Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་ནུས་མེད་དུ་གྱུར་པའི་རྒྱུ་མཚན།

Posted on 2012-07-182012-07-18 By ཁ་བརྡ་ 10 Comments on བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་ནུས་མེད་དུ་གྱུར་པའི་རྒྱུ་མཚན།

ཁྲིམས་ལུགས་སློབ་མ་བློ་བཟང་གྲགས་པ།

“Justice without force is powerless. Force without justice is tyrannical”——B.Pascal “ཁྲིམས་ཁང་ཡོད་ཀྱང་ཞུ་གཏུག་བྱེད་མཁན་མེད་པ་དང་། བཅད་ཁྲ་ཡོད་ཀྱང་རྩི་མཁན་མེད་པ་” ནི་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། དེའི་ཡན་ལག་ཏེ་ས་གནས་ཁྲིམས་ཞིབ་ཁང་དེ་དག་ཡིན་ཚུལ་ནི་བཙན་བྱོལ་སྤྱི་ཚོགས་སུ་ཁ་རྒྱུན་བཤད་སྲོལ་ཞིག་ཏུ་གྱུར་ཡོད་པ་དང་། བཤད་སྲོལ་དེའང་དོན་དངོས་ཀྱི་གནས་ཚུལ་ཞིག་ཡིན་པ་ལས་འཁྱོག་བཤད་དང་སྒྲོ་འདོགས་བྱེད་པ་ཞིག་གཏན་ནས་མིན་པ་རེད། སྤྱིར་བཏང་ནས་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ལེའུ་གཉིས་པའི་དོན་ཚན་བདུན་པ་ནས་དགུ་པའི་བར་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དང་སྐོར་སྐྱོད་ཁྲིམས་ཞིབ་ཁང་། ད་དུང་ཆེས་མཐོའི་ཁྲིམས་ཞིབ་ཁང་སོགས་ཁྲིམས་ཞིབ་ཁང་ཆེ་འབྲིང་ཆུང་གསུམ་གྱི་ཁྲིམས་ཁོངས་ཁྱབ་ཚད་སྐོར་གསུངས་ཡོད་པ་དང་། དེ་ཡང་ང་ཚོ་ནི་རང་བཙན་མེད་པའི་སྐྱབས་བཅོལ་བའི་ངོ་བོའི་ཐོག་མང་གཙོའི་སྒྲིག་གཞི་དང་ལམ་སྲོལ་ལག་བསྟར་བྱེད་བའི་བཙན་བྱོལ་སྒྲིག་འཛུགས་ཤིག་ཡིན་ཙང་། ང་ཚོའི་ཁྲིམས་ལུགས་དབང་འཛིན་འདི་ཉིད་ཀྱང་། ནག་ཉེས་སོགས་ཁྲིམས་ལུགས་ཁྲིམས་ཉེས་ཆེ་པ་དང་། གནས་ཡུལ་ཡུལ་ཁྲིམས་ལུགས་གཞན་དག་དང་མི་འགལ་པ་སོགས་གུ་དོག་གི་ཁྲིམས་ཁོངས་ཁྱབ་ཚད་ཞིག་ཏུ་གནས་ཡོད་པ་དང་། དེ་ཡང་གཞན་དབང་སྟབས་བསྟུན་དང་བྱ་ཐབས་མེད་པ་ཞིག་ཡིན་ནའང་། རྒྱ་གར་གྱི་བར་འདུམ་བྱེད་ཡག་གི་ཁྲིམས་ལུགས་(Arbitraction)ཀྱི་འགྲོ་ལུགས་སུ་གཞིར་བཅོལ་བའི་ང་ཚོའི་ཁྲིམས་ལུགས་དབང་འཛིན་གྱི་འགྲོ་ལུགས་དེ་ནི། རྒྱ་གར་གྱི་ཁྲིམས་ལུགས་དང་མི་འགལ་བར་མ་ཟད། བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ཁྲོད་བོད་མིིའི་བདེ་སྡུག་མང་པོ་གཏུག་བཤེར་ཆོག་པའི་ཁྲིམས་ལུགས་གནད་ལ་ཕིགས་པ་ཞིག་ཡིན། ཁྲིམས་ལུགས་འདི་ཉིད་ཀྱིས་བཙན་བྱོལ་བོད་མི་རྣམས་ཀྱི་གནས་བབ་དང་འོས་འཚམས་ཀྱི་གཏུག་བཤེར་ཆོག་པའི་ཐོབ་ཐང་དང་གོ་སྐབས་མང་པོ་སྤྲོད་ཀྱི་ཡོད། བཙན་བྱོལ་བོད་ཀྱི་སྒྲིག་འཛུགས་དང་། མི་མང་གི་དམིགས་བསལ་དགོས་མཁོ་དང་བསྟུན། སྤྱི་ལོ་༡༩༩༢ལོའི་ཟླ་༣་ཚེས་༡༡་ཉིན་ནས་དངོས་སུ་བཙན་བྱོལ་བོད་མིའི་ཆེས་མཐོ་བའི་ཁྲིམས་ཞིབ་ཁང་དེ་དབུ་འཛུགས་ཞུས་པ་དང་། དེ་ནས་ད་བར་ཆེས་མཐོ་བའི་ཁྲིམས་ཞིབ་ཁང་ནས་ཞུ་གཏུགས་ཀྱི་ཁ་མཆུ་བཅུ་བདུན་ཙམ་བྱུང་ཡོད། བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་དུ་ཞུ་གཏུག་གཅིག་དང་། ལྷོ་ཕྱོགས་སུ་ཁ་མཆུ་ཞུ་གཏུག་གསུམ་བྱུང་པ་སོགས་འཁྱོན་བསྡོམས་ད་བར་ཞུ་གཏུག་ཁ་མཆུ་ཉི་ཤུ་ཙམ་ལས་བྱུང་མེད་པ་རེད་། ལོ་ངོ་ཉི་ཤུའི་ནང་ཞུ་གཏུག་ཁ་མཆུ་ཉི་ཤུ་རྩ་གྲངས་ལས་བྱུང་མེད་པའི་སྒྲིག་འཛུགས་ཤིག་གི་ཁྲིམས་ཁང་ནི་འཛམ་གླིང་ཡུལ་གྲུ་གཞན་ལ་ཉིན་མོའི་སྐར་མ་ལྟར་མཐོང་རྒྱུ་དཀོན་ལ། དེ་ནི་སྒྲིག་འཛུགས་མ་ལག་དེའི་རྗེས་ལུས་ཀྱི་རང་བཞིན་མཚོན་པའི་གནད་དོན་ཞིག་རེད་སྙམ།
འདི་ལྟར་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དེ་ཉིད་ནུས་མེད་དང་རྩིས་མེད་དུ་གྱུར་པའི་གནད་དོན་གཙོ་བོ་ནི། རང་ཅག་བོད་པའི་སྤྱི་ཚོགས་སུ་ངོ་ཚ་ཁྲེལ་ཡོད་ཀྱི་སྲོལ་རྒྱུན་ལམ་སྲོལ་གྱི་བག་ཆགས་མཐུག་དྲགས་པ་དང་། ནང་མི་ཕན་ཚུན་དང་ཁྱིམ་མཚེས་ཕན་ཚུན་བར་རྒྱུན་དུ་བྱུང་བའི་རྩོད་རྙོག་དེ་དག་ཕྱིར་བསྒྲགས་བྱེད་དུ་མི་འཇུག་པར་ནང་ཁུལ་སྡོམ་སྒྲིལ་བྱེད་ཐབས་བྱེད་པ། ཡང་ན་ལྟ་བ་མཁྲེགས་འཛིན་གྱིས་བཟོད་སྒོམ་བྱེད་པའི་གོམས་གཤིས་ཟབ་པ་མ་ཟད། ཁྲིམས་ལུགས་ཐད་ཤེས་རྒྱ་ཆུང་ཞིང་དེའི་སྐོར་གོ་རྟོགས་ཀྱི་བློ་ཁ་ཕྱེ་མེད་པ་དང་། ཁྲིམས་ལུགས་ཀྱི་དོན་སྙིང་རྟོགས་མེད་པའི་སྒང་། ཁྲིམས་དོན་གྱི་ཕྱག་ལས་གནང་མཁན་ཕལ་ཆེར་ཁྲིམས་ལུགས་ཀྱི་ལྟ་གྲུབ་ཞན་ཞིང་ཁྲིམས་ལུགས་ལ་ཆེད་སྦྱོང་ཤེས་ཡོན་མེད་པ། སྤྱི་འཐུས་ལྷན་ཚོགས་ནས་དགོས་ངེས་ཀྱི་ཁྲིམས་ལུགས་ཁ་ཤས་བཟོས་མེད་པ་དང་། དེ་ལས་གལ་ཆེ་བ་ཞིག་ནི་ཁྲིམས་གཅོད་ཀྱི་ཉེས་པ་ཡང་ཞིང་ནུས་མེད་ཡིན་པ་མ་ཚད་། ཐོབ་ཤོར་གྱི་ཁྲིམས་གཅོད་གཉིས་ལ་ལྗིད་ཡང་གི་ཁྱད་པར་མེད་པ་དང་། སྤྱི་ཚོགས་ཁྲོད་དེ་ལ་སྣང་འཇོག་དང་ཤེས་རྟོགས་མེད་པ། ཁྲིམས་གཏུག་ཞུ་སྦྱོར་བ་ཚོ་ལ་རྩོད་ལེན་པ་སྤྱི་སྒེར་སུ་ཡིན་རུང་ཁྱད་གསོད་དང་སྤྱི་ཚོགས་ནས་ཕྱིར་འབུད་གང་ཐུབ་བྱེད་པ་སོགས་རེད། ཁྲིམས་ལུགས་འདི་ཉིད་ཀྱི་ནུས་པ་གོང་མཐོར་འདེགས་དགོས་པ་ཡིན་ན། ཐོག་མར་ཅིས་ཀྱང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཁྲིམས་ལུགས་སློབ་གསོ་དང་གོ་རྟོགས་ཆེས་ཆེར་སྤེལ་དགོས་པ་དང་། དེ་ཡང་དེང་རབས་ཀྱི་ཁྲིམས་ལུགས་ལྟ་གྲུབ་དང་། བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཁུངས་ཁྱབ་ཚད་ནས་མ་བརྒལ་པར་བོད་མི་ཚོར་ཁྲིམས་ལུགས་གཟབ་སྦྱོང་སྤྲོད་པ་དང་། བཙན་བྱོལ་དུ་ཁྱབ་སྤེལ་ཆེ་བའི་ཚགས་ཤོག་ཁག་ཏུ་བོད་མིའི་ཁྲིམས་དོན་དང་ཁྲིམས་ལུགས་ཤེས་བྱ་སྤེལ་བའི་ལེ་ཚན་ཞིག་ཉོས་ནས་ཁྲིམས་ལུགས་ཤེས་བྱ་དང་། བཙན་བྱོལ་བོད་མིའི་ཁྲིམས་གཏུག་གི་ཐོབ་ཐང་དང་ཁྱབ་ཁུངས་སོགས་ངོ་སྤྲོད་བྱེད་པ་དང་། ད་བར་ཁྲིམས་ཞིབ་ཁང་ནས་གསོ་སྐྱོངས་གནང་བའི་བོད་མིའི་ཁྲིམས་རྩོད་པ་རྣམས་ལ་ཆེ་མཐོང་སྤྲོད་རྒྱུ་དང་། ཁོང་ཚོ་མཉམ་རུབ་ཀྱིས་བོད་མིའི་ཁྲིམས་རྩོད་པའི་སྒྲིག་འཛུག་གམ་ཚོགས་པ་ཞིག་བཙུགས་ནས། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཁྲིམས་ལུགས་སློབ་གསོ་སྤེལ་པ་དང་བོད་མིར་ངེས་མཁོ་ཁྲིམས་ལུགས་ཁག་ངོ་སྤྲོད་བྱེད་པ་སོགས་ལས་འགུལ་འདྲ་མིན་སྤེལ་དགོས་གལ་ཤིན་ཏུ་ཆེ་པ་དང་། དེ་ནི་བོད་མིའི་སྤྱི་ཚོགས་སུ་ཁྲིམས་ལུགས་ལ་རྨོངས་བའི་སྲོལ་རྒྱུན་གྱི་བག་ཆགས་ངན་པ་ཚོ་སེལ་ཐུབ་པ་དང་བོད་མི་རྣམས་ཁྲིམས་ལུགས་ལ་དོ་སྣང་སླེབས་པར་ཧ་ཅང་ཕན་སྙམ། ཁྲིམས་ཞིབ་པ་སོགས་ཁྲིམས་དོན་གྱི་ཕྱག་ལས་གནང་མཁན་གྱི་གཙོ་སྣེ་མི་སྣ་དེ་དག་ངེས་པར་ཏུ་ཁྲིམས་ལུགས་སློབ་མཐར་ཕྱིན་པ་དང་། ཁྲིམས་ལུགས་ཀྱི་གཞི་རྩིའི་ལྟ་གྲུབ་ཡོད་པ་ཡིན་དགོས་པ་ལས་ཁྲིམས་ལུགས་ཀྱི་ལྟ་གྲུབ་ལ་རྨོངས་ཞིང་ཁྲིམས་ངོ་མི་ཆོད་པ་དེ་འདྲ་བཀོད་བཞགས་བྱེད་མི་རུང་། དེ་ནི་མི་མང་གིས་ཁྲིམས་ཁང་ལ་ཡིད་ཆེས་སླེབས་པ་དང་གཏུག་བཤེར་ལ་ཁྲིམས་དོན་གྱི་དྲང་བདེན་ཡོང་བའི་རྩ་འཛིན་ཆ་རྐྱེན་ཞིག་ཡིན། སྤྱི་འཐུས་ལྷན་ཚོགས་ནི་བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་བཟོ་མཁན་དེ་ཡིན་པ་དང་། དེས་བོད་མིའི་དགོས་མཁོ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱད་པ་སྟེ། བོད་ཀྱི་ཡུལ་མིའི་ཆ་རྐྱེན་སོགས་ལག་ལེན་དུ་བསྟར་ཆེད་དགོས་ངེས་ཁྲིམས་ལུགས་ཤིག་ད་བར་གཏན་འབེབས་བྱེད་མེད་པ་དང་། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ལེའུ་བཅུ་གསུམ་པ་སྟེ། ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱེད་མིར་ཆད་འགེལ་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་ནས། ད་བར་ཟུར་དུ་ཁྲིམས་ལུགས་མ་བཟོས་པ་སོགས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་འདི་ཉིད་སྲ་བརྟན་དང་། འཕེལ་རྒྱས་འགྲོ་བར་དགོས་ངེས་ཀྱི་ཁྲིམས་ལུགས་ཁ་ཤས་བཟོས་མེད་པ་རེད། དེས་བོད་ཀྱི་ཁྲིམས་ལུགས་ལག་བསྟར་དང་། ཁྲིམས་ལུགས་ལས་བྱེད་སོགས་ལ་དཀའ་ཁག་བཟོ་བཞིན་ཡོད་ལ། བཙན་བྱོལ་བོད་མིའི་ཁྲིམས་ལུགས་ལ་ཆ་མི་ཚང་བའི་སྟོང་ཆ་མང་པོ་སྐྲུན་བཞིན་ཡོད་པས། སྤྱི་འཐུས་ལྷན་ཚོགས་ནས་ཅིས་ཀྱང་ཁྲིམས་ལུགས་དེ་དག་བཟོ་དགོས་པ་ཤིན་ཏུ་གལ་ཆེ་ལ། དེ་ཡང་ང་ཚོས་སྤྱི་ཚོགས་ཀྱི་སྣོན་ཤུགས་དང་སྒྲིག་ཁྲིམས་ཀྱི་ལམ་སྲོལ་གསར་གཏོད་བྱེད་པའི་ཐབས་ལམ་བརྒྱུད་ཁྲིམས་ལུགས་གཏན་འབེབས་བྱེད་ན་བཟང་སྙམ།
བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་ལ་ཁྱད་གསོད་དང་དེའི་བྱ་རིམ་བརྒྱུད་གཏོང་བའི་བཅད་ཁྲ་ལ་མ་རྩི་པ་ནི། བོད་མིའི་སྒྲིག་འཛུགས་ལ་མ་རྩིས་པ་ཡིན་དུས། དེས་ནི་བོད་མིའི་ཆབ་སྲིད་ཀྱི་བརྟན་ལྷིང་དང་སྤྱི་ཚོགས་ཀྱི་བདེ་འཇགས། བཙན་བྱོལ་བོད་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་སོགས་ལ་རྡོག་རྫིས་གཏོང་གི་ཡོད་པས། མི་དེ་དག་ནི་ང་ཚོའི་སྤྱི་ཚོགས་འདི་ཉིད་གཏོར་བཤིག་གཏོང་མཁན་གཙོ་བོ་དེ་ཡིན་ལ། དེ་ཚོ་ལ་སྣང་མེད་གཏོང་བ་དང་། ཆད་འགེལ་དྲག་པོ་མི་བྱེད་པ་ནི་རང་ཉིད་ཀྱིས་རང་ཉིད་འཆི་བདག་གི་ཁ་ནང་བརྫངས་པ་དང་གཉིས་སུ་མེད་པ་རེད། ང་ཚོས་གསར་འགྱུར་བརྒྱུད་ལམ་ཁག་དང་མི་མང་གི་གནོན་ཤུགས། སྤྱི་ཚོགས་ཀྱི་གནོན་ཤུགས་དང་སྒྲིག་སྲོལ་གྱི་སྒྲོམ་གཞི་སོགས་ཐབས་ཤས་ཡོད་ཚད་བཏོན་ཏེ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་ལ་ཁྱད་གསོད་དང་མི་རྩི་མཁན་ཚོ་བོད་པའི་སྤྱི་ཚོགས་ནང་མཐོང་མེད་པར་བཟོ་དགོས་པ་དང་། ཁོ་ཚོ་ལ་སྤྱི་ཚོགས་ཀྱིས་མཐོང་ཆུང་དང་ཁ་ཡ་མི་བྱེད་པར་བཟོ་དགོས་པ་མ་ཟད། ཁོ་ཚོ་བཙན་བྱོལ་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྒྲིག་འཛུགས་ཆེ་ཕྲ་གང་རུང་ནང་འཛུལ་ཞུགས་བྱེད་མི་ཆོག་པ་བྱ་དགོས་ལ། ཁོ་ཚོའི་མིང་དང་ལོ་རྒྱུས་དེའང་བོད་ཀྱི་ནག་ཉེས་དང་གཏོར་བཤིག་མི་སྣའི་མིང་ཤོངས་དང་ལོ་རྒྱུས་ནང་ཉར་ཚགས་བྱེད་དགོས། དེ་འདྲ་བྱེད་ན་ད་གཟོད་བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་དབང་འཛིན་ལ་ཆེ་མཐོང་དང་ནུས་པ་སླེབས་ཐུབ་པ་ལས། བཟང་སྤྱོད་མེད་པའི་སྤྱི་ཚོགས་ཤིག་ལ་བཟང་སྤྱོད་ཀྱིས་ཁྲིམས་ལུགས་ཆད་འགེལ་བྱེད་པ་ནི་ནམ་ཡང་ནུས་པ་ཐོན་པ་ཞིག་མི་ཡོང་ཐག་ཆོད་རེད།

སྣ་ཚོགས།

Post navigation

Previous Post: མི་ལོ་སུམ་ཅུའི་སྔོན་གྱི་སྙན་ཞུ་ཞིག
Next Post: སྤྱན་འདྲེན་མགྱོགས་མྱུར་མ།

Comments (10) on “བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་ནུས་མེད་དུ་གྱུར་པའི་རྒྱུ་མཚན།”

  1. བོད་ལ་ཞེན། says:
    2012-07-18 at 12:35 am

    རང་གཞུང་གི་ཁྲིམས་ཁང་ནུས་མེད་རེད་ཟེར་བ་ལ་ངོས་ལན་གང་ཡང་མེད། རང་བཙན་རྒྱལ་ཁབ་ནང་བཞིན་གྱི་ནུས་ལྡན་ཞིག་མ་ཡིན་ནའང་ཁ་ལ་དཔག་པའི་སོ་ལྟར་བཙན་འབྱོལ་ལ་མཚོན་པའི་ནུས་པ་གང་མཚམས་ཡོད། རང་བཙན་གྱི་རྒྱལ་ཁབ་ལྟར་ནུས་པ་མཐོན་མ་ཐུབ་པ་ནི་ཞུ་གཏུགས་བྱེད་མཁན་ཡོད་མེད་མ་ཡིན་པར་རྒྱུ་མཚན་ངོ་མ་ནི་ཁྲིམས་ལག་ལྟར་བྱེད་མཁན་གྱི་སྡེ་ཚན་དཔེར་ན་ཉེན་རྟོག་ལས་ཁུངས་དང་། དེ་བཞིན་ཁྲིམས་འགལ་བཅུག་སའི་བཙོན་ཁང་སོགས་མེད་པ་ལ་ཐུག་ཡོད། དེ་བཞིན་རང་གིས་ཁྲིམས་ལ་གཏུགས་རྒྱུ་ནི་ཕ་མ་དང་སྤུན་མཆེད་སོགས་ཡིན་དགོས་པ་ལྟ་བུར་ངོས་འཛིན་པ་ནི་གཞན་གྱི་སྐྱག་པ་གསེར་དུ་འཛིན་པ་རང་རེད། ཕ་མ་དང་སྤུན་མཆེད་བར་གྱི་རྙོག་གྲྭ་ཁྲིམས་ལ་མ་གཏུགས་པ་ནི་ང་ཚོའི་ཡ་རབས་ཀྱི་སྤྱོད་བཟང་ཡིན་པ་ལས་དོར་བྱ་ཞིག་ག་ལ་ཡིན།

  2. ཤེལ་དཀར་ལེགས་བཤད། says:
    2012-07-18 at 2:43 am

    ང་ཚོའི་སྤྱི་ཚོགས་འདི་བཟང་ངན་གང་ཡིན་ཡང་ཚང་མ་ཡ་རབས་བཟང་སྤྱོད་ལ་ཁག་དཀྲིས་བྱས་ཀྱང་བྱེད་པ་ལས་དོན་དངོས་ཐོག་བསམ་བློ་དང་ལག་ལེན་ནམ་ཡང་མི་བྱེད་པ་ནི་རྗེས་ལུས་ཀྱིས་རྣམ་པ་རང་རེད། ནང་འཁྲུག་རྩོད་ཀྱི་འཁེངས་ཡང་ཕྱིའི་རྣམ་པ་མེད་མདོག་མདོག་བྱས་པའི་ཅི་ཕན་དེ་ལས་ཕྱི་གསལ་ནང་གསལ་བྱས་ཏེ་ཕན་ཚུན་ཉན་ཤེས་གོ་ཤེས་དང་དེ་མ་བྱུང་ན་ཁྲིམས་ཐོག་ནས་གཙང་མ་བཟོ་རྒྱུ་གལ་ཆེ་ཡིན། དེ་ལས་གལ་ཆེ་བ་ནི་ཁྲིམས་ལུགས་དབང་འཛིན་ལ་ཆེ་མཐོང་དང་གུས་བརྩི་བྱེད་རྒྱུ་ལས་དེ་ལ་མཐོང་ཆུང་ཁྱད་གསོད་དང་སྒྲོ་བཀུར་ནམ་ཡང་བྱེད་མི་རུང་། དེ་ལྟར་བྱེད་པ་ནི་དོན་དངོས་ཐོག་༧གོང་ས་མཆོག་ལ་མཚན་སྨད་ཞུ་བ་ལས་ལྷག་པའི་ཉེས་ཅན་ཞིག་ཆགས་པ་རེད། གང་ལ་ཞེས་ན། བཙན་བྱོལ་བོད་གཞུང་ངམ་དབུས་བོད་མིའི་སྒྲིག་འཛུགས་ནི་ཡང་དག་མང་གཙོའི་གཞུང་ཞིག་ཡིན་པ་དང་དེ་ཁྲིམས་ཀྱི་དབང་སྒྱུར་ཡིན་པ་མ་ཟད་དེ་ཡང་༧གོང་ས་མཆོག་གི་མཛད་རྗེས་རླབས་ཆེན་ཞིག་ཆགས་ཡོད། དེར་བརྟེན་བོད་མིའི་ཁྲིམས་ལུགས་དབང་འཛིན་ལ་བོད་མིས་མ་རྩིས་ན་སུའི་བརྩི་བཀུར་དང་ལེན་བྱེད་དམ། རྒྱ་དམར་གྱི་ནམ་ཡང་བྱེད་ཀྱི་མ་རེད་ལ་རྒྱ་གར་གྱི་ཡང་བྱེད་ཐབས་མེད། དེ་ནི་ང་ཚོས་བྱེད་དགོས་པའི་ལས་འགན་ཆེན་པོ་ཞིག་ཆགས་པ་རེད། ལས་འགན་ཆེན་པོ་དེ་གྲུབ་པར་དབུས་བོད་མིའི་སྒྲིག་འཛུགས་དང་སྤྱི་སྒེར་ཚང་མའི་གང་བྱེད་དགོས་མིན་ཐོག་བསམ་ཚུལ་བརྗེ་རེས་དང་ཀླད་པ་དཀྲུགས་ན་ལེགས།

  3. བོད་ལ་ཞེན། says:
    2012-07-18 at 3:12 am

    ཤེས་དཀར་ལགས་ཀྱིས་བཤད་པ་ཕལ་ཆེར་བ་ལ་མོས་མཐུན་ཡོད། ཡིན་ནའང་བུ་ཕྲུག་གིས་ཕ་མ་ཁྲིམས་ལ་སྦྱར་བ་སོགས་ལ་ཡང་དག་པར་འཛིན་ཐུབ་ས་མ་རེད།

  4. རྭ་དབུ་དབང་རྒྱལ། says:
    2012-07-18 at 4:11 am

    ཁྲིམས་ལུགས་ཀྱི་གོ་རྟོགས་ཡོད་མེད་ནི་གཙོ་བོར་ཤེས་ཡོན་ལྡན་པ་ཞིག་ཏུ་འགྱུར་མིན་ལ་རག་ལས་པ་ལས། ངེས་པར་དུ་ཁྲིམས་ལུགས་དྲིལ་སྒྲོག་བྱེད་དགོས་དོན་མེད། ཡིན་ན་ཡང་། ཁྲིམས་ལུགས་དྲིལ་སྒྲོག་བྱེད་པ་དེས་ནུས་པ་གང་ཡང་མི་འཐོན་པ་ནི་གཏན་ནས་མིན།

  5. དྭངས་བླངས་པ says:
    2012-07-18 at 2:37 pm

    ང་ཚོའི་ཁྲིམས་ལུགས་ནུས་མེད་དུ་འགྲོ་བའི་རྒྱུ་མཚན་ནི། དང་པོ། མི་འབོར་ཉུང་བ་དང། གཉིས་པ། རང་ས་རང་ཡུལ་མིན་པ་དང། གསུམ་པ། རྡོག་རྩ་གཅིག་ཏུ་མེད་པའི་དབང་གིས་ཡིན་པར་འདོད།

  6. ཨ་རུ་ར། says:
    2012-07-18 at 4:50 pm

    མ་ཧ་མ་གན་དྷེས། ཁྲིམས་དཔོན་དང་ཁྲིམས་རྩོད་པ་ལག་འབྲེལ་རེད། དངུལ་སུ་ལ་མང་ན་རྒྱལ་ཁ་དེ་ལ་ཐོབ།

  7. ཅོག་མྱི says:
    2012-07-20 at 12:38 am

    བོད་ནང་ནས་གྲོང་བརྡལ་རིམ་པའི་ཁྲིམས་ཁང་གིས་བདུན་རེར་གྱོད་དོན་མ་མཐའ་བདུན་བརྒྱད་ཙམ་ཐག་གཅོད་ཀྱིན་ཡོད་པ་དང་།་་རྫོང་རིམ་པའི་ཁྲིམས་ཁང་གིས་མ་ཐའ་ཟླ་རེར་གྱོད་དོན་བརྒྱ་ལྷག་རེ་གཅོད་ཀྱིན་ཡོད།་་དེ་ཕྱིར་བཙན་བྱོལ་དང་བསྡུར་ན་ཁྱད་པར་ཧ་ཅིང་ཆེ།་་ཁྲིམས་ཀྱི་གཞུང་ལུགས་ལྟར་ན་བཙན་བྱོལ་ནས་བཅས་པའི་ཁྲིམས་ཐམས་ཅད་ཀྱི་རང་བཞིན་ནི་མ་འོངས་བར་བོད་རང་དབང་ཐོབ་པའི་རྗེས་སུ་ལག་བསྟར་བྱེད་རྒྱུ་ཡིན་པའི་ཁྲིམས་སྟ་གོན་ནམ་ཁྲིམས་ཚོད་ལྟ་ཞེས་པ་དེ་ཡིན།་་དེ་ཐམས་ཅད་ནི་ཁྲིམས་ལྟར་སྣང་ཡིན་པས་ཕན་འབྲས་ཆེར་འབྱུང་མི་སྲིད།་་དེ་ལྟ་ན་་ཉེས་དོན་གྱི་གྱོད་དང་དམངས་དོན་གྱི་གྱོད་རྒན་དག་རྒྱ་གར་ས་གནས་ཁྲིམས་ཁང་ལ་བསྐྱེལ་དགོས་པ་ལས་བཙན་བྱོལ་ཁྲིམས་ཁང་ལ་སྐྱེལ་སྲོལ་མེད།་་ཡིན་ནའང་བཙན་བྱོལ་སྒྲིག་འཛུགས་ནས་རྡ་རམ་ས་ལའི་ས་ལག་མཐིལ་ཙམ་པོ་དེ་རྒྱ་གར་གཞུང་ནས་བླུས་ནས་ས་གནས་སྲིད་གཞུང་ཞིག་བཙུག་པའི་རྗེས་སུ་བཙན་བྱོལ་གྱི་བཅས་ཁྲིམས་ཚང་མ་ད་གདོད་ལག་བསྟར་བྱེད་ཐུབ།་་སྒྲོལ་མ་སྐྱབས་ཞེས་མིང་འཛིན་པ་ནས།

  8. ཚངས་པ། says:
    2012-07-20 at 1:25 am

    མཆན་བུ་གཉིས་པ་དེ་ཤིན་ཏུ་བདེན་པར་མཐོང་།

  9. ལྡོང་ཚ། says:
    2012-07-20 at 9:50 pm

    དྲ་གྲོགས་ཚོས་མཁྱེན་གྱི་ཡོད་ཤག ང་ཚོའི་ཁྲིམས་ཁང་ཁག་ལ་མང་ཚོགས་ནང་བརྩི་མཐོང་དེ་ཙམ་མེད། དེ་རྐྱེན་རྩ་ནི་ཁྲིམས་དཔོན་ཟུར་པ་བྱ་དུར་བཟང་པོས་མ་དྲངས་པའི་འགལ་འཛོལ་ནོར་འཁྲུལ་ཚབས་ཆེན་མང་པོ་བྱས་པར་བརྟེན་ནས་བྱུང་བ་རེད། དེ་ཁྱེད་ཚོས་མཁྱེན་དགོས།

  10. ལྟ་རྟ་དཀར་པོ། says:
    2012-07-21 at 6:27 am

    “ལོ་ངོ་ཉི་ཤུའི་ནང་ཞུ་གཏུག་ཁ་མཆུ་ཉི་ཤུ་རྩ་གྲངས་ལས་བྱུང་མེད་པའི་སྒྲིག་འཛུགས་ཤིག་གི་ཁྲིམས་ཁང་ནི་འཛམ་གླིང་ཡུལ་གྲུ་གཞན་ལ་ཉིན་མོའི་སྐར་མ་ལྟར་མཐོང་རྒྱུ་དཀོན་ལ། དེ་ནི་སྒྲིག་འཛུགས་མ་ལག་དེའི་རྗེས་ལུས་ཀྱི་རང་བཞིན་མཚོན་”ཞེས་གསུང་འདུག་པས། དེས་ན་སྤྱི་ཚོགས་ནང་ཁ་མཆུ་མང་ན་ཡག་གིན་རེད་དམ་ཉུང་ན་ཡག་གིན་རེད། ཁོས་བཤད་སྟངས་ལ་བལྟས་ན་ཁྲིམས་ཁང་ན་རྫོགས་རྒྱུ་མེད་པའི་ཁ་མཚུ་དགོས་པའི་བཟོ་འདྲ་བཤད་འདུག། རྒྱ་བལ་འབྲུག་གསུམ་གཙོས་བཙན་བྱོལ་སྤྱི་ཚོགས་ནང་བོད་མི་འབུམ་གཅིག་དང་ཁྲི་འགའ་ལས་མེད་ཟེར་གྱི་ཡོད་པས། མི་འབོར་ལ་པག་པས་དེ་ཡང་ཁ་མཆུ་མང་པོ་རེད། གནས་ཚུལ་ཆུང་ཁག་རིགས་བྱུང་སྐབས་ནང་ཕན་ཚུན་འགྲོག་འཇག་གཏང་པ་ལས་ངེས་པ་དུ་ཁྲིམས་ཁང་ནང་འགྲོ་རྒྱུ་གལ་ཆེ་མ་རེད། ད་དུང་། བཙན་བྱོལ་བོད་པའི་སྒྲིག་འཛུགས་འདིས་རྒྱ་གར་གྱི་ཁྲིམས་ལ་བརྩིས་དགོས་སྟབས། རྒྱ་གར་ཁྲིམས་ཀྱི་ནང་ནས་civil case མ་གཏོགས་criminal case དང་འབྲེལ་པའི་གྱོད་དོན་ཐོག་བོད་ཀྱི་ཁྲིམས་ཁང་ནས་ལག་པ་འཆང་མི་ཆོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme