Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་བོད་གཞུང་གིས་གཞིས་ལུས་བོད་མིའི་ཚབ་ག་དུས་བར་བྱེད་ཐུབ་བམ།

Posted on 2016-04-292016-04-29 By ཁ་བརྡ 4 Comments on བཙན་བྱོལ་བོད་གཞུང་གིས་གཞིས་ལུས་བོད་མིའི་ཚབ་ག་དུས་བར་བྱེད་ཐུབ་བམ།

ཆགས་པ་རྡོ་རྗེ།

 
རྒྱ་ནག་མན་ཇུ་དང་དགའ་ལྡན་ཕོ་བྲང་བར་ལེགས་ཉེས་ཀྱི་འབྲེལ་ལམ་གང་ཡོད་ལ་མ་ལྟོས་པར། མི་ལོ་བཞི་བརྒྱ་མ་ཟིན་ཙམ་བར་དགའ་ལྡན་ཕོ་བྲང་དང་༧རྒྱལ་དབང་རིམ་བྱོན་གྱི་མཚན་གནས་རྗེས་འབྲེལ་འོག། ཆེ་ས་ནས་སྐབས་རེར་བོད་ཆོལ་ཁ་གསུམ་དང་ཆུང་ས་ནས་འབྲི་ཆུའི་ཕར་ཚུར་ལ་དབང་བསྒྱུར་གྱིས། བོད་མིའི་སེམས་ནང་བག་ཆགས་གཏིང་ཟབ་བཞག་མྱོང་བ་མ་ཟད། རྒྱལ་སྤྱིའི་གཞུང་མང་པོར་ཡང་ངམ་ངམ་ཤུགས་ཀྱིས་འབྲེལ་བ་བྱུང་སྟེ། བོད་དོན་གཉན་འཕྲང་ཐབས་སྡུག་གི་དུས་ཚོད་འདི་འདྲའི་སྐབས་ཀྱང་། མངོན་གསལ་དོད་མིན་སྣ་ཚོགས་ཀྱི་སྟེང་འབྲེལ་བ་དང་ངོས་འཛིན་ཞིག་ཡོང་བསྡད་ཀྱིན་ཡོད་པ་རེད།

འདི་ཚོ་ཀུན་གྱི་རྩ་བ་དེད་ན། དགའ་ལྡན་ཕོ་བྲང་གི་ཟིལ་ཤུགས་དང་དེའི་ལྷ་འབངས་ཀྱི་དད་སྟོབས། ༧རྒྱལ་བ་རིན་པོ་ཆེའི་མཚན་སྙན་གཟི་བྱིན་ལ་རང་བཞིན་གྱིས་འབྲེལ་བསྡད་པ་ཅིག་རེད། བོད་ཀྱི་ཆབ་སྲིད་ལབ་ན་ཁ་ཡར་མར་གང་ལ་དཀྱུས་རུང་། རྡོ་དོན། ཆོས་ལུགས་དང་འབྲེལ་ཏེ་༧རྒྱལ་བ་རིན་པོ་ཆེར་དད་མཁན་མང་པོ་ཅིག་གིས། ༧རྒྱལ་དབང་མཆོག་བོད་ལ་ཆིབས་བསྒྱུར་བསྐྱང་རྒྱུ་དང་། གཞིས་བྱེས་ལྷན་འཛོམས་ཤིག་ཡོང་ཆེད། རང་སྲོག་ལ་ལྟོས་མེད་གནང་བཞིན་པའི་བཀའ་དྲིན་ཉག་གཅིག་ལ་བརྟེན། བོད་དོན་དང་བོད་ཀྱི་སྲིད་དོན་པ་ཚོར་ཆེ་མཐོང་གང་འཚམ་དང་བེད་སྤྱོད་ཅུང་ཟད་རེ་ཡོད་པ་མངོན་སུམ་བསྙོན་མེད་རེད།

འོན་ཀྱང་། བཙན་བྱོལ་ནང་མི་རབས་འགྱུར་བ་དང་སྤྱི་ཚོགས་འགྱུར་བ། བསམ་སྤྱོད་དང་རིག་གཞུང་གི་རྒྱབ་ལྗོངས་འགྱུར་འགྲོས་ལ་བརྟེན། གསར་སྐྱེས་ལས་སྣེ་ཚོས་གལ་གནད་འདི་རིགས་རྟོགས་ཐུབ་ཀྱིན་མེད། དེ་ལས་ལྡོག་སྟེ་བཙན་བྱོལ་གྱི་སྲིད་དོན་པ་རྣམ་པར་འབྲེལ་བ་གནང་མཁན་རྒྱལ་ཁབ་གཞན་པའི་སྲིད་དོན་པ་ཚོས་གནད་དོན་འདི་རིགས་གསལ་བོ་མཁྱེན་གྱི་ཡོད་པས། ༧རྒྱལ་བ་རིན་པོ་ཆེ་དེ་རྣམ་ཀུན་བཙན་བྱོལ་བོད་མི་གལ་གནད་ཆེ་ཤོས་སུ་བརྩིས་ཀྱི་ཡོད།

བཙན་བྱོལ་གྱི་འགོ་ཁྲིད་རྣམས་ཐོག་མར་བོད་ནས་སློབ་སྦྱོང་དང་མི་རིགས་ཀྱི་ལྟ་བ། སོ་སོའི་ཡུལ་ལུང་གི་གནས་ཚུལ་བཅས་གང་ཡང་མི་ཤེས་པ། ལྟོ་གོས་འཕུད་ཐབས་འཁྱོལ་ཙམ་གྱི་ཕ་མ་མང་ཤོས་ཀྱི་ཕྲུ་གུ་ཡིན་པས། བོད་ཀྱི་བྱུང་རབས་དང་རིག་གཞུང་སོགས་ཀྱི་ཆ་ནས་བཤད་ན། ཁོང་ཚོའི་རང་ཁྱིམ་ནས་བསླབས་པ་ནི་ལུང་ཚན་དང་ཆོལ་ཁའི་ལྟ་བ་ཙམ་ལས་གཞན་ལ་ཆ་རྒྱུས་གང་ཡང་མེད་ཅིང་། དེའི་ཕྱི་ལ་འཐོན་ཙམ་ཉིད་ནས་སྲོལ་རྒྱུན་ལེགས་ཉེས་འདྲ་མིན་སྐྱ་འཐབ་པའི་རྒྱ་གར་གྱི་སྤྱི་ཚོགས་དང་རིག་གཞུང་ནང་ལྷུང་ཡོད། དེ་ནས་སློབ་གྲྭ་ལ་སོང་ན་ནུབ་ཕྱོགས་ཀྱི་བསམ་བློ་དང་ཤེས་ཡོན་ལམ་སྲོལ་ཁོ་ན་ཞིག་བསླབ་བསྡད་ཡོད།

ནུབ་ཕྱོགས་ཀྱི་སེམས་ཁམས་རིག་པ་བ་ཚོས་ལབ་ན། ཕྲུ་གུ་རྣམས་ལོ་ཆུང་ཆུང་སྐབས་ཀྱི་འཚར་ལོངས་བརྒྱུད་རིམ་ནང་། ངེས་པར་རིག་གཞུང་གི་བསམ་བློ་གཅིག་དང་སྐད་ཡིག་གཅིག་གི་ལམ་སྲོལ་བརྒྱུད་འཚར་ལོངས་ཐུབ་ན། ཕྲུ་གུ་དེ་འབྱུང་འགྱུར་སེམས་རྩ་བརྟན་པོ་དང་གཤིས་ཀ་བརླིང་པོ། རིག་གཞུང་གང་ལ་སྦྱངས་ན་གོ་སྟོབས་ཟབ་མོ་དང་རྒྱ་ཆེར་ཡོང་རྒྱུའི་ཚོད་དཔག་གནང་གི་ཡོད། དེ་ལ་ར་སྤྲོད་ལྟ་བུར།སྐབས་ཤིག་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་འཐུས་མི་ལོ་གཞོན་ཤོས་དང་རྣམ་དཔྱོད་ཅན། དབྱིན་སྐད་ཀྱི་ཤེས་ཚད་ཧ་ལམ་གྲོས་ཚོགས་སུ་ཡག་ཤོས་གྲས། ཤར་གླིང་ཟླ་སྒྲོན་གྱིས་ཀྱང་མོ་རང་ཨ་རིའི་སློབ་གྲྭ་གྲགས་ཆེན་ཞིག་ཏུ་སློབ་སྦྱོང་སྐབས། དབྱིན་ཡིག་གི་གོ་སྟོབས་རྒྱ་ནག་སྐམ་ས་ནས་ཡོང་བ་རྒྱ་མོ་དེ་འདྲར་བསྡུར་ཐུབ་ཀྱི་མི་འདུག། མ་གཞི་མོ་རང་གིས་ཆུང་དུས་ནས་བཟུང་དབྱིན་སྐད་སྦྱང་མྱངས་ནའང་། ཕ་སྐད་གཅིག་ལ་གཞི་རྩ་བརྟན་པོ་མེད་པར་སྐད་ཡིག་བསྲེས་བཞག་པ་དང་། རྒྱ་མོ་དེ་ཚོས་དབྱིན་ཡིག་གསར་སྦྱངས་པ་ཡིན་རུང་སོ་སོའི་ཕ་མེས་ཀྱི་སྐད་ཡིག་སྟེང་གོ་བ་གཏིང་ཟབ་ལོན་ཐུབ་པས། ཁོ་ཚོར་འགྲན་དཀའ་ལུགས་གསལ་བཤད་གནང་སོང་།

གང་ལྟར། བཙན་བྱོལ་བོད་མིའི་འགོ་ཁྲིད་ཚོ་ཐོག་མར་འཚར་ལོངས་ཀྱི་བརྒྱུད་རིམ་འདི་འདྲའི་ནང་། ལེགས་ཉེས་ཀྱི་གནས་ཚུལ་གང་ཅི་ལ་ཅུང་འཐོམས་པའི་ངང་ཚུལ་ཤུགས་ཆེ་ཞིང་། འདྲིས་ཆེ་བའི་རིག་གཞུང་དེ་ཚོ་ཚང་མར་རྒྱུས་གཏིང་ཟབ་ཡོད་པ་ཉུང་ཉུང་ཡིན་སྟབས། རིག་གཞུང་དང་སྲོལ་རྒྱུན་དེ་ཚོ་ལས་མི་ལེགས་པ། ཉེས་པའི་ཆ་སྟེ་སློབ་མི་དགོས་པར་འབྱོར་ཡོང་བའི་རིགས་རང་ཆས་སུ་ཡོད་པ་མ་གཏོགས། བཟང་པོ་ཡོན་ཏན་གྱི་ཆ་ལྡན་པ་ཤིན་ཏུ་དཀོན།

དེ་འདྲར་བརྟེན། བཙན་བྱོལ་བོད་མིའི་འགོ་ཁྲིད་ཚོ་མི་རབས་རིམ་འགྱུར་དང་བསྟུན། བོད་དོན་འཐབ་རྩོད་ལ་ཉེན་ཁ་ཆེ་ཤོས་ཤིག་སླེབས་བཞིན་པ་ནི། བོད་ནང་གི་བོད་མིའི་ཆེད་འཐབ་རྩོད་གནང་བཞིན་པའི་གཞུང་དེར། བོད་ནང་ཆ་རྒྱུས་ཇེ་ཆུང་དང་བོད་མི་ངོ་མ་ལ་ཆ་རྒྱུས་ཇེ་ཆུང་། བོད་དོན་དང་བོད་པའི་སྲིད་དོན་དངོས་གནས་དེར་ཆ་རྒྱུས་ཇེ་ཆུང་། བོད་མིའི་མངོན་འདོད་དང་འཐབ་རྩོད་ཀྱི་ནུས་པའི་འབྱུང་ཁུངས་ལ་ཆ་རྒྱུས་ཇེ་ཆུང་། བོད་དང་བོད་མིར་ཤ་ཚ་ལར་རྒྱ་ཇེ་ཆུང་དུ་འགྲོ་བཞིན་པ་མངོན་གསལ་ཇེ་དོད་ཡིན་པ་མ་ཟད། མི་རིགས་གཞན་གྱི་སྤྱི་ཚོགས་ནང་མི་གྲལ་དེ་ཙམ་མི་ཆོད་པའི་བོད་པ་མང་པོ་ཅིག་ཚུར་འཚངས་འོངས་ཏེ། ལྷག་བསམ་དང་ཤ་ཚ། རྣམ་དཔྱོད་གསར་པ་གང་ཡང་འདོན་རྒྱུ་མེད་ནའང་། བོད་དོན་འཐབ་རྩོད་ཀྱི་སྡིངས་ཆ་དེ་སོ་སོའི་ཁེ་ཕན་སྒྲུབ་ས་དང་མཚན་སྙན་འཚོལ་ས། རང་ཕྱོགས་ཀྱི་ནང་མི་ལྟོས་འབྲེལ་དང་བཅས་པར་ལམ་ཁ་འཚོལ་ས་ཞིག་ཏུ་གྱུར་ཡོད་པ་མ་ཟད། དེ་དག་གི་ཆེད་ནང་ཁུལ་འཐབ་རྩོད་ཁྲོད། ངོ་ཚ་དང་ཡ་ང་། འཛེམ་བག་དང་བསམ་ཤེས་ལྟ་བུ་ཏིལ་འབྲུ་ཙམ་ཡང་མི་དགོས།

མདོ་ཁོང་རྣམ་པར་བོད་དོན་དངོས་གནས་དེ་ཤེས་རྒྱུར་འདོད་པ་མེད་ལ་ཤེས་ཀྱི་ཡང་མེད། གཙོ་བོ་རང་དོན་འགྲུབ་ན་འགྲིག་པ་རེད། དེ་ལ་༧རྒྱལ་བ་རིན་པོ་ཆེས་སྨན་རྩིས་ཁང་གི་ལོ་བརྒྱ་འཁོར་བའི་མཛད་སྒོའི་སྟེང་། འདྲ་ཆགས་པོ་དང་བཅོས་མ། འཐུས་ཤོར་དང་གཟི་བརྗིད་ཁོག་སྟོང་། སྣང་བ་དག་པའི་ལམ་ཁ་ལ་འདི་མུར་འགྲོ་བསྡད་ན། ངོས་འཚོ་བཞེས་ཀྱི་སྐབས་དུས་ཚོད་འཁྱོལ་འགྲོ་ནའང་། ངོས་མེད་པ་ཆགས་ཉིན་རྐུབ་རྡོལ་ཉེན་ཡོད་པ་ཚུན་བཀའ་ཕེབས་པར་སོམས་དང་། བཙན་བྱོལ་གྱི་ཆབ་སྲིད་འཐབ་རྩོད་འདི་ཚད་གང་ལ་སླེབས་པ་ཤེས་ཐུབ།

བཙན་བྱོལ་བོད་མིའི་འགོ་ཁྲིད་ཚོའི་བསམ་བློ་དང་ཆབ་སྲིད་ཀྱི་འཆར་སྣང་། མཐོང་རྒྱ་ཉམས་མྱོང་དང་ཕུགས་ཀྱི་ཆོད་སེམས། མི་མང་གི་ཤེས་ཚད་གང་ལ་ལྟོས་ན་འབྱུང་འགྱུར་གྱི་དུས་སུ། གནས་ཚུལ་གང་ཅི་ཇེ་སྡུག་ཏུ་འགྲོ་རྒྱུ་མ་གཏོགས། ཇེ་ལེགས་སུ་འགྲོ་རེ་ཕལ་ཆེར་དཀའ། དེ་ཚོ་ལ་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཡོད་ཁོངས་ཀྱི་གཙོ་གནད་ཁག་ནི།
གལ་ཏེ་༧རྒྱལ་བ་རིན་པོ་ཆེ་སྐུ་འཚོ་བཞེས་ཀྱི་སྐབས་སུ་བོད་དོན་ཐག་གཅོད་བྱེད་མ་ཐུབ་ན། བཙན་བྱོལ་ནང་༧རྒྱལ་བ་རིན་པོ་ཆེའི་མཚན་མཐོང་དང་ཤུགས་རྐྱེན་ཁ་གསབ་ཐུབ་མཁན་གྱི་མི་ཞིག་ཡོང་མི་སྲིད་པ་རེད་ལ། བོད་ནང་གི་མི་ཚོར་ཡང་བཙན་བྱོལ་གཞུང་དང་འབྲེལ་ཐག་རིམ་གྱིས་ཆད་ངེས་རེད།
བོད་ཀྱི་ཆོས་དང་ཆབ་སྲིད་གནད་དོན་གང་ཡིན་ན་དེའི་སྲོག་རྩ་ལྟ་བུ་༧རྒྱལ་བ་རིན་པོ་ཆེ་རེད། ༧རྒྱལ་བ་རིན་པོ་ཆེ་གང་དུ་བཞུགས་ན། བོད་ནང་གི་བོད་མི་ཚོས་ཁོང་སོ་སོའི་ཚེ་ཐོག་འདིའི་རྒྱལ་པོ་དང་ཚེ་ཕྱི་མའི་བླ་མ་ལ་བརྩིས་ཀྱིན་ཡོད་པས། བོད་མི་ཚོར་ལོ་བརྒྱ་ཕྲག་ཁ་ཤས་རིང་བཞག་པའི་བག་ཆགས་ཟབ་མོ་དེ། རྒྱ་ནག་གཞུང་གིས་དུས་ཚོད་ཐུང་ཐུང་ནང་ཐབས་ཤེས་གང་གིས་ཀྱང་འགྱུར་བ་གཏོང་ཐུབ་ཀྱི་མེད།

དེ་འདྲར་བརྟེན། ད་ཆ་བོད་ནང་སྲིད་དོན་དང་དཔལ་འབྱོར། མིའི་འཚོ་ཐབས་གང་ཅིར་འགྱུར་ལྡོག་ཆེན་པོ་ཐེབས་ཏེ་བཙན་བྱོལ་དུ་གསར་འབྱོར་པ་རེ་ཟུང་ཙམ་ཡིན་མོད། ལག་ཁྱེར་བླངས་ནས་༧རྒྱལ་བ་རིན་པོ་ཆེར་མཇལ་ཁ་ཞུ་མཁན་ནི་ལུང་ཕྲན་ཆུང་ཆུང་རེ་ནས་ཀྱང་ལོ་རེར་བརྒྱ་ཕྲག་བརྒལ་འགྲོ་གི་ཡོད། གནས་ཚུལ་འདི་རིགས་ཀྱིས་ང་ཚོར་རེ་བ་དང་ཉེན་ཁ་གཉིས་ཀ་མཚོན་གྱི་འདུག་སྙམ།
རེ་བ་ནི་ད་དུང་ཡང་བོད་མི་རྣམས་༧རྒྱལ་བ་རིན་པོ་ཆེའི་དར་ཆའི་འོག་དད་དམ་ལར་རྒྱ་གཡོ་མེད་ཀྱིས་གནས་ཡོད་པ་མཚོན་ཐུབ་མོད། ༧རྒྱལ་བ་རིན་པོ་ཆེ་མེད་པའི་ཉིན་མོར། སུས་ཀྱང་ཁོང་གི་ཚབ་བྱེད་མི་ཐུབ་ལ། བཙན་བྱོལ་གཞུང་དང་བོད་ནང་གི་མིའི་བར་སེམས་ཐག་དང་འབྲེལ་ཐག་ཇེ་རིང་འགྲོ་ངེས།

བཙན་བྱོལ་གཞུང་ལ་བོད་ནང་གི་མིའི་མཐོང་ཆ་འཇོག་དང་འབྲེལ་ཐག་ཇེ་རིང་དུ་སོང་ཉིན་ནས་བཟུང་། རྒྱལ་སྤྱི་དང་གནས་ཡུལ་རྒྱལ་ཁབ་སུ་ལའང་གཞུང་འདི་ཆབ་སྲིད་སྟེང་བེད་སྤྱོད་མེད་པས། ཕྱིའི་རྒྱབ་རོགས་དང་སོ་སོའི་མི་མང་གིས་གུས་བརྩི། དཔལ་འབྱོར་གྱི་ཡོང་ཁོངས་གང་ཆ་ནས་ལྟག་ཆུ་ཆད་པའི་རྫིང་བུ་ནང་བཞིན་འགྱུར་སྲིད་ལ། དེ་དུས་དེང་སང་རྐང་པ་གཉིས་འཛུགས་གནང་སྟེ་ཞབས་ཞུ་ཡི་མིང་ཐོག་ནས་རང་སྣང་གང་དྲན་གྱིས། རང་བཙན་རྒྱལ་ཁབ་ཅིག་ཡིན་ཤག་གི་སྣང་བ་ཁུར་ཏེ་སྲིད་དོན་འཁྲབ་བསྡད་མཁན་ཚོ་ནི། སྦྲུལ་སྦྲུལ་ཤུབས་ནས་འཐོན་པ་ལྟར་དུ་ཕེབས་འགྲོ་གི་རེད།

དེ་ལས་ཀྱང་ཉེན་ཚབ་ཆེན་པོ་ཅིག་ནི། ད་ལྟ་༧རྒྱལ་བ་རིན་པོ་ཆེའི་རྒྱལ་སྤྱི་དང་རྒྱ་གར་ནང་གི་ཤུགས་རྐྱེན། བོད་ནང་གི་གནད་དོན་བཅས་ལ་བརྟེན། སྐབས་འཚོལ་བ་ཚོར་འཁྲབ་བཅུག་སྟེ་འབྲེལ་ཡོད་གཞུང་སྒེར་མང་པོ་ཞལ་རོག་གེར་བཞུགས་ཡོད་པ་ལས། ༧རྒྱལ་བ་རིན་པོ་ཆེ་མེད་ཉིན་མོར། ང་ཚོའི་སྲིད་དོན་འགོ་ཁྲིད་རྣམས་སྐྱབས་བཅོལ་བོད་མིའི་སྐུ་ཚབ་དང་འགོ་ཁྲིད་ལ་ངོས་ལེན་བྱེད་སྲིད་དམ།
དོ་ཞག་བཙན་བྱོལ་བོད་གཞུང་གི་བཀའ་བློན་མང་ཤོས་དང་སྤྱི་འཐུས་མང་པོ་ཅིག། ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཞེ་གཅིག་གི་ཁྲིམས་མཐུན་མི་སེར་ཡིན་ལ། ནུབ་ཕྱོགས་རྒྱལ་ཁབ་ཚོའི་མི་སེར་ཆགས་ཉིན་ནས་རྒྱལ་ཁབ་དེའི་ཁེ་ཕན་གཙིགས་སུ་འཛིན་དགོས་པ་ཡུལ་ཁྲིམས་རེད།

ལྷག་པར་རྒྱ་གར་ལྟ་བུར་སོ་སོའི་མི་རིགས་ཡིན་ནའང་ཡུལ་ལུང་གཞན་གྱི་མི་སེར་བྱས་ཉིན་ནས་བཟུང་། རྒྱ་གར་མི་སེར་གནང་མི་ཆོག་པ་དང་རྒྱ་གར་དུ་ལས་ཀ་གང་བྱུང་གཉེར་རྒྱུར་ཁྲིམས་ཀྱིས་ཚད་བཀག་ཡོད་པ་ཅིག་ཏུ། ནུབ་ཕྱོགས་ཡུལ་ལུང་གི་མི་སེར་དེ་འདྲ་བསྐོངས་ཏེ་རྒྱ་གར་གྱི་ཁེ་ཕན་ལ་དགོངས་པ་བཞེས་དགོས་པའི་སྲིད་དོན་འཁྲབ་བཅུག་གི་རེད་དམ།
དེ་མཚུངས་འཛམ་གླིང་རྒྱལ་ཁབ་གཞན་ཚོས་ཀྱང་རྒྱལ་ཁབ་སྟོབས་ལྡན་དེ་འདྲའི་མི་སེར་ཁག་ཅིག། སྐྱབས་བཅོལ་གཞུང་གི་འགོ་ཁྲིད་ལས་སྣེ་བྱས་བསྡད་ན། སྐྱབས་བཅོལ་བའི་སྐུ་ཚབ་ལ་བརྩིས་རྒྱུ་དང་ངོས་ལེན་རོགས་ཕན་གནང་རྒྱུ་ཕར་བཞག་སྟེ། མགོ་སྐོར་བསླུ་བྲིད་པ་དང་སྐྱབས་བཅོལ་བའི་ཁེ་ཕན་འཕྲོག་མཁན་སོགས་ལ་མ་བརྩིས་ན་ལྷ་རབ་རེད།

༧རྒྱལ་བ་རིན་པོ་ཆེ་ཡོད་པའི་རིང་། བཙན་བྱོལ་བོད་གཞུང་གི་འགོ་ཁྲིད་ལ་བོད་སྐད་ཚིག་གཅིག་བཤད་མི་ཤེས་པ་ཅིག་ཕེབས་བསྡད་ནའང་། ༧རྒྱལ་བའི་ཞལ་ལ་གཟིགས་ཏེ་གཞིས་ལུས་བོད་མི་ཚོ་ཁ་རོག་གེར་བཞུགས་ངེས་གཏན་རེད། འོན་ཀྱང་།ཁོང་ཡིད་བཞིན་ནོར་བུ་མེད་ཉིན་མོར། ཡུལ་དུས་དང་མི་རབས་རིམ་འགྱུར་གྱིས། བཙན་བྱོལ་བོད་མི་ཚོར་བོད་པའི་ཞགས་རྩི་ཇེ་ཉུང་དང་བོད་ལ་ཤ་ཚ་ཇེ་ཆུང་། བོད་ཀྱི་གནས་ཚུལ་ཤེས་ཚད་ཧ་ཅང་ཇེ་ཞན་དུ་འགྲོ་བཞིན་པ་ད་ལྟ་ནས་མངོན་གསལ་དོད་པོ་ཡིན་རྐྱེན། མི་དེ་རིགས་ཀྱི་འགོ་ཁྲིད་ཅིག་གཞིས་ལུས་བོད་མིའི་ངོས་ལེན་གནང་གི་མ་རེད་ལ་བོད་དོན་ཀྱང་སྒྲུབ་ཤེས་རྒྱུ་མ་རེད། དེའི་མུ་ལ་མཇུག་འབྲས་གང་འདྲ་ཅིག་ཡོང་རྒྱུ་ཡིན་པ། ང་ཚོ་ཀླེན་པ་མིན་ན་ཕལ་ཆེར་ཚོད་དཔག་མི་ཐིག་པ་མེད།

ད་དེས་ན་ལམ་ཁ་དང་རེ་བ་ག་རེ་ཡོད་དམ་ཞེ་ན། ༧རྒྱལ་བ་རིན་པོ་ཆེ་སྐུ་འཚོ་བཞུགས་རིང་། ང་ཚོས་ཐབས་བརྒྱ་ཇུས་སྟོང་དང་ནུས་པ་ཡོད་ཚད་བཏོན་ཏེ་བོད་དོན་ཐག་གཅོད་གནང་ཐུབ་པ་བྱེད་དགོས། དེའི་ཆེད་ང་ཚོས་གང་ཡང་བློས་གཏོང་གནང་ཐུབ་དགོས། ལམ་དེ་ནི་ང་ཚོའི་ཆེས་མཐའ་མཇུག་གི་གསོན་ལམ་ཡིན་པ་ཤེས་ན་ལེགས།།

བསམ་ཚུལ།

Post navigation

Previous Post: ཨ་ཁུ་འབྲོག་པས་སེ་འབྲས་དགའ་གསུམ་ལ་བཀའ་བསྩལ་པ།
Next Post: ལྷ་མིའི་སྤྱན།

Comments (4) on “བཙན་བྱོལ་བོད་གཞུང་གིས་གཞིས་ལུས་བོད་མིའི་ཚབ་ག་དུས་བར་བྱེད་ཐུབ་བམ།”

  1. བྱ་གླག says:
    2016-04-29 at 2:07 pm

    ༸རྒྱལ་བའི་མཚན་གནས་རྗེས་འབྲེལ་ཞིག་མེད་སོང་ན། སུ་ལ་ཡིད་ཆེས་དང། རྒྱབ་སྐྱོར། འཇོན་ཐང་ངོམ་རྒྱུ་འདུག་ལྟད་མོ་ག་ལེར་ལྟ་ཆོག་གི་རེད་ད།

  2. ནུབ་ཕྱོགས་གངས་ཕྲུག says:
    2016-04-29 at 4:54 pm

    ཕ་ཡུལ་དང་ལུང་ཚན་གྱི་ཞེན་ཁོག་དེ། བོད་ནས་ཕེབས་པའི་གསར་འབྱོར་བ་ཚོར་ཤུགས་ཆེ་བ་འདུག རྒྱུ་མཚན་གང་ཡིན་ཞེ་ན། ཁོང་ཚོ་ཕ་ཡུལ་དུ་སོ་སོའི་ཕ་ཡུལ་གཅིག་པའི་མཉམ་དུ་འཚར་ལོངས་བྱུང་བའི་རྐྱེན་གྱིས་རེད། ཡང་རྒྱ་མི་ལ་ངོ་རྒོལ་བྱེད་ན་ཁོང་ཚོ་སེམས་ཤུགས་ཆེ་བ་ཡོད་སྙམ། རྒྱུ་མཚན་ཁོང་ཚོས་རྒྱ་ལ་ཉམས་མྱོང་དངོས་སུ་བསགས་མྱོང་ཡོད། གཞིས་ཆགས་ཁག་ནང་བོད་པ་མང་ཆེ་བ་སྤྱིར་བཏང་དབུས་གཙང་མང་བ་ཡིན་ནའང་མདོ་དབུས་ཁམས་གསུམ་འདྲེས་མ་མང་པོ་ཞེ་དྲག་་ཡོད། དེ་འདྲ་སོང་ཙང་ཞེན་ཁོག་ཉུང་ཙམ་ཡོད།

  3. ཐུབ་བསྟན་དཔལ་བཟང་། says:
    2016-04-30 at 12:45 am

    རྩོམ་ཡིག་དེར་་་་་་ཆབ་སྲིད་རིག་པའི་གསོན་ཤུགས་གང་ཡང་མིན་འདུག་་་་་་ད་ལྟའི་ཆར་བོད་ཀྱི་ཆབ་སྲིད་ཀྱི་བརྩི་མཐོང་དང་གལ་གནད་ཆགས་ཡུལ་དེ་་་་་བོད་ཕྱི་ནང་མི་དམངས་ལ་རག་ལས་པར་་་་་་༧གོང་ས་རྒྱལ་བས་བསྒྱུར་བཀོད་མཛད་ཡོད་་་་་་་་བོད་ཀྱི་ཆབ་སྲིད་ཀྱི་ལྟོས་གྲུབ་དེ་་་་་༧གོང་ས་མཆོག་ལྟ་བུའི་མི་གཅིག་ཐུག་པ་ཞིག་་་་་གཏན་དུ་འགྲོ་ཐབས་མེད་ལ་་་་་འགྲོ་ན་ཉེན་ཁ་ཆེ་བ་དེ་ཡང་་་་་༧གོང་ས་མཆོག་མེད་ན་་་་་བོད་མེད་ཟེར་བ་ཞིག་བཟོས་ན་ག་ལ་འགྲིགས།
    དགའ་ལྡན་ཕོ་བྲང་ཆབ་སྲིད་ཀྱི་ཐད་ཕྱོགས་གཉིས་ནས་་་ལེགས་གཉིས་ཤོད་དགོས་ཤིང་་་་ལེགས་ཆ་ནས་་་་ད་ལྟའི་འུ་ཐུག་དུས་བར་་་གང་ཐུབ་ཀྱི་ནུས་ཤུགས་རྨད་བྱུང་སྦྱིན་གནང་མཛད་ཡོད་ལ་་་་་་སྡུག་ས་ནས་་་་བོད་རྒྱལ་ཁབ་དགའ་ལྡན་ཕོ་བྲང་གིས་མི་ལོ་སུམ་བརྒྱའི་ཆབ་སྲིད་ནོར་མང་པོ་བསྟུད་མར་ཤོར་རྐྱེན་བོད་ཤོར་བ་ངོས་ལེན་མ་བྱེད་ཀ་མེད་ཡིན་པས།
    ད་ལྟའི་ཆར་༧གོང་ས་མཆོག་གིས་བོད་འདི་བོད་མི་དམངས་ལ་རག་ལས་པའི་མཛད་ཇུས་གནང་སྟེ་་་་དམངས་གཙོའི་ལས་བསྒྱུར་བྱས་ཟིན་པ་ཡིན་ནོ།

  4. ཀརྨ་བློ་གསལ་ says:
    2016-04-30 at 8:56 am

    ཚབ་མི་བྱེད་ཟེར་ནས་སྒྲིག་འཛུགས་ལ་བསྒྱུར་བ་མ་རེད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (59)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (47)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (32)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme