོལ་མ་ཟེར་བའི་ཕོ་ལུས་མོ་མགོ་དེས་སྙན་ངག་དེ་མོ་ཉམས་ཅན་ཞིག་བྲིས་ཡོད་་ན། ཉིད་ནས་འདིར་བཀོད་དང་ངས་ཀྱང་སྦི་རག་འཐུང་ཞོར་རོལ་མྱོང་བྱེད་ན་འདོད། ཨ་པ་ལོ་ལོ། ཁྱེད་ག་ཚང་གིས་ཚེགས་ཀ་གཅིག་མ་འཛེམས་རོགས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme