Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་བ་གཅིག་པུར་སྐྱིད་སྡུག་གི་སྒྲིག་འཛུཊ་དགོས་དོན་མེད།

Posted on 2011-05-232011-05-23 By ཁ་བརྡ་ 16 Comments on བཙན་བྱོལ་བ་གཅིག་པུར་སྐྱིད་སྡུག་གི་སྒྲིག་འཛུཊ་དགོས་དོན་མེད།

dsc_0005-1
གསར་འགོད་པ། བནྡེ་སྐྱབས།

“གཞུང་འདི་བཙན་བྱོལ་དུ་ཡོད་པའི་བོད་མི་ཙམ་གྱི་གཞུང་རེད་དམ། ཡང་ན། ཆབ་སྲིད་ཀྱི་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་བཙུགས་པའི་བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་པའི་གཞུང་རེད། གལ་སྲིད་བཙན་བྱོལ་བོད་མི་གཅིག་པུའི་གཞུང་ཡིན་ཚེ། ཉིན་དེ་ནས་བཟུང་ངས་དཔྱ་ཁྲལ་འབུལ་རྒྱུ་མིན། ང་ཚོ་བཙན་བྱོལ་བ་གཅིག་པུར་སྐྱིད་སྡུག་གི་སྒྲིག་འཛུགས་ཤིག་དགོས་དོན་མེད” ཟེར།
གཟའ་པ་སངས་ཉིན་ངྷ་ས་ཉིན་སློབ་རྒྱལ་ཡུལ་ཆེན་མོའི་ཚོགས་ཁང་དུ་བསང་ཆུའི་འབྲུག་བྷེ་ལགས་ཀྱི་གཙོ་སྒྲུབ་འོག བོད་གཞུང་དགའ་ལྡན་ཕོ་བྲང་མཇུག་སྒྲིལ་བ་དང་འབྲེལ་ཏེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་སྐོར་ལ་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཡོད་ཅིང་། བགྲོ་གླེང་དེར་བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་བསྟན་རྡོར་ལགས། བོད་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་ལགས། དགུ་བཅུ་གསུམ་གྱི་ཚོགས་གཚོན་ཀླུ་མཁར་བྱམས་ལགས། རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས་བཅས་ཀྱིས་གཏམ་བཤད་གནང་སོང་།
བགྲོ་གླེང་གི་ཐོག་མར་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ ༼ དགའ་ལྡན་ཕོ་བྲང་གི་མིང་གནས་དང་བཅའ་ཁྲིམས། ༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། ཐོག་མར་དགའ་ལྡན་ཕོ་བྲང་གི་མིང་གནས་འདི་ཕག་གྲུའི་སྐབས་སུ་འབྲས་སྤོངས་དགོན་པ་རུ་རྡོ་ཁང་སྔོན་པོ་ཞེས་པའི་ཁང་ཆུང་ཞིག་ཡོད། སྐབས་དེར་ཕག་གྲུའི་རྒྱལ་ས་ལྷོ་ཁའི་སྣེ་སྡོང་ཕྱོགས་སུ་ཡོད་སྟབས། ཕག་གྲུའི་སྲིད་སྐྱོང་པ་ཚོ་ལྷ་སར་ཕེབས་སྐབས་རྡོ་ཁང་སྔོན་པོ་དེར་བཞུགས་གནས་བྱེད་ཀྱི་ཡོད་ཅིང་། རྗེས་སུ་ཕག་གྲུའི་རྒྱལ་རབས་བཅུ་གཅིག་པ་དབང་གྲགས་པ་བཀྲ་ཤིས་རྒྱལ་མཚན་གྱིས་༧རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་ལེགས་རྒྱ་མཚོར་ཕུལ་པ་ནས་༧རྒྱལ་དབང་རིམ་བྱོན་གྱི་བླ་བྲང་ཆགས་པ་དང་། ༧རྒྱལ་དབང་སྐུ་ཕྲེང་གསུམ་པའི་སྐབས་སུ་ཁོང་གི་ཕྱག་མཛོད་ཕུན་ཚོགས་རྣམ་རྒྱལ་གྱིས་རྡོ་ཁང་སྔོན་པོ་རྒྱ་བསྐྱེད་བཏང་སྟེ། དགའ་ལྡན་ཕོ་བྲང་ཞེས་བཏགས་ཤིང་། རྗེས་སུ་༧རྒྱལ་དབང་ལྔ་བ་ཆེན་མོས་བོད་ཀྱི་སྲིད་དབང་བཟུང་སྐབས་ཁོང་གི་བླ་བྲང་གི་མིང་དེ་གཞུང་ལ་སྦྱར་ཏེ། བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་མིང་འདི་བྱུང་པ་ཞིག་རེད། ཅེས་དང་།
བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཐད་ལ། ད་ལྟའི་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་པའི་བགྲོ་གླེང་དེ་ག་རེ་ཆགས་ཡོད་རེད་ཟེར་ན། དགའ་ལྡན་ཕོ་བྲང་གཞུང་འདི་གནས་མིན་དང་། མ་འོངས་བོད་ཀྱི་འཐབ་རྩོད་ཀྱི་ངོ་བོ་གང་འདྲ་ཆགས་དགོས་པ། བཅའ་ཁྲིམས་བསྐྱར་བཅོས་ནང་འགྱུར་བ་གང་འདྲ་གཏོང་དགོས་མིན་སོགས་ལ་བརྟེན་ཐེངས་འདིའི་བོད་རྒྱལ་ཡོངས་ཚོགས་ཆེན་འཚོགས་དགོས་པ་དང་། ང་ཚོའི་སྤྱི་ཚོགས་ནང་དོ་སྣང་ཆེན་པོ་ཞིག་ཆགས་ཡོད། ང་ཚོའི་བཅའ་ཁྲིམས་བསྐྱར་བཅོས་ནང་སྔོན་གླེང་དང་དོན་ཚན་དང་པོ་ཞེས་པ་ཞིག་གསར་དུ་བསྣན་ཡོད། སྔོན་གླེང་ནང་གཙོ་བོ་བཙན་བྱོལ་དུ་ཆགས་པའི་གཞུང་འདི་ང་ཚོའི་ཁྲིམས་མཐུན་གྱི་གཞུང་ཞིག་ཡིན་པ་གསལ་བོ་འཁོད་ཡོད་པ་དང་། དོན་ཚན་དང་པོའི་ནང་༧གོང་ས་མཆོག་བོད་རྒྱལ་ཁབ་དང་མི་རིགས་གྱི་དབུ་ཁྲིད་དང་མཚོན་རྟགས་ཡིན་དགོས་པ་བཅས་གསལ་ཡོད་པ་དེ་བོད་རྒྱལ་ཡོངས་ཚོགས་ཆེན་བརྒྱུད་༧གོང་ས་མཆོག་ལ་ཞལ་བཞེད་ཡོང་པའི་སྙན་གསན་ཞུ་རྒྱུ་བཅས་རེད། ཅེས་བརྗོད་སོང་།

བསྟན་རྡོར་ལགས་ཀྱིས་ ༼ རྒྱལ་སྤྱིའི་འབྲེལ་ལམ་དང་བཅའ་ཁྲིམས ༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། ང་ཚོའི་བཙན་བྱོལ་གྱི་མི་ལོ་ལྔ་བཅུའི་གྲུབ་འབྲས་ཕྱོགས་བསྡོམས་བརྒྱབ་ན། བཙན་བྱོལ་གཞུང་འདི་རེད། འདི་བོད་གཞིེས་བྱེས་གཉིས་ཀྱི་ངོ་ཚབ་མཚོན་པའི་གཞུང་ཞིག་ཡིན་སྟབས། ཐེངས་འདིའི་བཅས་ཁྲིམས་བསྐྱར་བཅོས་ཟིན་བྲིས་ནང་། བཙན་བྱོལ་བོད་གཞུང་གི་མིང་དེ་སྒྲིག་འཛུགས་ཤིག་གི་ཐ་སྙད་ལ་འགྱུར་བ་བཏང་འདུག འདི་ནི་ནམ་ཡང་ང་ཚོས་ཁས་ལེན་ཐབས་མེད་པ་ཞིག་རེད།
ཟིན་བྲིས་ཚོགས་ཆུང་གིས་འགྲེལ་བཤད་ནང་བསྟས་ན། རྒྱུ་མཚན་གསུམ་གྱི་ཐོག་ནས་བཙན་བྱོལ་བོད་གཞུང་གི་མིང་ལ་འགྱུར་བ་བཏང་འདུག དང་པོ། མིང་ལ་འགྱུར་བ་བཏང་པ་ཙམ་ལས་དོན་ལ་འགྱུར་པ་མེད་ཅེས་དང་། གཉིས་པ། རྒྱ་གར་གཞུང་གིས་བསམ་ཚུལ་ཡོང་གི་འདུག་ཟེར་བ། གསུམ་པ། རྒྱ་ནག་གཞུང་གིས་ཁྱེད་ཚོའི་བཅའ་ཁྲིམས་ལ་བལྟས་ཡོང་དུས་རང་བཙན་རྩོད་ཀྱི་འདུག ཁ་བྲལ་རིང་ལུགས་རེད་འདུག ཁ་བྲལ་རིང་ལུགས་པ་དང་མཉམ་དུ་སྐད་ཆ་བཤད་འདོད་མེད་ཟེར་བ་འདི་གསུམ་རེད།
ཚིག་དང་ཐ་སྙད་ཟེར་པ་འདི་ཆབ་སྲིད་དང་ཁྲིམས་ལུགས་གང་གི་ཆ་ནས་ཀྱང་ཧ་ཅང་གནད་འགག་ཅིག་ཆགས་ཡོད་སྟབས། ཐ་སྙད་ལ་འགྱུར་པ་ཐེབས་པ་ལས་དོན་ལ་སྔར་བཞིན་གོ་བ་ལེན་དགོས་ཞེས་པ་འདི་དངོས་ཡོད་དང་མི་མཐུན། གཉིས་པ་དེར་རྒྱ་གར་གཞུང་གིས་བསམ་ཚུལ་བཏོན་པ་ཞིག་ལ་ཁག་འཇོག་གི་འདུག སྤྱིར་བསམ་ཚུལ་བཏོན་ཚད་ལ་འགྱུར་པ་གཏོང་དགོས་དོན་མེད་ལ། ལྷག་པར་དུ་གོམ་པ་གཅིག་ཕྱི་ནུར་བྱ་དགོས་ཟེར་ན། དང་བླང་ཐོག་གོམ་པ་གསུམ་བཞི་ཕྱི་ནུར་བྱ་དགོས་དོན་མེད། གཞན་རྒྱ་ནག་གི་བཤད་པར་ཉན་བསྡད་ན། མི་ཞིག་ལ་མཚོན་ན་ང་ཚོའི་མིག་བཏོན། ཁ་རྣ་བཅད། རྐང་ལག་གཏུབ་རྒྱུ་དེ་རེད། དེ་ལས་ང་ཚོའི་ཕྱོགས་ནས་རྒྱ་ནག་ལ་ཕར་གནོད་ཤུགས་སྤྲོད་ཐབས་བྱས་ཏེ། ཁོང་ཚོས་བསམ་བློ་མི་གཏོང་རང་གཏོང་ཆགས་པ་ཞིག་བཟོ་དགོས་པ་རེད། ཅེས་བརྗོད་བྱུང་།

དེའི་རྗེས་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་ ༼ བཅའ་ཁྲིམས་བསྐྱར་བཅོས་དང་ཚིག་སྦྱོར ༽ཐད་གསུངས་དོན། སྤྱིར་ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ནང་སྟོང་ཆ་དང་ཐལ་ཆེ་བའི་འབྲི་དོན། གོ་བརྡ་མ་འཕྲོད་པ་དང་ཚིག་སྦྱོར་མི་བདེ་བ་སོགས་མང་པོ་ཞིག་འདུག དང་པོ་ཐལ་ཆེ་པ་གཅིག་སྔོན་གླེང་ནང་གྲོས་མཐུན་དོན་ཚན་ ༡༧ ལུང་འདྲེན་བྱས་འདུག ༧གོང་ས་མཆོག་གིས་དོན་ཚན་ ༡༧ ཐེངས་མང་པོར་རྩིས་མེད་བཏང་པའི་ཁྱབ་བསྒྲགས་བྱས་ཡོད་བཞིན་དུ་རྩ་འཛིན་རང་བཞིན་གྱི་བཅའ་ཁྲིམས་སུ་བཀོད་པ་འདི་ཧ་ཅང་ཐལ་ཆེ་བ་རེད། གོ་བརྡ་མ་འཕྲོད་པ་ནི་དོན་ཚན་དང་པོའི་ནང་དུ། “༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་བ་མཆོག་ནི། འཕགས་པ་སྤྱན་རིས་གཟིགས་དབང་མི་ཡི་གཟུགས་སུ་བྱོན་པ།” ཞེས་བཀོད་པ་དེ་༧གོང་ས་མཆོག་ནི་སྤྱན་རིས་གཟིགས་ཀྱི་སྤྲུལ་པ་ཡིན། ཞེས་བཤད་ཀྱི་ཡོད་པ་རེད། འོན་ཀྱང་། ཚིག་དོན་དུ་དེ་ལྟར་གོ་བ་ཆགས་མེད། ཅེས་དང་།
སྟོང་ཆ་ཤོར་པའི་དཔེ་མཚོན་ཞིག་ནི། སྤྱི་བཏང་སྔོན་གླེང་དེའི་ནང་དུ་བཙན་བྱོལ་གཞུང་འདི་ཁྲིམས་མཐུན་གྱི་གཞུང་ཞིག་ཡིན་པར་བཤད་ཀྱི་ཡོད་ཀྱང་། “ ཕྱི་ལོ་ ༡༦༤༢ ནས་བཟུང་༧རྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་བོད་ཀྱི་སྲིད་དབང་བཟུང་པ་ཡིན། ༡༩༥༠ ལོར་༧གོང་ས་མཆོག་གིས་བོད་ཀྱི་མངའ་དབང་བཞེས་པ་ཡིན།” ཞེས་དང་། “༡༩༥༡ ལོར་གྲོས་མཐུན་དོན་ཚན་ ༡༧ བཞག་པ་ཡིན།” སོགས་བཀོད་ཡོད་པ་རེད། ཚིག་དོན་འདི་དག་ལ་ཐད་ཀར་བལྟས་ཡོང་སྐབས་༧གོང་ས་མཆོག་གིས་མི་མཇོན་ནའང་བོད་ཀྱི་སྲིད་དབང་བཞེས་པ་དང་། སྲིད་དབང་བཞེས་པའི་སྐབས་སུ་སྲིད་དབང་ཤོར་བཅུག་པ་རེད། ཅེས་པ་ལྟ་བུ་ཞིག་མངོན་ཡོད། སྟོང་ཆ་ཆགས་སྟངས་ནི། གནས་སྟངས་གང་འདྲ་ཞིག་གི་འོག་བཙན་གྱིས་༧གོང་ས་མཆོག་ལ་སྲིད་དབང་བཞེས་བཅུག་པ་དང་། དེ་བཞིན་༧གོང་ས་མཆོག་གིས་སྒྱུར་བཅོས་ལེགས་བཅོས་གང་འདྲ་གནང་ཡོད་པ་དེ་དག་བོད་སྤྱི་ཚོགས་ཀྱི་དམངས་གཙོའི་དབུ་ཁྱིད་ཅིག་ཆགས་ཡོད་པ་དེ་དག་མེད་པའི་སྟོང་ཆ་ལྷག་ཡོད། ཅེས་བརྗོད་སོང་།

ཀླུ་མཁར་བྱམས་ལགས་ཀྱིས་༼ བོད་ཀྱི་ཁྲིམས་སྲོལ་དང་བཅའ་ཁྲིམས ༽ སྐོར་ནས་གསུངས་རྒྱུར། ལོ་རྒྱུས་ཀྱི་ཐོག་ནས་བོད་མི་རིགས་འདི་ཁྲིམས་ལ་ཧ་ཅང་བརྩི་བཀུར་དང་མཐོང་ཆེན་བྱེད་མཁན་ཞིག་ཆགས་ཡོད། བོད་རྒྱལ་ཁབ་བཙུགས་པ་ནས་བཟུང་རྒྱལ་ཐོག་མང་པོར་ཁྲིམས་བཟོ་པའི་དུས་སྐབས་མང་པོ་བྱུང་ཡོད་པ་རེད། ལྷག་པར་དུ་སྲོང་བཙན་སྒམ་པའི་སྐབས་སུ་ཉིན་གཅིག་དུས་གཅིག་ལ་ཁྲིམས་བཟོ་ལག་བསྟར་བྱས་སྐབས། མངའ་ཁུལ་སོ་སོར་ཁྲིམས་བཟོ་ལྷན་ཚོགས་དང་ཁྲིམས་དཔོན་ཆེད་འཛུགས་ཐོག ཐ་ན་བྱིས་པ་ལོ་བརྒྱད་དང་རྫི་བོ་ཡན་ཚུད་པའི་གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་ཏེ་ཀུན་ལ་ཁྱབ་པའི་རྩ་ཁྲིམས་བཟོས་པའི་སྲོལ་བཟང་བྱུང་ཡོད། དེས་ག་རེ་མཚོན་གྱི་ཡོད་པ་རེད་ཟེར་ན། དེ་རིང་ནང་བཞིན་མགོ་ནས་སྡོད་མཁན་རེ་ཟུང་ཞིག་གིས་ཁང་ཆུང་སྒོ་དམ་པོར་བརྒྱབ་སྟེ། ཁྲིམས་བཟོས་པ་ལྟ་བུ་ཞིག་མ་རེད། ཐེངས་འདིར་༧གོང་ས་མཆོག་གི་མཚན་ཐོག་ནས་ཆེད་མཁས་མི་སྣ་ཚུད་པའི་ཁྲིམས་བཟོ་ལྷན་ཚོགས་ཤིག་ཆེད་འཛུགས་བྱས་ཏེ། སྔོན་མ་ནས་ཡོད་པའི་ཁྲིམས་ཀྱི་རྒྱུན་ཆད་མ་བཅུག་པའི་སྟེང་། བོད་ཕྱི་ནང་གཉིས་ཀྱི་མི་མང་གི་བསམ་ཚུལ་འདུས་པའི་བཅའ་ཁྲིམས་ཟིན་བྲིས་འདེབས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཅེས་དང་།
ཡང་ཁོང་གིས། བོད་གཞུང་གི་མིང་སྒྲིག་འཛུགས་ཀྱི་མིང་ལ་བསྒྱུར་རྒྱུ་དེ་ཕར་གཞོག བཙན་བྱོལ་བོད་མིའི་གཞུང་ལ་བསྒྱུར་ན་འགྲིག་གི་མ་རེད། བོད་གཞུང་དགའ་ལྡན་ཕོ་བྲང་འདི་དགེ་ལུགས་གཅིག་པུ་དང་དབུས་གཙང་ཙམ་གྱི་གཞུང་མིན་ཁར། འདི་ནི་མི་རིགས་མང་པོ་ཞིག་གི་གཞུང་ཡིན་པ་དང་། དགའ་ལྡན་ཕོ་བྲང་འཛུགས་མཁན་ཡང་དགེ་ལུགས་པ་དང་སོག་པའི་རྒྱལ་དཔུང་འོག་བཙུགས་པ་ཞིག་རེད། སོག་རྒྱལ་ཀུར་ཤཱི་བསྟན་འཛིན་ཆོས་རྒྱལ་གྱི་དམག་རོགས་འོག་དགེ་ལུགས་པའི་གཞུང་ས་དགའ་ལྡན་ཕོ་བྲང་བཙུགས་རྗེས་ཁོང་དང་ཁོང་གི་མི་སྡེ་ཚང་མ་༧གོང་ས་ལྔ་བ་ཆེན་པོའི་ཆབས་འབངས་སུ་ཕུལ་བར་བརྟེན། དེང་སྐབས་མཚོ་སྔོན་པའི་འགྲམ་དང་། འདམ་གཞུང་རྒྱུད་དུ་ཡོད་པའི་སོག་སྡེ་རྣམས་བོད་མིན་མོད། བོད་རྒྱལ་ཁབ་ཀྱི་ཆབས་འབངས་རྣལ་མ་རེད། དཔེ་དེ་བཞིན་ ༡༩༥༩ ལོར་༧གོང་ས་མཆོག་དབུས་བོད་མི་འབུམ་གཅིག་ལྷག་སྐྱབས་བཅོལ་དུ་ཡོང་སྐབས། བོད་ཀྱི་ཆབས་འབངས་བོད་རིགས་ཁ་ཆེ་པའང་མང་པོ་ཡོད། དེར་བརྟེན། བོད་དང་བོད་གཞུང་སྐོར་བཤད་ཡོང་དུས་མི་རིགས་བོད་རིགས་རྐང་པ་དང་། ཆོས་ལུགས་ནང་པ་རྐྱང་པ་ཙམ་ལས་བསམ་བློར་མ་འཁོར་ན་ཐབས་སྐྱོ་བོ་རེད། དེ་བས་བཙན་བྱོལ་བོད་མིའི་གཞུང་ཟེར་བ་འདི་འགྲིག་གི་མ་རེད། ཅེས་གཏམ་བཤད་གནང་སོང་།

མཐར་བགྲོ་གླེང་གནང་མཁན་ལྷ་བཟང་ཚེ་རིང་ལགས་ཀྱིས་༼ བོད་ཀྱི་འཐབ་རྩོད་དང་བཅའ་ཁྲིམས ༽ཞེས་པའི་སྟེང་བརྗོད་དོན། བོད་ཀྱི་འཐབ་རྩོད་ཟེར་དུས། བོད་ནི་སྔོན་མ་རྒྱལ་ཁབ་ཅིག་གི་མིང་རེད། ད་ལྟ་ས་ཁུལ་ཞིག་ཆགས་ཡོད་པ་རེད། རྒྱལ་ཁབ་དང་མི་རིགས་ལ་གཞུང་ཡོད་པ་ལས་ཁ་འཐོར་གྱི་མི་རིགས་ཤིག་ལ་གཞུང་ཞིག་གང་ན་ཡོད། འཐབ་རྩོད་ཟེར་དུས་དེ་ལ་ངེས་པར་དུ་དམིགས་ཡུལ་ཞིག་དགོས་པ་རེད། དེ་མེད་པར། དཔེར་ན་འཛམ་གླིང་ནང་གི་འགྲིམ་འགྲུལ་ལས་ཁུངས་ཡག་ཤོས་ཤིག་ལ་ཕྱིན་ཏེ། ང་ལ་གནམ་གྲུར་བསྐྱོད་པའི་ལག་འཁྱེར་ཡག་ཤོས་དེ་བཙོང་རོགས་ཞེས་བཤད་སྐབས། ག་པར་འགྲོ་རྒྱུ་ཡིན་ཞེ་དྲིས་ན། དེ་ཤེས་ཀྱི་མེད། ང་ལ་ལག་འཁྱེར་ཡག་ཤོས་དེ་བཙོང་རོགས་ཟེར་པ་དང་གཅིག་པ་རེད། སྔོན་ཡིན་ན་དམིགས་ཡུལ་རང་བཙན་གཅིག་ཡོད་པ་རེད། ད་ལྟའི་གཉིས་ཕན་དབུ་མའི་ལམ་ཟེར་པ་དེར་གཅིག་ནས་དམིགས་ཡུལ་ངེས་ཅན་མི་འདུག ཅེས་དང་།
ཡང་ཁོང་གིས་མུ་མཐུད། སྔོན་མ་ཡིན་ན་ང་ཚོར་མ་འོངས་བོད་ཀྱི་རྩ་ཁྲིམས་ཟེར་པ་ཞིག་ཡོད། ད་ལྟ་ངས་ཡིག་ཆ་འདིར་བལྟས་ཡོང་དུས་བཙན་བྱོལ་བོད་གཞུང་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཞེས་འཁོད་འདུག གཞུང་འདི་བཙན་བྱོལ་དུ་ཡོད་པའི་བོད་མི་ཙམ་གྱི་གཞུང་རེད་དམ། ཡང་ན་ཆབ་སྲིད་ཀྱི་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་བཙུགས་པའི་བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་པའི་གཞུང་རེད་དམ། དབྱིན་སྐད་དུ་ ( Is this a government in Exile or Is this a government of Tibetans in Exile? ) གལ་སྲིད་བཙན་བྱོལ་བོད་མི་གཅིག་པུའི་གཞུང་ཡིན་ཚེ། ཉིན་དེ་ནས་ངས་དཔྱ་ཁྲལ་འབུལ་རྒྱུ་མིན། ང་ཚོ་བཙན་བྱོལ་བ་གཅིག་པོར་སྐྱིད་སྡུག་གི་སྒྲིག་འཛུགས་ཤིག་དགོས་དོན་མེད། ཅེས་བརྗོད་སོང་།

གསར་འགྱུར།

Post navigation

Previous Post: ངས་དོ་དགོང་ཅི་ཡང་མི་འདོད།
Next Post: ང་ཤི་རྗེས་སུ་མིག་ཆུ་འཕུད་སྲིད་མཁན་དག་ལ་ཕུལ་བ།

Comments (16) on “བཙན་བྱོལ་བ་གཅིག་པུར་སྐྱིད་སྡུག་གི་སྒྲིག་འཛུཊ་དགོས་དོན་མེད།”

  1. འདོད་ལྷ་ཁམས་པ། says:
    2011-05-23 at 1:07 pm

    ངས་གོང་གི་སྐད་ཆ་འདི་ཚོ་གོ་ཡོང་དུས་ཁག་ཅིག་ནི་ཆུང་དུས་ཀྱི་མུན་ནག་གནའ་གཏམ་དང་སྤྲེའུའི་གཏམ་རྒྱུད་ཡིད་ལ་འཁོར་ཡོང་གིས། གང་ཡིན་ཟེར་ན། ང་ཚོར་བཙན་བྱོལ་བོད་མིའི་སྐྱིད་སྡུག་གི་སྒྲིག་འཛུགས་ཤིག་དགོས་དོན་མེད་ཟེར་བ་དང་། རང་བཙན་ལག་དེབ་ཐོག་དཔྱ་ཁྲལ་འབུལ་རྒྱུ་མིན་ཟེར་བ། དགའ་ལྡན་ཕོ་བྲང་གི་མངའ་དབང་ཁྱབ་ཁོང་དང་དགེ་མཚན་རླབས་ཆེན་སོགས་མི་གླེང་བར་རྡོ་ཁང་སྔོན་པོ་ཞིག་གི་མིང་རེད་ཟེར་བ་སོགས་ཀྱིས་རེད།
    མི་ཁག་ཅིག་གི་རང་གཤིས་ནི་ག་དུས་ཡིན་ནའང་མུན་ནག་ནང་གི་བྱིས་པའི་སྒྲུང་གཏམ་གི་རྗེས་སུ་འགྲོ་གི་འདུག རང་ཉིད་ཀྱིས་་བརླག་མི་འཁེལ་བའི་དོན་དག་ཤིག་ཤོད་ཚེ་ཧ་ལས་ཤིང་ཧོན་ཐོར་གི་རེད། རང་ཉིད་ལ་བདག་པའི་ལས་དོན་དེ་ཚོ་གཡས་གཡོན་ཟ་ཟུར་ནས་མཐོང་ཆུང་དང་འཐུས་ཤོར་ལ་གཏོང་གང་ཐུབ་བྱེད་གི་རེད།
    བོད་རྒྱལ་ཁབ་དང་བོད་གཞུང་སྨྲོས་ཅི་དགོས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་པ་འདི་ཙམ་ལ་ཡང་་དགེ་མཚན་རླབས་ཆེན་ལྡན་ཡོད། མ་འོངས་པར་མུ་མཐུད་སྒྲིག་འཛུགས་འདི་ཡར་རྒྱས་དར་སྤེལ་དང་རྒྱུན་སྐྱོང་སྲ་བརྟན་གཏོང་དགོས་གི་རེད། སྒྲིག་འཛུགས་འདི་གཞུང་གི་སྒྲིག་འཛུགས་ཡིན། གཞུང་མེད་ན་སྒྲིག་འཛུགས་ཤིག་མེད། མི་བཅུ་ལ་མི་བཅུའི་གཞུང་ཡོད། མི་བརྒྱ་ལ་མི་བརྒྱ་ཡི་གཞུང་ཡོད། དེས་མཚོན་གཞུང་དང་སྒྲིག་འཛུགས་ཞེས་པ་སྤྱི་མིང་ཞིག་ཡིན། མི་ཁག་ཅིག་གི་བློ་ངོར་འཇགས་མ་འཇགས་གི་ཁྱད་པར་ཙམ་རེད། སེམས་ཁྲལ་མ་བྱེད། ལོག་བལྟ་མ་གནང་། རྒྱང་ལ་ལྟོས། ལག་ཏུ་བློངས།

  2. མིག says:
    2011-05-23 at 4:08 pm

    ཐམས་ཅད་ལ་རྒྱུ་མཚན་འདུག་ལ་དམིགས་ཡུལ་ཡང་འདུག
    ལྷག་པར་བསྟན་རྡོ་ལགས་ཀྱི་གསུང་བཤད་དེ་ལ་རྒྱབ་སྐྱོར་ཡོད་ལ།
    ལྷ་བཟང་གི་དེ་ལའང་བདེན་པར་མང་། མ་ཚད་བོན་རྒྱ་བས་ཀྱང་ཕྱེད་བདེན་ཞིག་བཤད་འདུག
    ཀླུ་མཁར་བྱམས་ནི་ས་ཕུག་ཁ་བྱང་ལྟ་རང་རེད། ཅིག་བྱེད་ན་ཁོས་སྡུག་ངུ་བརྒྱབ་པ་ཡིན་རྒྱུ་རེད།
    ཉི་མ་ག་ཚོད་ཤར་ཡང་སྣང་དག་མི་འདུག
    ཨ་ལགས་འཇིགས་མེད་སོགས་ཀྱིས་མ་མཁྱེན་པ་ག་ལ་སྲིད།

  3. སློབ་དཔོན་ཀརྡོ་ says:
    2011-05-23 at 7:12 pm

    བོད་རྒྱ་གཉིས་སྨན་དབུ་མའི་སྲིད་འཇུས་ཀྱིས་དངོས་གནས་རྒྱ་བོད་ཞི་འགྲིགས་ཞི་འཇགས་ལ་འབད་བརྩོན་མྱུར་དུ་བྱ་འདོད་ཡོད་ན། རྒྱ་གཞུང་ལག་དམར་བདུག་རྩུབ་ཅན་ལ་དྭོགས་འགྲོགས་མེད་པ་གཅིག་དང་། ཝ་མོ་ལྟ་བུའི་རྒྱའི་ངན་གཡོའི་སྲིད་འཇུས་གྱི་ཁག་དཀྲིས་བྱ་ཡུལ་མེད་པ་གཅིག་དགོས་གནད་ཆེན་པོ་མཐོང་ལགས།
    དེ་མིན་རང་བཙན་ལམ་ལ་འགྲོ་འདོད་གྱིས་མང་མོས་བྱུང་བ་ཡིན་ན། དེ་དེའི་ཚེ་འགྲན་ཐུབ་པའི་ཆབ་སྲིད་མིང་དོན་མཚུངས་པའི་བཙན་བྱོལ་སྲིད་གཞུང་གི་མིང་དང་། རྒྱལ་དར་རྒྱལ་གླུ་དང་བཅས་གསར་བཟོ་བྱ་དགོས་ཀྱང་། དེ་ལ་འགོར་ཡུན་གང་ཡང་ཡོད་མ་རེད་སྙམ་ལགས། དགེའོ། །

  4. གཞོན་ནུ་ཟླ་མེད says:
    2011-05-24 at 12:41 am

    བཙན་བྱོལ་བོད་གཞུང་ཟེར་ན་མི་འགྲིག་དོན་ནི་གང་རེད་དྲིས་ན། མིང་དེས་རྒྱལ་ཁབ་ཞིག་གི་ངོ་བོ་སྟོན་གྱི་འདུག རྒྱལ་ཁབ་ཞིག་གི་ངོ་བོ་བསྟན་ན་གནས་ཡུལ་རྒྱ་གར་དང་། རྒྱ་ནག་གཞུང་གི་སྲིད་ཇུས་ལ་མི་འགྲིག་གི་ཟེར་བཞིན་པ་ཞིག་གོ་ཡོང་གི་འདུག དེ་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཅེས་འབོད་དགོས་ཟེར་བཞིན་ཡོད་ས་རེད། བསམ་འཆར་འགོད་མཁན་ཚོས་རྒྱལ་གླུའི་ཚིག་དང་རྒྱལ་དར་སོགས་ཀྱི་བརྗོད་བྱ་བརྗེས་བོ་རྒྱག་དགོས་པའི་བསམ་ཚུལ་འདོན་བཞིན་འདུག ངོ་ནས་ཡ་མཚན་རེད། མ་འོངས་བཅའ་ཁྲིམས་ནང་དུ་རྒྱལ་ཁབ་ཞིག་གི་ངོ་བོ་སྟོན་པའི་ཚིག་བྲིས་ཆོག་གི་མེད་པར་མ་ཟད། གཞུང་ཟེར་ནས་བྲིས་ན་འགྲིག་གི་མེད་པ་བཤད་བཞིན་པ་རེད། རྒྱལ་ཁབ་མཚོན་མི་ཆོག་ན་དེ་ནས་རྒྱལ་དར་དང་རྒྱལ་གླུ་ཟེར་བ་སོགས་ག་ལ་ཁས་ཆོག རྡ་ས་ན་ངོ་ནས་གསར་བརྗེ་པ་མང་པོ་འདུག ཚང་མ་གསར་བར་བརྗེས་པོ་རྒྱོབས། བོད་རྒྱལ་ཁབ་ཟེར་བའི་ཚིག་ཚང་མ་མེད་པར་བཟོས། རྒྱལ་གླུ་དང་རྒྱལ་དར་ཡོངས་སུ་རྫོགས་པ། གསར་བརྗེས་པའི་ནུས་པ་ནི་མགོ་སྟིང་བསློག་པར་ཤིན་ཏུ་འཇོན་པ་དེ་རེད། ཟ་གདོང་བླ་མ་འདི་ཧོན་ལོག་ཡོད་ས་རེད། གྲོས་ཚོགས་ནི་ལུག་འབའ་ལ་རྒྱུགས་པའི་ངང་ཚུལ་རེད། བོད་འབངས་ཡོངས་ཀྱིས་སུ་ལ་བློ་གཏད་བྱེད་དགོས་རེད།

  5. Ogyend says:
    2011-05-24 at 1:13 am

    ཨ་ཛི། ལྷ་བསམ་ཚེ་རིང་ཟེར་བ་མེ་དེ་དེ་འདྲ་བའི་བསམ་བློ་གུ་དོག་པོ་གང་ཡིན་ནམ། ཁོས་བོད་གཞུང་ལ་དཔྱ་ཁྲལ་ལོ་རེར་ག་ཚོད་ཅིག་འབུལ་གྱི་ཡོད་པ་ཡིན་ནམ། ཁོ་རང་ནི་ང་ལ་རྒྱུས་ཡོད་གང་མཚམས་ཤིག་ཡོད། རང་ཉིད་རྒྱ་གར་ནང་ཁང་པ་རྫིག་པོ་ཞིག་བརྒྱབས། ཕྲུག་གུ་རང་མགོ་ཐོན་ཚར་ཡོང་དུས་སྐད་ཆ་འདི་ཚོ་ཐོན་ཡོང་གི་ཡོད་རེད། དོན་ངོ་མ་བྱས་ན་བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་དེ་ཉིད་ཀྱིས་དོན་གང་སྟོན་ཐུབ་ཀྱི་འདུག དེ་གསལ་པོ་ཤེས་དགོས་ཀྱི་རེད། བཙན་བྱོལ་གཞུང་ཟེར་བ་ཞིག་ངོས་ལེན་བྱུང་བའི་ཉིན་མོ་ནས་གཞུང་དེ་རང་བཞིན་གྱི་རང་ཉིད་ཀྱི་རྒྱལ་ཁབ་ཏུ་གཞུང་འཛུགས་མ་ཐུབ་པར་རྒྱལ་ཁབ་གཞན་ཞིག་ཏུ་བཙུགས་དགོས་བྱུང་བ་དང། དེ་ལ་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་མཚོན་ཐུབ་ཀྱི་ཡོད། གནད་འགག་འདི་ལ་རྟེན་ནས་ད་ལྟ་བར་རྒྱལ་ཁབ་མང་པོ་ཞིག་གིས་བཙན་བྱོལ་གཞུང་ངོས་ལེན་མེད་པ་མ་ཟད་རྒྱ་ནག་གིས་ཀྱང་ངོས་ལེན་བྱ་འདོད་ཡོད་པའི་རྒྱལ་ཁབ་ལ་ངོ་རྒོལ་ཆེན་པོ་བྱེད་ཀྱི་ཡོད་པ་རེད། མི་ཚེ་གཅིག་སྲིད་དོན་ཐོག་བསྐྱལ་ནས་ད་ལྟའང་གནད་འགག་འདི་འདྲ་ཞིག་མ་ཤེས་ན་དངོས་གནས་བློ་ཕམ་ཆེན་པོ་རེད། ལྷ་བསམ་ཚེ་རིང་གིས་ད་ལྟ་བར་ཁ་བོར་ཙམ་མ་གཏོགས་བོད་དོན་ཐོག་ལས་འགུལ་གང་བཙམས་ཡོད། སྐབས་ཤིག་ལ་དུག་སྦྲང་གི་ལས་འགུལ་ལ་ཞུགས་དགོས་སྐོར་བཤད་པ་རེད། དེ་འབྲེལ་ཁྱེད་རང་གིས་ལས་འགུལ་དེ་འགོ་བརྩམ་ཡོད་དམ་ཞེས་དྲིས་སྐབས་ལན་གང་ཡང་མེད་པ་རེད། རང་གི་བུ་མོ་ལ་སློབ་དགེས་ཕྲན་བུ་ཉེས་ཆད་གཏོང་སྐབས་ཟས་བཅད་ངོ་རྒོལ་སྡོད་ཀྱི་ཡིན་ཟེར་མཁན་གྱི་མི་ཞིག་རེད། མི་འདི་ལ་བལྟ་དུས་དང་ཐུག་དུས་དངོས་གནས་བོད་མི་བསོད་ནམས་དམན་པ་རེད་འདུག་བསམ་པ་ཡོང་གི་འདུག ཕལ་ཆེར་ངས་སྐད་ཆ་འདི་ཟེར་བར་ཁོ་དང་འདྲ་བའི་མི་མང་པོ་ཞིག་གིས་ང་སྐྱོན་བརྗོད་བྱ་རྒྱུ་ཡིན་ཐག་ཆོད། དྲ་གྲོགས་ཚོ་ངའི་མཆན་འདིའི་རྗེས་ལ་གཟིགས་པ་གནང་རོགས་ཞུ། བཀྲ་ཤིས་བདེ་ལེགས།

  6. འདོད་ལྷ་ཁམས་པ། says:
    2011-05-24 at 2:44 am

    མང་པོ་ཅིག་གི་སེམས་ལ་བོད་གཞུང་ཟེར་བ་དང་བོད་རྒྱལ་ཁབ་ཟེར་བའི་མིང་དེ་མངོན་གསལ་མིག་གིས་མཐོང་ས་དང་རྣ་བས་ཐོས་ས་ན་མེད་ཚེ་གཏན་ཡལ་དུ་སོང་བ་ལྟ་བུའི་ཚོར་སྣང་མངོན་བཞིན་པ་དེ་བློ་རྒྱ་ཆུང་དྲག་པའི་རྟགས་སྟོན་གི་ཡོད་པ་རེད།
    བོད་མིའི་གནའ་དཔེར། ཁྱོད་ཀྱི་ཐུགས་ལ་ཡོད་ན།།སྤྱན་གྱིས་གཟིགས་ཕྱོགས་གནང་དང་།།མི་ཚོགས་མང་པོའི་དཀྱིལ་ལ།།ང་གཉིས་ཡིན་མདོག་མ་གནང་།།ཟེར་བ་བཞིན་རེད།
    དོན་ལ། བོད་དོན་སྙིང་ལ་ཡོད་ན།།རིག་གཞུང་དར་སྤེལ་གནང་དང་།།མི་རིགས་གཞན་གྱི་མདུན་ལ།།ཚིག་སྐམ་སྟོང་སྒྲ་མ་སྒྲོག། ཟེར་བ་དང་ཅིས་མི་མཚུངས།
    རང་དབང་གི་ཉི་མ་མ་ཤར་བར་དུ་ང་ཚོས་གང་གཟབ་གཟབ་ཀྱིས་ངང་སྒུག་བྱེད་དགོས་གི་རེད། རང་དབང་གི་ཉི་མ་ཤར་མཚམས་མིང་དང་ཐ་སྙད། རྒྱལ་དར་དང་རྒྱལ་གླུ་མགྱོགས་མྱུལ་ངང་གང་ཡག་ཡག་བཟོ་ཆོག་གི་རེད། སྐབས་དེར་སླེབས་དུས་བོད་གཞུང་གི་མཚན་ལ་རྫིགས་རིགས་རྫིགས་ཚད་བཏགས་ཆོག་གི་རེད། དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཅིག་ད་ཅང་ར་མ་རེད། ཐ་ན་ཁམས་གསུམ་དབང་བསྒྱུར་ཕྱོགས་ལས་རྣམ་རྒྱལ་འདོགས་འདོད་ཡོད་ནའང་བཏགས་ཆོག་གི་རེད། ཡིན་ན་ཡང་ད་ལྟ་མིང་དང་ཐ་སྙད་རྩོད་པའི་དུས་ཚོད་མ་རེད།

  7. གཅན་བཟོད་རྒྱམ། says:
    2011-05-24 at 4:22 am

    འདིར་སྐད་ཆ་བཤད་མཁན་ཚང་མས་ཁ་སྔོན་ཟམ་གདོང་རིན་པོ་ཆེ་ཡིས་རྒྱལ་ཡོངས་ཚོགས་ཆེན་དབུ་འཛུགས་སྐྱབས་ཀྱི་བཀའ་ཤག་གི་གསུང་བཤད་དེར་གསན་ཡོད་ས་མ་རེད། གསན་ཡོད་ན་གོ་ཡོད་ས་མ་རེད། གོ་ཡོད་ན་བརྗེད་སོང་བ་ཡིན་ས་རེད། དེར་གསན་མེད་མཁན་ཚོས་ནས་སོམས། རྒྱལ་ཁབ་དང་རྒྱལ་དར། རྒྱལ་གླུ་སོགས་ལའང་གསུང་བཤད་དེ་ལས་ལན་རང་ཤུགས་ཀྱིས་ཐེབས་འདུག གོང་ས་མཆོག་གི་དགོངས་གཞི་དང་བཙན་བྱོལ་བོད་གཞུང་གི་སྲིད་ཇུས་ཀྱང་དེར་གསལ་བོར་བཤད་འདུག་པས་ཅིས་ཀྱང་གསན་གཟིགས་གནོངས།

  8. ཕུར་པ་སྐྱབས། says:
    2011-05-24 at 6:07 am

    ལྷ་བཟང་ཚེ་རིང་གི་བྱེད་སྟངས་འདིས་སྔོན་ཆད་ཡིན་ན་མི་མང་པོ་ཞིག་ལ་རེ་བ་ཞིག་བསྐྲུན་ཡོད་མོད། ད་ནི་འཁྲབ་སྟོན་ལྟ་བུ་ཞིག་ལས་སྣང་བ་གཏོང་གྱི་མི་འདུག དེ་ཡང་ཁག་མེད། རང་བཙན་གྱི་ལས་འགུལ་མ་སྤེལ་བར་རང་བཙན་ཁང་གསར་བསྐྲུན་པ་རེད། ཡིད་སྐྱོ་བ་ཞིག་ལ་ཁོ་ཤེས་ཡོན་ཅན་དང་ལ་རྒྱ་ཅན་ཡིན་ཟེར་གྱིན་ཟེར་གྱིན། ལས་འགུལ་གྱི་འགོ་ཁྲིད་མ་ཐུབ་པར་གཞན་ཞིག་གིས་འགོ་འཁྲིད་པར་བསྒུག་ནས་ཡོད་ཟེར། ད་ཁོ་རྒས་ནས་ཨོམ་ཚོམ་ཀྱང་དཀར་པོར་གྱུར་འདུག སྒུག་སྒུག་ནས་ཤི་འགྲོ་རྒྱུ་ཡིན་པ་འདྲ། ལས་འགུལ་གྱི་སྣེ་འཁྲིད་མཁན་མང་པོ་བྱུང་སོང་ཡང་ཁོང་ནང་ལ་ཞུགས་པ་གཅིག་ཀྱང་མཐོང་མ་སོང་། ད་དུང་བོན་བརྒྱ་ཟེར་བ་འདི་ཡང་དེ་འདྲ་ཞིག་རེད། ཁ་ཕོ་སྒྲོག་པ་ལས་ལག་ཏུ་བླངས་བཞག་པ་གང་ཡང་མེད། མ་གཞི་འུ་ཚོའི་སྤྱི་ཚོགས་ནང་སྟོང་སྐད་སྒྲོགས་མཁན་ཚོའི་རླུང་རྟ་ལས་དར་བ་མེད།

  9. སློབ་དཔོན་ཀརྡོ་ says:
    2011-05-24 at 6:25 am

    ལུང་ཚན་སྐྱིད་སྡུག་དགོས་ན། བཙན་བྱོལ་སྐྱིད་སྡུག་དེ་བས་ཀྱང་མི་དགོས་སམ། དེང་སང་བོད་མིའི་ཆབ་སྲིད་པའི་ཁ་ནང་མ་ཎི་གྲངས་གྲངས་བྱ་ཡ་དེ་ནི། སྐྱིད་སྡུག་མཉམ་མྱོང་དེ་མ་ཡིན་ནམ། ཡ་རྒྱལ་མེད་ན་ཚོགས་པ་མི་འཇིག་གམ། ཕྱེད་ཀུ་རེ་ཡིནད་ཀྱང་། གོ་དོན་མེད་པ་མིན་ལགས། དགེའོ། །

  10. ༜࿋དབྱངས་བུ། says:
    2011-05-24 at 6:57 am

    གཅན་བཟོད་རྒྱམ་ལགས།
    གོང་གི་གཏམ་བཤད་དེ་རྒྱལ་ཡོངས་ཚོགས་ཆེན་མ་ཚོགས་སྔོན་ལ་གོ་སྒྲིག་ཞུས་པ་ཞིག་ཡིན་པས། ཟམ་གདོང་བླ་མའི་བཀའ་སློབ་ཐོས་མེད་པ་བདེན་པ་རེད། ཁྱེད་ཀྱིས་མཆན་བུ་མ་བྲིས་སྔོན་ལ་བསམ་བློ་གཏོང་དགོས་ལ། དེ་བས་ལྷ་རབ་བྱུང་ན་དཔྱད་ཞིབ་ནན་པོ་བྱེད་དགོས། མང་གཙོའི་སྤྷི་ཚོགས་ནང་ལ་སྨྲ་བརྗོད་ཀྱི་རང་དབང་ལྡན་ནའང་རང་གིས་བཤད་བརྗོད་སྤེལ་གསུམ་གང་བྱས་ལ་འགན་ལེན་ཐུབ་པ་དགོས།

  11. སྤོབས་པ་མཐའ་ཡས། says:
    2011-05-24 at 7:17 am

    གཞུང་ཟེར་བའི་ཚིག་འདིའི་རྒྱལ་ཁབ་ཀྱི་དོན་སྟོན་པ་དང་རང་བཙན་གྱི་དོན་སྟོན་པའི་ངེས་པ་གང་ཡང་མི་འདུག དབྱིན་སྐད་ཀྱི་governmentཞེས་པ་དང་དོ་མཉམ་ཞིག་མ་རེད། དཔེར་ན། དགོན་པ་གཞུང་ཟེར་སྲོལ་ཡོད་པ་རེད། གཞུང་ཟེར་བ་དང་སྒྲིག་འཛུགས་ཟེར་བ་གཉིས་པོ་བོད་སྐད་ཀྱི་གོ་དོན་གཅིག་མཚུངས་ཡིན་པ་འདྲ། ཁྱེད་ཚོ་ལ་གཞུང་ཟེར་བའི་མིང་ཚིག་ཡོད་ནས་ཁེ་བཟང་རག་ཡོང་རྒྱུ་དང་དེ་སྒྲིག་འཛུགས་ཟེར་བ་ཞིག་ལ་བསྒྱུར་ན་གྱོང་རག་འགྲོ་རྒྱུ་གང་ཡང་ཡོད་པ་མ་རེད། བཤད་རྒྱུ་གཞན་རེ་རག་གི་མི་འདུག་གམ།

  12. སྡ་སའི་མྱི། says:
    2011-05-24 at 8:42 am

    ཁ་ཉིན་༸གོང་ས་མཆོག་གིས་བོད་གཞུང་དགའ་ལྡན་ཕོ་བྲང་དེ་དགེ་ལུགས་པ་དང་། དབུས་གཙང་གི་གཞུང་ཞིག་རེད་ཟེར་ནས་གསུངས་འདུག་ལ། འདིར་ཀླུ་མཁར་གྱིས་དེ་མིན་རབས་བརྗོད་འདུག དོན་གྱིས་སུ་བདེན་པ་རེད།

  13. སློབ་དཔོན་ཀརྡོ་ says:
    2011-05-24 at 9:32 am

    ༸སྐུ་ཕྲེང་ལྔ་པ་ནས་དགེ་ལུགས་བླ་མ་རྐྱང་རྐྱང་ལ་སྐུ་དབང་ཕུལ་བ་དང་། དབུས་གཙང་ཁུལ་གཙོ་བོ་ལས་ཨ་མདོ་ལྟག་འཚེར་སོགས་ལ་༥༩སྡོན་ནས་རྒྱ་གཞུང་ལ་དཔྱ་ཁྲལ་སྤྲོད་དགོས་པ་སོསག་ལ་དགོངས་ནས་གསུངས་པ་མིན་ནམ། དཔྱད་པར་འཚལ།

  14. གཅན་བཟོད་རྒྱམ། says:
    2011-05-24 at 9:37 am

    ངའི་མཆན་བུའི་གོང་གི་མཆན་བུ་དེ་ཚོ་ཟླ་འདིའི་ཚེས་༢༣ དང་༢༤ ལ་བྲིས་པ་རྐྱང་རེད་འདུག དེར་གཟིགས་ནས་ང་ལན་འདེབས་གནང་ན་འགྲིག ངས་ནམམ་ཡང་འགན་མེད་པའི་སྐད་ཆ་དང་འགན་མ་འཁུར་བར་བྱ་བྲིན་ལྟ་བུའི་སྐད་ཆ་ནམ་ཡང་བཤད་མྱོང་མེད་ལགས། ཁྱོད་ཀྱིས་བཀའ་སློབ་ལ་གུས་བརྩི་ཡོད།
    ཟམ་གདོང་རིན་པོ་ཆེའི་གསུང་བཤད་དེར་དངོས་གནས་གསན་རིན་ཡོད་པ་ཞིག་འདུག་པས་ཚང་མས་གསན་གཟིགས་ནན་པོར་གནང་རོགས་ཞེས་སྦཀྱར་དུ་སྐུལ་ལོ།།

  15. འུར་ཁང་། says:
    2011-05-24 at 5:17 pm

    ཀླུ་འབྱམས་དང་ཨ་འཇིགས་ཀྱི་དམག་ཐག་ད་ལྟའང་ཆོད་མི་འདུག ད་མཚམས་བཞག་རོགས།

  16. ཚེ་བསམ་ says:
    2011-05-26 at 10:57 am

    ངའི་བསམ་ཚུལ་དེ་ཡིན།
    ཨེ་མ་བོད་གཞུང་ཡ་བོད་གཞུང་དགའ་ལྡན་ཕོ་བྲང་
    ངའི་ཡོད་ཚད་ཀྱི་ཡོད་ཚད་དགའ་ལྡན་ཕོ་བྲང་ཁྱེད་ནི་
    གྲང་ངར་ཆེ་བའི་ཁ་བའི་ལྗོངས་སུ་ལོ་རྒྱུས་ཀྱི་གོམ་པ་དང་པོ་སྤོས་
    ཁྱེད་ནི་རྒྱལ་མཆོག་ལྔ་པ་ཆེན་པོའི་རྔུལ་ཁྲག་ལས་གྲུབ་པ་ཞིག་རེད་ལ་
    ཁྱེད་ནི་གུ་ཤི་བསྟན་འཛིནཆོས་རྒྱལ་གྱི་ཟུངས་ཁྲག་ལས་གྲུབ་པ་ཞིག་ཀྱང་རེད་
    མདོར་ན་ཁྱེད་དབུ་བརྙེས་ནས་མི་ལོ་བཞི་བརྒྱ་ལྷག་གི་རིང་ལ་
    བོད་མི་དམངས་ནས་ཁྱེད་ལ་མ་འདོད་པའི་རྣམ་འགྱུར་བསྟན་མྱོང་མེད་ལ་
    ངོ་རྒོལ་ནི་དེ་བས་ཀྱང་མེད་
    ཁྱེད་ནི་ངའི་ཡོད་ཚད་ཀྱི་ཡོད་ཚད་ཡིན་ལ་
    ཁྱེད་ནི་ང་ཚོའི་རང་བཙན་གྲུབ་བྱེད་གཙོ་བོ་ཞིག་ཀྱང་ཡིན་
    ཁྱེད་ཀྱི་གཞུང་ཐམ་དེས་ཕྱི་རྒྱལ་ཡུལ་གྲུ་ཁག་དུ་
    རྒྱལ་ཁབ་གཅིག་གི་ངོ་བོ་མཚོན་མྱོང་ཡོད་ལ་
    རང་བཙན་གྱི་འབོད་སྒྲ་ཡང་བསྒྲགས་མྱོང་ཡོད་
    ཁྱེད་ནི་དེང་སྐབ་ང་ཚོའི་དཔང་པོ་ངོ་མ་ཡིན་ཡ་
    ཁྱེད་མེད་ན་ང་ཚོར་གང་ཡང་ཐོབ་མི་སྲིད་ལ་།
    ཁྱེད་མེད་ན་རྒྱ་འོག་ནས་གཏན་ནས་ཐར་མི་སྲིད་
    དེ་བས་ཁྱེད་ནམ་ཡང་ང་ཚོའི་སེམས་དབུས་སུ་བཞུགས་རོགས་མཛོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme