Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདེན་རྫུན་བརྟག་པ་འོས་པའི་བཀའ་སློབ་ལ་དཔྱད་པ།

Posted on 2017-01-312017-01-31 By ཁ་བརྡ 6 Comments on བདེན་རྫུན་བརྟག་པ་འོས་པའི་བཀའ་སློབ་ལ་དཔྱད་པ།

རྩོམ་པ་བོ། ཐུབ་བསྟན་ཕུན་ཚོགས། བུ་དཀར་པོས་འོས་སྦྱོར།

 

འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་། བསོད་དར་རྒྱས་རྣམ་གཉིས་ལ་བསྟོད་པ་གནང་བ་ལ་དགག་པ་རྩ་བ་ནས་མིན། ཁོང་རྣམ་གཉིས་ལ་བསྟོད་བསྔགས་འོས་པ་ཡང་རེད། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ནི་མིག་སྔར་གསང་སྔགས་རྙིང་མའི་མཁན་པོ་རྣམས་ལས་སྙན་གྲགས་ཆེ་ཤོས་དང་། བསླབ་པ་གཙང་ཤོས་ཡིན་པ་ངོས་འཛིན་བྱེད་ཅིང་ཡོད། དེར་བརྟེན་ཁོ་བོས་གངས་ལྗོངས་མཁན་ཆེན་རྣམ་དྲུག་བདམས་པའི་གྲལ་དུ་ཁོང་གསང་སྔགས་རྙིང་མའི་མཁན་ཆེན་ཞེས་བགྲངས་ཡོད། དེས་ན་གསེར་རྟ་བླ་རུང་གི་མཁན་ཆེན་རྣམ་གཉིས་ལ་རྫོང་སར་མཁྱེན་བརྩེས་བསྟོད་བསྔགས་གནང་བ་ལ་དགག་པ་རྩ་བ་ནས་མིན། ད་ལན་གྱི་དཔྱད་བརྗོད་གཙོ་བོ་རྩོམ་ཡིག་འདི་ལ་རང་ཚིག་སྔ་ཕྱི་འགལ་བ་དང་། བརྗོད་དོན་དངོས་པོའི་གནས་ལུགས་དང་མི་མཐུན་པ་མང་པོ་ཞིག་མཐོང་ནས་འདི་རྫོང་སར་མཁྱེན་བརྩེ་ལ་ཁ་གཡར་ནས་མི་གཞན་ཞིག་གིས་བྲིས་པ་མིན་ནམ་སྙམ་པའི་དོགས་པ་ཞིག་སྐྱེས་བྱུང་། དེའང་མི་སྲིད་པ་མིན་ཏེ། ང་ཚོ་བོད་ཡུལ་འདིར་ལོ་རྒྱུས་ཐོག་དབང་སྒྱུར་གྲལ་རིམ་དང་། ཆོས་ལུགས་མི་སྣ་རྣམས་ཀྱིས་བོད་ཀྱི་མི་དམངས་རྣམས་ལ་ལུང་བསྟན་དང་། གནམ་ཡིག འདས་ལོག་སོགས་ཀྱི་ཡི་གེ་མང་པོ་བཟོས་ཏེ་མགོ་བསྐོར་གཏོང་ཡོད་པ་མ་ཟད། ལོ་ཤས་སྔོན་ཁམས་ཕྱོགས་ཀྱི་ས་སྐྱའི་གྲྭ་པ་ཞིག་གིས་ས་སྐྱ་གོང་མའི་ལས་ཤོག་རྫུན་མ་བཟོས་ཏེ་རྒྱ་རིག་ཇུམ་པ་ཞིག་རྡོ་རྗེ་འཆང་གི་སྤྲུལ་སྐུའི་མཚན་གསོལ་ཡོད་པ་སོགས་བོད་ཀྱི་ལོ་རྒྱུས་ཐོག་རྫུན་བཟོ་འདི་རྟག་པར་ཡོང་གི་ཡོད་པ་རེད། དེས་ན་ཡི་གེ་འདི་ཐེངས་གཅིག་བཀླགས་པས་མཁྱེན་བརྩེའི་གསུང་རེད་མི་འདུག་སྙམ་པའི་དོགས་པ་ཞིག་སྐྱེས་བྱུང་། རྫུན་མ་མིན་པའི་རེ་བ་ཡོད། འོན་ཀྱང་སྟོན་པས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་པས་མིན། ཞེས་གསུངས་པ་ལྟར། ཁོ་བོས་ཀྱང་ཡི་གེ་འདིའི་བདེན་རྫུན་གྱི་སྒྲོ་འདོགས་ཆོད་པའི་ཆེད་དུ་དཔྱད་བརྗོད་ཆུང་ངུ་ཞིག་བྲིས་པ་ཡིན་སྟབས། བདེན་རྫུན་དབྱེ་འབྱེད་ཡོང་པའི་ཆེད་དུ་མཐུན་རྐྱེན་འཛོམས་པའི་དྲྭ་གྲོགས་རྣམས་ཀྱིས་དཔྱད་རྩོམ་འདི་མཁྱེན་བརྩེ་རིན་པོ་ཆེའི་སྤྱན་ལམ་དུ་འབུལ་ཐུབ་པའི་རེ་བ་ཡོད། བཀའ་སློབ་འདི་མཁྱེན་བརྩེའི་གསུང་ཡིན་མིན་སྐོར་ལ་བསྡོམས་པས་དོགས་གཞི་བཅུ་ཐམ་པ་ཡོད།

【དོགས་གཞི་དང་པོ།】 རྫོང་སར་མཁྱེན་བརྩེའི་གསུང་ཡིན་ན་མ་ཡིག་དེ་བོད་ཡིག་དང་། ཡང་ན་དབྱིན་ཡིག་ཡིན་ངེས་པས་འདིར་མ་ཡིག་རྒྱ་ཡིག་རེད་འདུག །

〖རྫོང་སར་མཁྱེན་བརྩེའི་གསུང་། རྫ་ཚེ་རིང་བཀྲ་ཤིས་ཀྱིས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར།〗
སློབ་མའི་དྲི་བ། རིན་པོ་ཆེ་ལགས།ཁྱེད་ཀྱིས་དགོངས་ན། ནང་པ་སངས་རྒྱས་པའི་མ་འོངས་པའི་ཆེས་སྔོན་སྐྱོད་མི་སྣ(領軍人物)ར་འགྱུར་རྒྱུའི་རེ་བ་ཆེ་ཤོས་དེ་སུ་ཡིན་པར་གཟིགས་ཀྱི་འདུག །

【དོགས་གཞི་གཉིས་པ།】 སློབ་མས་དྲིས་པ་ཡིན་ན་འདྲི་མཁན་སློབ་མའི་མིང་གང་དང་། ཁོར་ཡུག་གང་འདྲ་ཞིག་གི་ཆ་རྐྱེན་འོག་སྐད་ཆ་འདི་དྲིས་པ་གསལ་པོར་ཞིག་བཀོད་དགོས་ཀྱང་། འདིར་སློབ་མའི་དྲི་བ། ཞེས་པ་ཙམ་ལས་སློབ་མའི་མིང་མི་བཏོན་པ་ནི་བརྗོད་གཞི་འདི་ཉིད་རྫུན་མ་དོགས་པའི་རྒྱུ་རྐྱེན་གྱི་རྩ་བ་ཡིན། བདེན་པ་ཡིན་ན་སྐད་ཆ་འདྲི་མཁན་གྱི་སློབ་མའི་མིང་བཏོན་འོས་པ་ཞིག་རེད། འདྲི་བའི་ནང་དོན་ནང་པ་སངས་རྒྱས་པ་ཞེས་བོད་བརྒྱུད་དང་། རྒྱ་བརྒྱུད་དང་། ལྷོ་བརྒྱུད་ཚང་མ་ལྷན་ཏུ་བསྡུས་ཏེ་དྲིས་པ་གནས་ལུགས་དང་མི་མཐུན་པ་སྟེ། ལོ་རྒྱུས་ཐོག་ནང་ཆོས་ཐུན་མོང་གི་སྣེ་ཁྲིད་བྱེད་མཁན་གྱི་རླབས་ཆེན་སློབ་དཔོན་དེ་འདྲ་བྱུང་མྱོང་མེད་ན། མ་འོངས་པ་ཡང་དེ་འདྲ་ག་ལ་ཡོང་སྲིད། དེས་ན་དྲི་བ་འདི་དོན་དངོས་ལ་འདྲི་མཁན་ཞིག་བྱུང་ཡོད་མེད་དོགས་པ་ཞིག་སྐྱེས་བྱུང་། །

〖རྫོང་སར་མཁྱེན་བརྩེའི་གསུང་། རྫ་ཚེ་རིང་བཀྲ་ཤིས་ཀྱིས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར།〗
རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་ལན། ཁྱེད་ཀྱིས་དྲི་བ་འདི་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། གནས་བརྟན་སྡེ་པ་དང་། བསམ་གཏན་ཆོས་ལུགས་སམ།  རྒྱ་ནག་ཐེག་ཆེན་གྱི་བརྒྱུད་པའི་ད་ཡོད་གནས་བབ་སྐོར་མང་པོ་ངས་ཤེས་ཀྱི་མེད། བོད་བརྒྱུད་ནང་བསྟན་གྱི་གནས་སྟངས་ཡང་ཉུང་ཉུང་མ་གཏོགས་ཤེས་ཀྱི་མེད། མདོར་ན་ངས་གང་བཤད་པ་དེ་རང་ཉིད་ཀྱི་བློ་རྒྱ་ཆུང་ཆུང་དང་ཕྱོགས་ལྷུང་ཅན་གྱི་གུ་དོག་གི་མཐོང་ཚུལ་ཙམ་རེད། འོན་ཀྱང་། སངས་རྒྱས་ཀྱི་རྗེས་འཇུག་ཅིག་ཡིན་པའི་ཆ་ནས། ནང་པ་སངས་རྒྱས་པའི་མ་འོངས་པའི་ཕྱོགས་ལ་སེམས་ཁྲལ་དང་དངངས་སྐྲག་རེ་ང་ལ་ཡང་ཏན་ཏན་འདུག །

【དོགས་གཞི་གསུམ་པ།】 མཁྱེན་བརྩེ་རིན་པོ་ཆེས། ངས་རྒྱ་ཆོས་དང་བོད་ཆོས་སོགས་གཏིང་ཟབ་མོ་མི་ཤེས་ཟེར་བ་དེ་ཁེངས་སྐྱུང་གི་སྒོ་ནས་གསུང་སྲིད་ཀྱང་། འོན་ཀྱང་། “སངས་རྒྱས་ཀྱི་རྗེས་འཇུག་ཅིག་ཡིན་པའི་ཆ་ནས། ནང་པ་སངས་རྒྱས་པའི་མ་འོངས་པའི་ཕྱོགས་ལ་སེམས་ཁྲལ་དང་དངངས་སྐྲག་རེ་ང་ལ་ཡང་ཏན་ཏན་འདུག ”     ཅེས་པ་དེ་ཁོང་གིས་གསུང་ཨེ་སྲིད། གང་ཞེ་ན། ནང་ཆོས་ཀྱི་གནད་ཤེས་མཁན་ཞིག་ཡིན་ན། ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་དེ་སྲིད་སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་མི་ཆད་པ་གང་ལ་གང་འདུལ་གྱི་སྒོ་ནས་གདུལ་བྱ་རྣམས་ལ་ཆོས་སྟོན་པ་མདོ་རྒྱུད་དུ་མ་ནས་གསལ་བ་དཔེར་ན། 《སྔ་འགྱུར་ཡིད་བཞིན་རྣམ་པར་བཀོད་པའི་རྒྱུད་》ལས། “སེམས་ཅན་ཀུན་གྱི་ཚོགས་ཆེན་པོ། །ཇི་སྲིད་རྣམ་པར་གནས་དེ་སྲིད། །སངས་རྒྱས་སྤྲུལ་པ་རྒྱུན་མི་འཆད། །གྲོལ་བའི་ཆོས་ཀྱང་ནུབ་པ་མེད།” །ཅེས་གསུངས་པ་ལྟར་རོ། །
དེས་ན་སངས་རྒྱས་ཀྱིས་སེམས་ཅན་ཆེད་དུ་སེམས་ཁྲལ་བྱ་དགོས་པ་ལས། སེམས་ཅན་གྱིས་སངས་རྒྱས་ཀྱི་ཕྲིན་ལས་ལ་སེམས་ཁུར་དང་རོགས་སྐྱོར་མི་དགོས་པ་ནི་ཁོང་གིས་མཁྱེན་གསལ་རེད།  །
ང་ཚོས་མ་འོངས་པར་སེམས་ཁྲལ་ཟེར་བ་དེ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་།     མི་རིགས་ཀྱི་སྐད་ཡིག་དང་།   རིག་གནས་སྐོར་གྱི་གནས་སྟངས་ཐད་ཀྱི་སྐད་ཆ་བཤད་སྟངས་ཙམ་ལས་དམ་པའི་ཆོས་ཀྱི་གནས་ལུགས་བཤད་སྟངས་དང་མི་མཐུན་པ་ཞིག་རེད། །

〖རྫོང་སར་མཁྱེན་བརྩེའི་གསུང་། རྫ་ཚེ་རིང་བཀྲ་ཤིས་ཀྱིས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར།〗
མི་རབས་རྗེས་མའི་ལོ་ན་གཞོན་པའི་བོད་བརྒྱུད་ནང་བསྟན་གྱི་སྣེ་ཁྲིད་མི་སྣ་དེ་ཚོས་མ་འོངས་པའི་ནང་ཆོས་ཀྱི་ཕྱོགས་ལ་འགན་འཁྲི་འཁུར་ཐུབ་པ་ཞིག་དགོས་ན་ལས་དོན་མང་པོ་ཞིག་ད་ལྟ་ནས་སྒྲུབ་དགོས་པ་ཞིག་རེད། ངས་ལབ་བཞིན་པའི་ན་གཞོན་ནི་ལོ་ཚད་ང་ཚོ་ལས་གཞོན་པ་ཚོར་ཟེར་གྱི་ཡོད། བོད་བརྒྱུད་ནང་བསྟན་གྱི་ཁྱབ་ཁོངས་ལ་མིག་སྐོར་ཞིག་རྒྱག་སྐབས། ངས་བསམ་ན་གསེར་རྟ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་། མཁན་པོ་བསོད་དར་རྒྱས་རྣམ་པ་གཉིས་ཧ་ཅང་ཁྱད་དུ་འཕགས་པ་རེད་འདུག ང་ཁོང་གཉིས་དང་མཉམ་དུ་མཚར་ལོངས་བྱུང་བ་མ་རེད་ལ། ཁོང་གཉིས་ནི་ངའི་འདྲིས་ཞིབ་ཆེ་བའི་མི་ཡང་མ་རེད། འོན་ཀྱང་ལོ་འདི་ཀའི་རིང་ལ། ངའི་དོ་སྣང་དེ་རྟག་པར་ཁོང་གཉིས་ཀྱི་ཕྱོགས་སུ་དྲངས་སོང་།

【དོགས་གཞི་བཞི་པ།】 རྫོང་སར་མཁྱེན་བརྩེས་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་བསོད་དར་རྒྱས་རྣམ་གཉིས་ལ་བསྟོད་བསྔགས་གནང་སྲིད་པ་དང་། གནང་འོས་པ་གཉིས་ཀ་ངས་ཁ་ཙམ་མ་ཡིན་པ་ཁས་ལེན་ཞིང་ཡོད། ཡིན་ནའང་མ་འོངས་པ་བོད་བརྒྱུད་ནང་བསྟན་གྱི་སྣེ་ཁྲིད་པ་གསུང་པ་ནི་གནས་ལུགས་དང་མི་མཐུན་པ་མ་ཟད། དོན་དངོས་ལ་ཡོང་མི་སྲིད་པ་ཞིག་ཡིན་པས་མཁྱེན་བརྩེ་རིན་པོ་ཆེས་དེ་འདྲ་གསུང་ཨེ་སྲིད། བོད་བརྒྱུད་ནང་བསྟན་དེ་ལོ་རྒྱུས་ཐོག་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་བྱུང་མྱོང་ཡོད་པ་དེ་དག་ལས་ད་ལྟ་ས་དགེ་བཀའ་རྙིང་ཇོ་ནང་བཅས་གྲུབ་མཐའ་ཁག་ལྔ་པོ་ལ་རང་རང་གི་བསྟན་པའི་བདག་པོ་དང་སྣེ་ཁྲིད་མཁན་རེ་བཞུགས་ཡོད་པ་རེད། དཔེར་ན། དགེ་ལྡན་པ་ལ་མཚོན་ན་རྒྱལ་པཎ་རྣམ་གཉིས། བཀའ་བརྒྱུད་པ་ལ་རྒྱལ་བ་ཀརྨ་པ་གཙོས་བཀའ་བརྒྱུད་རྒྱལ་བ་ཡབ་སྲས། ས་སྐྱ་གོང་མ་གདུང་སྲས་དང་བཅས་པ་སོགས་གྲུབ་མཐའ་སོ་སོའི་ད་ཡོད་ཀྱི་སྣེ་ཁྲིད་འདི་དག་ལ་ཡིད་ཆེས་རྩ་བ་ནས་མེད་པ་མ་འོངས་པ་དེ་དག་ཐམས་ཅད་ཀྱི་ཚབ་ཏུ་ཚུལ་ཁྲིམས་བློ་གྲོས་དང་། བསོད་དར་རྒྱས་གཉིས་ཀྱིས་བྱེད་འོས་པ་གསུངས་པ་དེ་འཇམ་དབྱངས་མཁྱེན་བརྩེའི་དགོངས་བཞེད་ཨེ་ཡིན་དོགས་གཞི་ཅན་དུ་གྱུར་སོང་། ལྷག་པར་དུ་ལོ་ཤས་སྔོན་ཁོང་རྒྱ་གར་དུ་རྒྱལ་བ་ཀརྨ་པ་དང་མཇལ་འཕྲད་ཅིག་གི་སྐབས་སུ། རྒྱལ་བ་ཀརྨ་པ་ནི་སངས་རྒྱས་གསོན་པོ་ཞིག་རེད། ཅེས་བསྔགས་བརྗོད་གནང་སོང་། ད་ཐེངས་གློ་བུར་དུ་སངས་རྒྱས་གསོན་པོ་ལའང་ཡིད་ཆེས་ཉམས་ཏེ། མ་འོངས་པ་བོད་བརྒྱུད་ནང་བསྟན་གྱི་བསྟན་བདག་གསེར་རྟའི་མཁན་པོ་རྣམ་གཉིས་ལས་མེད་པ་ཁོང་གིས་གསུངས་སྲིད་དམ། །

གལ་སྲིད་མ་འོངས་པར་གསང་སྔགས་རྙིང་མའི་བསྟན་པའི་བདག་པོར་འགྱུར་ཞེས་གསུངས་ན། དེའང་དཀའ་ལས་ཁག་པོ་རེད། གང་ཞེ་ན། མིག་སྔར་བོད་དུ་ཆོས་སྒར་ཆེ་ཤོས་དང་རྒྱ་ནག་གི་སློབ་མ་མང་ཤོས་དེ་བོད་གངས་ཅན་ལྗོངས་ལ་ཁོང་རྣམ་གཉིས་ཆགས་ཡོད་པ་རེད། འོན་ཀྱང་མ་འོངས་པར་གསང་སྔགས་རྙིང་མའི་བསྟན་བདག་ཆགས་པ་ལའང་དཀའ་ངལ་ཆེན་པོ་ཡོད་པ་རེད། དཔེར་ན། ལོ་རྒྱུས་ཐོག་གསང་སྔགས་རྙིང་མའི་གདན་ས་ཆེན་པོ་དྲུག་ཅེས་པ་སྟོད་ན་རྡོར་སྨིན་གཉིས། བར་ན་ཞེ་རྫོགས་གཉིས། སྨད་ན་ཀཿ    དཔལ་གཉིས་ཟེར་བ་དེ་དག་གི་ནང་དུ་བསྟན་པའི་བདག་པོ་དེ་དག་ད་ལྟ་མཛད་ཕྲིན་རྒྱས་བཞིན་པ་རེད། སྤྱིར་བཏང་རྙིང་མའི་བླ་ཆེན་དེ་དག་ལ་མཁན་ཚུལ་ཁྲིམས་བློ་གྲོས་དང་། བསོད་དར་རྒྱས་རྣམ་གཉིས་ལྟ་བུའི་གདུལ་བྱ་མང་པོ་མེད་པ་དང་། ཡོན་ཏན་དང་འཇོན་ཐང་དེ་ཙམ་མ་གཟིགས་ནའང་ལོ་རྒྱུས་ཀྱིས་བསྐོས་པའི་ཆོས་ཀྱི་ཁྲི་ཐོབ་དེ་ལས་སླ་པོ་ཞིག་གིས་ཁོང་རྣམ་གཉིས་ལ་ཕུལ་སྲིད་ཀྱི་མ་རེད། དེས་ན་མ་འོངས་པ་གསང་སྔགས་རྙིང་མའི་སྣེ་ཁྲིད་པ་གསུང་ནའང་མངོན་འགྱུར་ཡོང་བ་ལ་དཀའ་ལས་ཁག་པོ་རེད། །

དོན་དངོས་ཡོང་སྲིད་པ་དེ་གང་ཞེ་ན། མ་འོངས་པར་རྒྱ་ནག་ཡུལ་ལ་བོད་བརྒྱུད་ནང་བསྟན་སྤེལ་བའི་སྣེ་ཁྲིད་པའམ་བསྟན་བདག་གཙོ་བོར་འགྱུར་སྲིད་པ་རེད། དཔེར་ན། ལོ་རྒྱུས་ཐོག་ཏུ་ས་སྐྱའི་འགྲོ་མགོན་ཆོས་འཕགས། དགེ་ལྡན་པའི་ལྕང་སྐྱ་རོལ་པའི་རྡོ་རྗེ། བཀའ་བརྒྱུད་པའི་གངས་དཀར་རིན་པོ་ཆེ།    རྙིང་མའི་ནོར་ལྷ་བླ་མ་ལྟ་བུ་ཡོང་སྲིད་པ་ཞིག་རེད། །

〖རྫོང་སར་མཁྱེན་བརྩེའི་གསུང་། རྫ་ཚེ་རིང་བཀྲ་ཤིས་ཀྱིས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར།〗
དངོས་གནས་བྱས་ན། ཁོང་རྣམ་པ་གཉིས་ཀྱི་སྐོར་ལ་གླེང་སྐབས། བཤད་མཁན་ང་ལྟ་བུ་བློ་རྒྱ་ཆུང་ཆུང་དང་ཕྱོགས་རེའི་མིག་ཅན་ཞིག་ཡིན་མིན་ལ་མ་ལྟོས་པར་ངས་གང་བཤད་བཞིན་པའི་སྐད་ཆ་འདི་དག་ལ་དོ་སྣང་དང་མཐོང་ཆེན་གནང་རྒྱུའི་རེ་བ་ཡོད། ང་ནི་རང་མཐོང་ང་རྒྱལ། ཕྲག་དོག་དང་འགྲན་སེམས་ཆེ་ཐག་ཆོད་བསྡད་མཁན་ཞིག་ཡིན་སྟབས། ངས་འདི་ལྟར་ང་ཡིས་གུས་ཞབས་ཆེ་ཤོས་ཞུ་ཡུལ་ཁོང་རྣམ་པ་གཉིས་ཡིན་ཞེས་ལབ་ཡོང་དུས་ཁྱེད་ཚོས་སེམས་ནང་དུ་བཞག་ན་འགྲིག་གི་རེད། རྒྱུ་མཚན་གང་ཡིན་ཟེར་ན། ང་ནི་ལས་སླ་པོས་སྐད་ཆ་འདི་འདྲ་བཤད་ཐུབ་མཁན་ཞིག་མིན། །

【དོགས་གཞི་ལྔ་པ།】      སྐད་ཆ་དུམ་བུ་འདི་ནི་མཁྱེན་བརྩེའི་གསུང་མིན་པ་ཧ་ལམ་ཐག་ཆོད་པ་རེད་འདུག གང་ཞེ་ན། ཐོག་མར་རང་ཉིད་རང་མཐོང་ཅན། ང་རྒྱལ་ཅན། ཕྲག་དོག་ཅན། འགྲན་སེམས་ཅན། བློ་རྒྱ་ཆུང་བ། ཕྱོགས་རིས་ཅན་ཡིན་པ་དམ་བཅའ་རྡོ་རྗེ་ལྟ་བུ་ཞིག་བཞག་ནས་རྗེས་ཐོག་དེ་མ་ཐག་ཏུ་ངས་ཚུལ་ཁྲིམས་བློ་གྲོས་དང་། བསོད་དར་རྒྱས་གཉིས་ལ་བསྟོད་བསྔགས་བཏང་བ་འདི་ནི་བདེན་པ་ཡིན་པ་དང་། ཡིད་ཆེས་འོས་པ་གསུངས་པ་ནི། རང་ཚིག་སྔ་ཕྱི་འགལ་བ་སྟེ། རང་ཉིད་ཕྱོགས་རིས་དང་ཕྲག་དོག་ཅན་སོགས་གོང་སྨོས་ཀྱི་སྐྱོན་དེ་དག་དང་མ་བྲལ་བཞིན་དུ་དྲང་པོ་དང་གཟུར་གནས་ཀྱི་གཏམ་ཇི་ལྟར་འབྱུང་།    ང་ཡིས་གུས་ཞབས་ཆེ་ཤོས་ཁོང་གཉིས་ཡིན་པས་ཁྱོད་ཚོས་སེམས་ནང་བཞག་ན་འགྲིག་གི་རེད།   ཅེས་པ་དེའང་རང་འདོད་དང་།   ཕྱོགས་རེའི་གཏམ་ཡིན་པ་རང་ཤུགས་ཀྱིས་ཞལ་གྱིས་བཞེད་པ་མིན་ནམ།    །

〖རྫོང་སར་མཁྱེན་བརྩེའི་གསུང་། རྫ་ཚེ་རིང་བཀྲ་ཤིས་ཀྱིས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར།〗
དེང་སང་གི་དུས་སྐབས་འདིར། ངས་ན་གཞོན་མང་པོ་ཞིག་གི་སྐོར་ལ་གོ་ཐོས་བྱུང་ཞིང་། གསར་སྐྱེས་སྤྲུལ་སྐུ་དེ་ཚོའི་ལས་ལུགས་བཅའ་སྟངས་ཐད། དང་ཐོག་ང་ཚོས་ཁོང་ཚོར་རེ་བ་ཆེན་པོ་བརྒྱབ་ན་ཡང་། རྗེས་མ་ཁོང་ཚོ་དང་འབྲེལ་བའི་དོན་དག་འདྲ་མི་འདྲ་མང་པོ་གོ་ཡོང་དུས། ཐ་ན་ཁོང་ཚོ་ཡང་བསྐྱར་མཐོང་འདོད་ཀྱང་མེད་པ་ཞིག་ཆགས་ཀྱི་ཡོད། །དེ་ལས་ལྡོག་སྟེ། ཁོང་རྣམ་པ་གཉིས་ཀྱི་ཡོན་ཏན་དེ་ཚོ་གསར་པོར་ཤར་ནས་དུས་ཚོད་གང་འཚམས་རིང་པོ་ཞིག་ཕྱིན་ཟིན་པ་དང་། ཁོང་གཉིས་ཀྱི་ད་ལྟའི་མཚན་སྙན་གྲགས་དང་། ཐ་ན་རྗེས་འཇུག་པའི་གྲངས་ཀ་ཁོ་ནས་བསམ་ན་ཡང་། སྤྱིར་བཏང་བ་ངན་རུལ་བ་ཞིག་ཡིན་ན་རུལ་སུངས་སུ་འགྱུར་རྒྱུའི་རྒྱུ་རྐྱེན་ཡོངས་སུ་ཚང་བསྡད་ཡོད། འོན་ཀྱང་། དེ་འདྲའི་དོན་རྐྱེན་གང་ཡང་ཐོན་མ་སོང་། ། ཁོང་གཉིས་ལ་ཕྲག་དོག་བྱེད་མཁན་ཉུང་ཤས་ཤིག་གིས་ཕྲག་དོག་གི་སྐད་ཆ་དེ་ཚོ་ལས་གཞན། ཐ་ན་མཁན་པོ་ཁོང་རྣམ་པ་གཉིས་ཀྱིས་མ་འོས་པའི་བྱ་བ་འདི་འདྲ་ཞིག་བྱས་པ་རེད་ཅེས་ལབ་པ་ཙམ་ཡང་གོ་མ་མྱོང་། །

【དོགས་གཞི་དྲུག་པ།】     སྤྲུལ་སྐུའི་ཡང་སྲིད་མི་འདོད་པ་ནི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་ཐུན་མིན་གྱི་དགོངས་བཞེད་ཅིག་རེད།    རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་སྤྲུལ་སྐུ་མི་འདོད་པའི་ཞལ་གསུང་ཁོ་བོས་གོ་བ་ཐེངས་དང་པོ་ཡིན།   །
“ཁོང་གཉིས་ཀྱི་ད་ལྟའི་མཚན་སྙན་གྲགས་དང་། ཐ་ན་རྗེས་འཇུག་པའི་གྲངས་ཀ་ཁོ་ནས་བསམ་ན་ཡང་། སྤྱིར་བཏང་བ་ངན་རུལ་བ་ཞིག་ཡིན་ན་རུལ་སུངས་སུ་འགྱུར་རྒྱུའི་རྒྱུ་རྐྱེན་ཡོངས་སུ་ཚང་བསྡད་ཡོད། འོན་ཀྱང་། དེ་འདྲའི་དོན་རྐྱེན་གང་ཡང་ཐོན་མ་སོང་།” ཞེས་གསུངས་པར།  ཁོང་རྣམ་གཉིས་རུལ་སུངས་ཡོད་མེད་ཀྱི་སྐོར་ང་ལ་རྒྱུས་མེད།   མའོ་ཀྲུའུ་ཞིས། ཞིབ་འཇུག་མ་བྱས་ན་གཏམ་བཤད་ཀྱི་དབང་ཆ་མེད། ཅེས་གསུངས་པ་ལྟར།     ཕྲན་ལ་དེའི་སྐོར་ཞིབ་འཇུག་གང་ཡང་མེད་སྟབས་གནས་སྐབས་གླེང་བྱ་མ་ཡིན་ནོ། ། “ཁོང་རྣམ་གཉིས་ལ་མ་འོས་པའི་བྱ་བ་འདི་འདྲ་ཞིག་བྱས་པ་རེད་ཅེས་ལབ་པ་ཙམ་ཡང་གོ་མ་མྱོང་”། ཞེས་གསུངས་པ་ཡང་མ་ངེས་ཏེ། མཁན་ཆེན་ཁོང་རྣམ་གཉིས་ལ་བསྟོད་སྨད་གཉིས་ཀ་བྱ་ཁུ་བྱུག་གྲགས་གྲགས་ཡིན་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར་དང་། ཕྲག་དོག་ཅན་གྱིས་སྨད་པ་བྱེད་པ་ཁྱེད་རང་ཉིད་ཀྱིས་ཀྱང་ཁས་བླངས་པའི་ཕྱིར། །དགའ་དད་ཅན་གྱི་མི་རྣམས་ཀྱིས་སྨད་པ་མི་བྱེད་པ་ནི་ཤེས་སླ། །

〖རྫོང་སར་མཁྱེན་བརྩེའི་གསུང་། རྫ་ཚེ་རིང་བཀྲ་ཤིས་ཀྱིས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར།〗
ཁོང་གཉིས་ཀྱི་མཁྱེན་པའི་ཡོན་ཏན་མི་ཚང་མས་ཤེས་པ་ཞིག་རེད། དེ་ཙམ་མ་རེད། ཁོང་གཉིས་ཕར་ལྟས་ན་ཡང་། ཁ་ཞེ་གཉིས་མེད་ཀྱིས་གཏམ་སྤྱོད་གཅིག་མཐུན་གནང་མཁན་ཞིག་ཆགས་བསྡད་ཡོད། ད་དུང་། ཁོང་གཉིས་ལ་ཆོས་རྗེས་ཆེ་གེ་མོ་དང་། རིམ་པ་མཐོ་བའི་བླ་མ་ཆེ་གེ་མོའི་ཡང་སྲིད་ཀྱི་མིང་མེད་ལ། དམིགས་བསལ་ལམ་དམིགས་བསལ་དབང་ཚད་མངའ་བའི་ཁྱིམ་རྒྱུད་དུ་སྐྱེས་པའི་རྒྱབ་ལྗོངས་ཡང་མེད། འོན་ཀྱང་། ཁོང་གཉིས་ཀྱིས་ཁོང་རང་ཉིད་ཀྱི་དཀའ་ངལ་ཁྱད་བསད་ཀྱི་འབད་བརྩོན་དང་། ཐོས་བསམ་སྒོམ་གསུམ་དང་སངས་རྒྱས་ཀྱི་ཆོས་དར་སྤེལ་གནང་བ་སོགས་ཀྱི་ཆ་ནས་སྤྱིར་བཏང་མིན་པའི་གྲུབ་འབྲས་ཐོབ་བསྡད་པ་ཞིག་རེད། ། ངས་ལྷག་བསམ་ཟོལ་མེད་ཀྱིས་ཁོང་རྣམ་པ་གཉིས་སྐུ་ཚེ་རིང་པོ་ཡོང་བར་སྨོན་ལམ་འདེབས་ཀྱི་ཡོད། ཁོང་གཉིས་སྐུ་གཟུགས་བདེ་ཐང་ཡོང་བ་དང་། ཁོང་གཉིས་ཀྱི་ཆོས་ཀྱི་མཛད་ཕྲིན་དར་རྒྱས་ཡོང་བར་གསོལ་བ་འདེབས་ཀྱི་ཡོད། ཁོང་གཉིས་ལྟ་བུ་དེ་ཚོས། གཞན་གྱིས་གཅེས་ལངས་བཏང་བ་དང་། ཡང་དག་པའི་སློབ་གསོས་ཕོངས་པ། ཀླད་པ་འཚང་ནས་མགོ་ཐོག་ལ་ཆོས་ཀྱི་རྒྱལ་པོའི་མཚན་གནས་ཁུར་མཁན། བྱ་བ་གང་ཡང་མི་ཐོན་མཁན་གྱི་སྐྱེ་སྤྲུལ་དེ་ཚོའི་སེམས་ལ་གཏོར་སྐྱོན་ཆེན་པོ་བཏང་ཡོད།

【དོགས་གཞི་བདུན་པ།】       སྐད་ཆ་དུམ་བུ་འདི་སྤྱིར་བཏང་བདེན་པར་མཐོང་། མིག་སྔར་བོད་ལ་རྒྱ་བོད་གཉིས་ཀྱི་སློབ་མ་འདི་འདྲ་མང་པོ་འདུས་ཐུབ་མཁན་གྱི་བླ་མ་ཧ་ཅང་དཀོན་པོ་རེད། དེང་རབས་ཀྱི་བླ་སྤྲུལ་ཞིག་ཡིན་ཕྱིར་གདུལ་བྱ་དང་མཚན་སྙན་མི་འདོད་མཁན་སུ་ཡང་མེད། འོན་ཀྱང་ཐབས་དང་ཡོན་ཏན་དམིགས་བསལ་ཞིག་མེད་ན་འདི་ལྟ་བུའི་ཕྲིན་ལས་རྒྱས་མི་ཐུབ་པ་ནི་སུས་ཀྱང་ཤེས་སླ། །སྐུ་ཚེ་རིང་བའི་སྨོན་ལམ་བཏབ་ནའང་འོས་པ་ཞིག་རེད། །

འོན་ཀྱང་སྤྲུལ་སྐུ་སྤྱིར་ལ་བཀའ་བཀྱོན་པའི་ཚིག་ “གཞན་གྱིས་གཅེས་ལངས་བཏང་བ་དང་། ཡང་དག་པའི་སློབ་གསོས་ཕོངས་པ། ཀླད་པ་འཚང་ནས་མགོ་ཐོག་ལ་ཆོས་ཀྱི་རྒྱལ་པོའི་མཚན་གནས་ཁུར་མཁན།” འདི་དག་ཁོང་གི་གསུངས་ཡིན་མིན་དོགས་གཞི་འདུག སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་ཚར་དུས་གཅེས་ལངས་མ་བྱས་པ་སུ་ཡོད། ཡང་དག་པའི་སློབ་གསོ་ཟེར་བ་འདིའང་ཚད་གཞི་གང་འདྲ་ཞིག་ལ་ངོས་འཛིན་དགོས། སློབ་གྲྭ་ཆེན་མོའི་སློབ་གསོ་ཡིན་ན་སྤྲུལ་སྐུ་གཅིག་ལའང་འདིའི་སློབ་གསོ་ཐོབ་མེད། དགོན་པའི་སློབ་གསོ་ཟེར་ན་སྤྲུལ་སྐུ་ཡིན་ཚད་ཚང་མ་དེ་ལས་བྱུང་བ་ཞིག་རེད།    ་།

ལྷག་པར་དུ་ཆོས་ཀྱི་རྒྱལ་པོ་ཟེར་བ་འདི་རྒྱ་སྐད་དུ། 法王་ཟེར། འདི་ཐོག་མར་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་སྟོད་དུ་རྒྱ་ནག་ཏཱ་མིང་ཡུང་ལོས་བོད་ཀྱི་བླ་ཆེན་ལ་གཟེངས་བསྟོད་གནང་པའི་མཚན་གནས་ཞིག་རེད། བོད་ཀྱི་ལོ་རྒྱུས་ཐོག་法王གསུམ་བྱུང་པ་རེད། དང་པོ། རྒྱ་ནག་གོང་མ་ཏཱ་མིང་ཡུང་ལོ་大明永乐རྒྱལ་པོས་སྤྱི་ལོ༡༤༠༥ལོར་ཀརྨ་པ་དེ་བཞིན་གཤེགས་པ་གོང་མའི་ཕོ་བྲང་དུ་གདན་དྲངས་ནས། 大宝法王 ཞེས་མཚན་གསོལ་བ་རེད། དེའི་རྗེས་སུ་ས་སྐྱའི་བླ་མ་ཀུན་དགའ་བཀྲ་ཤིས་གདན་ཞུས། 大成法王 ཞེས་མཚན་གསོལ། བོད་སྐད་དུ་ཐེག་ཆེན་ཆོས་རྗེ་ཞེས་གྲགས། དེ་རྗེས་སྤྱི་ལོ་༡༤༢༨ལོ་ཙམ་ན་ཏཱ་མིང་ཞོན་ཙུང་明宣宗  རྒྱལ་པོས་དགེ་ལུགས་པའི་བླ་མ་ཤཱཀྱ་ཡེ་ཤེས་གདན་ཞུས་བྱས། དེ་ལ་མཚན་大慈法王 ཞེས་བོད་སྐད་དུ། བྱམས་ཆེན་ཆོས་རྒྱལ་ཟེར། དེ་ལྟར་བོད་ཀྱི་ལོ་རྒྱུས་ཐོག་法王 ཟེར་བ་དེ་བླ་མ་གསུམ་མ་གཏོགས་བྱུང་མྱོང་མེད། །ཏཱ་མིང་རྒྱལ་རབས་མཇུག་རྫོགས་ནས། མན་ཆིང་རྒྱལ་རབས་སྐབས་སུ་བོད་ཀྱི་བླ་ཆེན་རྒྱལ་བ་ལྔ་པ་ཆེན་པོ། པཎ་ཆེན་དཔལ་ལྡན་ཡེ་ཤེས། ལྕང་སྐྱ་རོལ་པའི་རྡོ་རྗེ་ལ་སོགས་པ་གོང་མའི་དབུ་བླ་མང་པོ་ཞིག་བྱུང་ཡོད་པ་དེ་རྣམས་ལ་མཚན་གྱི་གཟེངས་བསྟོད་གནང་ཡོད་ཀྱང་། ཆོས་རྒྱལ་ཟེར་བ་དེ་བེད་སྤྱོད་སྲོལ་བྱུང་མི་འདུག    །@དཔེར་ན། རྒྱལ་བ་ལྔ་པ་ཆེན་པོ་ལ།   西天大善自在佛所领天下释教普通瓦赤喇怛喇达赖喇嘛之印     ཞེས་པའི་མཚན་གནས་དང་། ཐམ་ཁ་གནང་ཡོད་པ་རེད། དེས་ན་རྒྱ་སྐད་དུ། 法王 ཟེར་བ་དེ་ཏཱ་མིང་རྒྱལ་རབས་མཇུག་རྫོགས་པ་དང་ལྷན་ཏུ་གད་སྙིགས་ཆགས་ཚར་པ་རེད། འོན་ཀྱང་དེང་དུས་རྒྱ་ནག་ཏུ་ཕེབས་པའི་བླ་མ་ཕལ་ཆེ་བའི་མཚན་བྱང་ཐོག་ཏུ། 法王 ཤ་སྟག་བྲིས་འདུག     ཁོང་རྣམ་གཉིས་ཀྱི་མཚན་བྱང་ཐོག་ལ་法王ཡོད་མེད་མ་མཐོང་། །

〖རྫོང་སར་མཁྱེན་བརྩེའི་གསུང་། རྫ་ཚེ་རིང་བཀྲ་ཤིས་ཀྱིས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར།〗
ཡིད་སྐྱོ་བ་ཞིག་ནི། དུས་རྒྱུན་ཁོང་གཉིས་ལ་བསྟོད་བསྔགས་བྱེད་མཁན་ཡོད་ས་དེར་ཕྲག་དོག་དང་བརྣབ་སེམས་བྱེད་མཁན་ཡང་ཡོད། དཔེར་ན། ངས་ཉེ་ཆར་བོད་ཡིག་གི་དྲ་ཚིགས་ཤིག་གི་ཐོག་ནས་བོད་མི་ཞིག་གིས་བླ་རུང་གི་ཁང་པ་གཏོར་བའི་དོན་རྐྱེན་དང་འབྲེལ་བའི་ཨ་ལན་སློག་པ་ཞིག་མཐོང་བྱུང་། བསམ་ཡུལ་ལས་འདས་པ་ཞིག་ལ། དེ་ནི་ཟུར་ཟའི་ཚིག་གིས། བླ་རུང་སྒར་གྱི་རླབས་ཆེན་གྱི་སྲུང་མ་གེ་སར་རྒྱལ་པོ་གང་དུ་ཕྱིན་པ་རེད། ཆང་འཐུང་མང་དྲགས་པ་རེད་དམ། ཆང་འཐུང་བ་མང་དྲགས་ནས་རོགས་པ་མི་ཐུབ་པ་རེད་དམ་ཞེས་འཕྱ་སྨོད་བྱས་པ་ཞིག་རེད།  

【དོགས་གཞི་བརྒྱད་པ།】      གསེར་རྟ་བླ་རུང་སྒར་གྱི་འཛུགས་སྐྲུན་ལེགས་བཅོས་གཏོང་བའི་སྐབས་སུ། བླ་རུང་དང་གེ་སར་ལ་ཟུར་ཟ་བྱས་པའི་གཏམ་བོད་ཡིག་དྲྭ་ཐོག་ཏུ་བཀོད་ཡོད་ན་མཁྱེན་བརྩེ་རིན་པོ་ཆེས་གཟིགས་ཐུབ་ཨེ་ཡོད།      ཁོང་ཕྱི་རྒྱལ་དུ་བཞུགས་མཁན་ཞིག་གིས་ཀྲུང་གོའི་དྲ་བ་ལ་རྒྱུན་གཟིགས་གནང་མིན་ལ་ཐེ་ཚོམ་ཡོད།      འཕྲིན་ཕྲན་དག་ཏུ་སྤེལ་བའི་རྩོམ་ཐུང་དེ་དག་ཁོང་གིས་དེ་བས་ཀྱང་གཟིགས་པའི་གོ་སྐབས་དཀོན་པོ་རེད།    །

〖རྫོང་སར་མཁྱེན་བརྩེའི་གསུང་། རྫ་ཚེ་རིང་བཀྲ་ཤིས་ཀྱིས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར།〗
གེ་སར་དང་མཁན་པོ་རྣམ་པ་གཉིས་ལ་ཕྲག་དོག་གིས་ཟུར་ཟ་བྱེད་མཁན་དེ་དག་རྒྱུ་རྐྱེན་གང་འདྲ་ཞིག་གིས་ཡིན་ནའང་ཡིན། གང་ལྟར་བླ་རུང་སྒར་གྱི་ཁང་པ་གཏོར་སྐབས། མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་མཁན་པོ་བསོད་དར་རྒྱས་རྣམ་པ་གཉིས་ཀྱི་ངོས་ནས་བློ་བརྟན་འགྱུར་མེད་ཀྱིས་ཁོང་གི་རྗེས་འཇུག་དག་ལ་ཡ་ལན་གང་ཡང་བྱེད་མི་ཉན་ཞེས་གསུངས་པ་རེད། རྒྱུ་མཚན་དེས་གཏོར་བཤིག་གི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་དུ་ཁོང་ཁྲོའི་འབོད་སྒྲ་གཅིག་ཀྱང་ཐོས་རྒྱུ་མེད་པར་མ་ཟད། རྣ་ལ་གཟན་པའི་ཚིག་གཅིག་ཀྱང་མེད།    དེ་ནི་ཤཱཀྱ་ཐུབ་པར་འབོད་པའི་སངས་རྒྱས་དེས་གང་ཞིག་བསླབ་པའི་དགེ་སྦྱོང་གི་ཆོས་བཞི་སྟེ། ངན་སྨས་དང་འཕྱ་སྨོད་སྤྱད་ནས་ངན་སྨྲས་དང་འཕྱ་སྨོད་ལ་ཡ་ལན་མི་སྤྲོད་པ་དང་། ཚིག་གཟེར་པོ་སྤྱད་ནས་ཚིག་གཟེར་པོ་ལ་ཡ་ལན་མི་སྤྲོད་པ། གཞན་གྱིས་བརྡུང་རྡེག་བྱས་པར་བརྡུང་བརྡེགས་ཀྱི་ཡ་ལན་སློག་རྒྱུ་མེད་ཅེས་གསུངས་པའི་དགོངས་དོན་རེད། སངས་རྒྱས་ཤཱཀྱ་ཐུབ་པའི་རྗེས་འཇུག་ཅིག་ཡིན་པའི་ངོས་ནས། མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་མཁན་པོ་བསོད་དར་རྒྱས། དེ་བཞིན་ཁོང་གཉིས་ཀྱི་རྗེས་སུ་འབྲངས་མཁན་གྱི་གསེར་རྟ་བླ་རུང་གིས་ད་ཐེངས་བཀའ་སློབ་སྒྲུབ་ཐུབ་སོང་བ་རེད། །

【དོགས་གཞི་དགུ་པ།】     འདིའི་སྐོར་ལ་མང་པོ་ཞུ་དགོས་ཡས་མི་འདུག     ད་ཐེངས་བླ་རུང་གི་ལས་འགུལ་དེ་བདེ་བླག་ངང་དུ་འགྲུབ་པ་དེ་མཁན་ཆེན་རྣམ་གཉིས་ཀྱི་མཛད་ཕྲིན་དང་། འཐབ་ཕྱོགས་གཅིག་གྱུར་གྱི་དམིགས་བསལ་སྲིད་ཇུས་བཟང་པོ་གཉིས་ཟུང་འབྲེལ་བྱས་པའི་གྲུབ་འབྲས་ཞིག་ཡིན་པ་སྨོས་མ་དགོས།  དེས་ན་བླ་མའི་བྱིན་རླབས་དང་། སྲིད་ཇུས་ཀྱི་ཐབས་ལམ་གཉིས་ཀ་ཡག་པའི་སྟབས་ཀྱིས་ཡིན་པ་ཤེས་དགོས་སོ། །
སྐད་ཆ་དུམ་བུ་འདིའི་ནང་དོགས་གཞི་ཆེ་ཤོས་དེ། “ཤཱཀྱ་ཐུབ་པར་འབོད་པའི་སངས་རྒྱས་དེས།” ཞེས་སངས་རྒྱས་ལ་མ་གུས་པའི་ཚིག་འདི་འདྲ་རྫོང་སར་མཁྱེན་བརྩེས་གསུང་མི་སྲིད་སྙམ། དགེ་སྦྱོང་གི་ཆོས་བཞི་ཡང་རྒྱ་ཡིག་དང་བོད་ཡིག་གཉིས་ཀའི་ནང་གོ་རིམ་མེད་པ། ནང་དོན་ཆ་མ་ཚང་བ་འདི་འདྲ་མཁྱེན་བརྩེའི་གསུང་མིན་པའི་དཔང་རྟགས་ཡང་དག་ཅིག་རེད་སྙམ།      དགེ་སྦྱོང་གི་ཆོས་བཞི་ཡོངས་གྲགས་ཀྱི་འབྲི་སྲོལ་ནི།    他骂不还骂,他怒不还怒,他打不还打和寻过不还报。གཤེ་ཡང་སླར་མི་གཤེ་བ། ཁྲོས་ཀྱང་སླར་མི་ཁྲོ་བ། བརྡེགས་ཀྱང་སླར་མི་རྡེག་པ། མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བ།   འདི་འདྲ་རེད།   །

〖རྫོང་སར་མཁྱེན་བརྩེའི་གསུང་། རྫ་ཚེ་རིང་བཀྲ་ཤིས་ཀྱིས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར།〗
གལ་ཏེ། འདི་ཡང་སྲུང་མ་གེ་སར་གྱི་སྲུང་སྐྱོབ་མིན་ན། འོ་ན་ག་འདྲ་ཞིག་ལ་ཆོས་སྐྱོང་བའི་སྲུང་མ་ལབ་དགོས་པ་ངས་ཤེས་མ་སོང་། འོན་ཀྱང་ངས་བལྟས་ན། གྲུབ་འབྲས་འདི་གཅིག་པུའི་ཆ་ནས་ཀྱང་གེ་སར་རྒྱལ་པོ་ལ་ཆོས་སྐྱོང་ཚང་མའི་ནང་ནས་གནས་རིམ་མཐོ་ཤོས་ཀྱི་ཆོས་སྐྱོང་གི་མཚན་གསོལ་ནའང་འགྲིག་ས་རེད། །

【དོགས་གཞི་བཅུ་པ།】      “ཆོས་སྐྱོང་སྲུང་མའི་ནང་ནས་གེ་སར་དེ་གནས་རིམ་མཐོ་ཤོས་ཀྱི་ཆོས་སྐྱོང་གི་མཚན་གསོལ་ནའང་འགྲིག་ས་རེད།”  ཅེས་པ་དེ་ནང་ཆོས་ལུགས་ཀྱི་ཆོས་སྐྱོང་སྲུང་མའི་ལྟ་ཚུལ་ཞིག་མ་རེད།   སྲུང་མའི་གོ་གནས་ཟེར་བ་དེ་ཆབ་སྲིད་ཀྱི་གོ་གནས་ནང་བཞིན་ཡར་སྤར་བ་དང་། མར་ཕབ་ཆོག་པ་ཞིག་མ་རེད། སྲུང་མ་ལ་ངོ་བོའི་སྒོ་ནས་དབྱེ་ན་ཡེ་ཤེས་པའི་སྲུང་མ་དང་། འཇིག་རྟེན་པའི་སྲུང་མ་གཉིས་ཀྱི་དབྱེ་བ་ཡོད་པ་ལས་སྲུང་མ་གོ་གནས་སྤོར་ཆོག་བྱེད་ཡས་མེད་པ་ཁོང་གིས་མཁྱེན་བཞིན་པ་རེད། དེས་ན་སྐད་ཆ་དུམ་བུ་འདི་ཁོང་གི་གསུངས་ཡིན་མིན་ལ་དོགས་གཞི་ཆེན་པོ་འདུག    །

སྤྱིར་བཏང་ལས་དང་བྱ་བ་ག་རེ་བྱས་ན་ཕྱི་ནང་གི་རྐྱེན་མང་པོ་ཞིག་ལ་བརྟེན་ནས་ལམ་དུ་འགྲོ་མིན་ཡོང་བ་ནི་ཆོས་ཉིད་ཅིག་རེད།   ལས་ཀ་གང་ཞིག་འགྲུབ་མིན་དེ་ཆོས་སྐྱོང་སྲུང་མའི་ནུས་པ་ཆེ་ཆུང་ཁོ་ན་ལ་བརྟེན་ནས་བྱུང་པ་ཞིག་ཡིན་ན། འོ་ན་ཨི་ཊ་ལིར་བཞུགས་པའི་གངས་ཅན་བླ་མ་དེ་མདོ་དབུས་ཁམས་གསུམ་གང་དུ་ཕེབས་ཀྱང་བདེ་བླག་ཏུ་ཕེབས་ཐུབ་པ་དེའང་ཆོས་སྐྱོང་སྲུང་མའི་ནུས་པ་ཡིན་ནམ། །

ཞེས་པ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་གསུང་ཡིན་ཟེར་བའི་བརྗོད་དོན་ཆོས་དང་འཇིག་རྟེན་གཉིས་ཀ་དང་འགལ་བ་དུ་མ་ཡོད་པའི་རྒྱ་ཡིག་འཕྲིན་ཕྲན་ཞིག་མཐོང་བའི་མོད་ལ། དེ་ནི་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ལ་ཁ་གཡར་ནས་བོད་ཀྱི་དད་ལྡན་འགའ་ཞིག་མགོ་བསྐོར་གཏོང་བའི་ཆེད་དུ་བྱས་པའི་གཏམ་འཆལ་ཞིག་མིན་ནམ་སྙམ་པའི་དོགས་པ་ཞིག་སྐྱེས་པའི་རྐྱེན་བྱས་ཏེ། དོགས་གཞི་གང་ཡོད་དོན་ཚན་བཅུ་རུ་བསྡུས་ནས་རྒྱ་ཆེ་ཀློག་པ་པོ་རྣམས་ལ་དཔྱད་གཞིའི་ཆེད་དུ་བོད་ཀྱི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས་སྤྱི་ལོ་༢༠༡༧ལོའི་ཟླ་བ་དང་པོའི་ཚེས་༢༩ཉིན། རྒྱ་ནག་པེ་ཅིང་གྲོང་གི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་ནས་སྤྲིངས། །

 

ཡོང་ཁུངས།  ལུག་ཚང་དཔལ་ཡོན།

བགྲོ་གླེང་།

Post navigation

Previous Post: ཐུབ་ཕུན་གྱི་ལོག་བཤད་ལ་ལན་དུ་སྤྲིངས་པ།
Next Post: ༄༅། །ལོ་སར་མ་རྩོད་བཞུགས་ན་ལེགས།

Comments (6) on “བདེན་རྫུན་བརྟག་པ་འོས་པའི་བཀའ་སློབ་ལ་དཔྱད་པ།”

  1. ཅོ་རི་ཉི་མ། says:
    2017-02-01 at 6:34 am

    སྐྱ་མིན་སེར་མིན་གྱི་བླ་སྤྲུལ་དག་གིས་དུས་དང་རྣམ་པ་ཀུན་དུ་བོད་མི་རྨོངས་དད་མགོ་དེ་དག་མགོ་བསྐོར་ཇི་ལྟར་གཏོང་དགོས་བསམས་ནས་བསྡད་ཡོད་རེད། ཁོ་ཚོས་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་རུ་གཡུགས་ཡོད་པའི་བོད་མི་རིགས་ལ་ཡ་ང་དང་སྙིང་རྗེ་སྤུ་ཙམ་བལྟ་ཡི་མ་རེད།

    མགོར་ཤིག་གིས་ཁེངས། ལུས་ལ་དྲི་མས་ཁེངས་ནས་ཡོད་པའི་ཉམ་ཐག་བོད་མི་རྣམས་མགོ་བསྐོར་གཏོང་གང་ཐུབ་བྱེད་ཀྱི་རེད། དད་པའི་ཨ་ལུང་ཡོད་ན་འདྲེན་བྱེད་ཀྱི་ལྕགས་ཀྱུ་ཁོ་ཚོ་ལ་ཡོད་ཟེར་གི་རེད། སྐྱེ་བ་རྗེས་མར་དག་ཞིང་ཞིག་ལ་ཡར་འཐེན་འགྲོ་མདོག་མདོག་གིས་རྫུན་བཤད་ཀྱི་རེད། ཁོ་ཚོས་མགོ་བསྐོར་གཏོང་ཐུབ་པ་ནི་ཁོ་ཚོ་ལ་དད་པ་དང་ཡིད་ཆེས་བྱེད་མཁན་གྱི་བོད་མི་རྨོངས་དད་མགོ་ཚོ་རེད། ཁོ་ཚོས་བཅོམ་ཐུབ་པ་ནི་དད་ལྡན་དམངས་ཚོགས་རེད། བཀོར་ཟན་ཚོ་ལ་མཚན་གྲགས་དང་རྒྱུ་དཔལ་འབྱོར་བྱུང་ན་བོད་རང་བཙན་ཡང་མི་མཁོ་ཟེར་གྱི་རེད།་་་་་་་སེམས་བསམ་གཏིང་ནས་སྐྱུག་མེར་ལངས་ཡ་རང་རེད་ད།

  2. ཅོ་རི་ཉི་མ། says:
    2017-02-01 at 6:59 am

    ཇི་སྲིད་བོད་མི་རིགས་ཆོས་ལུགས་པའི་སྲིད་དབང་སྒེར་གཅོད་ཀྱི་འོག་ནས་བཅོངས་གྲོལ་མ་ཐུབ་པ་དེ་སྲིད་བོད་མི་རིགས་ལ་རང་དབང་དང་དམངས་གཙོ། བདེ་སྐྱིད་དང་་ཡར་རྒྱས་ཡོང་མི་སྲིད། རྒྱ་གུན་ཁྲན་གྱི་སྲིད་དབང་སྒེར་གཅོད་ལས་ཀྱང་ཆོས་ལུགས་པའི་སྲིད་དབང་སྒེར་གཅོད་འདིའི་སྲ་བརྟན་ཆེ་བ་ཡོད། རྒྱ་གུན་ཁྲན་གྱི་སྲིད་དབང་སྒེར་གཅོད་ལམ་ལུགས་མགྱོགས་པོར་རྩ་མེད་འགྲོ་ངེས་ཀྱང་ཆོས་ལུགས་པའི་སྲིད་དབང་སྒེར་གཅོད་ལམ་ལུགས་འདི་མགྱོགས་པོར་རྩ་མེད་འགྲོ་ཁ་པོ་རེད། མ་འོངས་བོད་མི་རིགས་ཀྱིས་ཆོས་ལུགས་པའི་སྲིད་དབང་སྒེར་གཅོད་ལམ་འདི་ལ་ཤི་གསོན་གྱི་འཐབ་རྩོད་བྱ་ངེས་པ་ལྟ་བུ་རེད་འདོད་དོ།

  3. རྡོ་ཤུལ། says:
    2017-02-01 at 11:50 am

    1 ཅོ་རི་ཉི་མལགསཀྱིས་དངོས་ཡོད་གནས་ཚུལ་གསུངས་འདུག་རྗེས་སུ་ཡི་རངས་ཀྱིས་སླར བཀོད་པ།
    སྐྱ་མིན་སེར་མིན་གྱི་བླ་སྤྲུལ་དག་གིས་དུས་དང་རྣམ་པ་ཀུན་དུ་བོད་མི་རྨོངས་དད་མགོ་དེ་དག་མགོ་བསྐོར་ཇི་ལྟར་གཏོང་དགོས་བསམས་ནས་བསྡད་ཡོད་རེད། ཁོ་ཚོས་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་རུ་གཡུགས་ཡོད་པའི་བོད་མི་རིགས་ལ་ཡ་ང་དང་སྙིང་རྗེ་སྤུ་ཙམ་བལྟ་ཡི་མ་རེད།
    མགོར་ཤིག་གིས་ཁེངས། ལུས་ལ་དྲི་མས་ཁེངས་ནས་ཡོད་པའི་ཉམ་ཐག་བོད་མི་རྣམས་མགོ་བསྐོར་གཏོང་གང་ཐུབ་བྱེད་ཀྱི་རེད། དད་པའི་ཨ་ལུང་ཡོད་ན་འདྲེན་བྱེད་ཀྱི་ལྕགས་ཀྱུ་ཁོ་ཚོ་ལ་ཡོད་ཟེར་གི་རེད། སྐྱེ་བ་རྗེས་མར་དག་ཞིང་ཞིག་ལ་ཡར་འཐེན་འགྲོ་མདོག་མདོག་གིས་རྫུན་བཤད་ཀྱི་རེད། ཁོ་ཚོས་མགོ་བསྐོར་གཏོང་ཐུབ་པ་ནི་ཁོ་ཚོ་ལ་དད་པ་དང་ཡིད་ཆེས་བྱེད་མཁན་གྱི་བོད་མི་རྨོངས་དད་མགོ་ཚོ་རེད། ཁོ་ཚོས་བཅོམ་ཐུབ་པ་ནི་དད་ལྡན་དམངས་ཚོགས་རེད། བཀོར་ཟན་ཚོ་ལ་མཚན་གྲགས་དང་རྒྱུ་དཔལ་འབྱོར་བྱུང་ན་བོད་རང་བཙན་ཡང་མི་མཁོ་ཟེར་གྱི་རེད།་་་་་་་སེམས་བསམ་གཏིང་ནས་སྐྱུག་མེར་ལངས་ཡ་རང་རེད་ད། ཇི་སྲིད་བོད་མི་རིགས་ཆོས་ལུགས་པའི་སྲིད་དབང་སྒེར་གཅོད་ཀྱི་འོག་ནས་བཅོངས་གྲོལ་མ་ཐུབ་པ་དེ་སྲིད་བོད་མི་རིགས་ལ་རང་དབང་དང་དམངས་གཙོ། བདེ་སྐྱིད་དང་་ཡར་རྒྱས་ཡོང་མི་སྲིད། རྒྱ་གུན་ཁྲན་གྱི་སྲིད་དབང་སྒེར་གཅོད་ལས་ཀྱང་ཆོས་ལུགས་པའི་སྲིད་དབང་སྒེར་གཅོད་འདིའི་སྲ་བརྟན་ཆེ་བ་ཡོད། རྒྱ་གུན་ཁྲན་གྱི་སྲིད་དབང་སྒེར་གཅོད་ལམ་ལུགས་མགྱོགས་པོར་རྩ་མེད་འགྲོ་ངེས་ཀྱང་ཆོས་ལུགས་པའི་སྲིད་དབང་སྒེར་གཅོད་ལམ་ལུགས་འདི་མགྱོགས་པོར་རྩ་མེད་འགྲོ་ཁ་པོ་རེད། མ་འོངས་བོད་མི་རིགས་ཀྱིས་ཆོས་ལུགས་པའི་སྲིད་དབང་སྒེར་གཅོད་ལམ་འདི་ལ་ཤི་གསོན་གྱི་འཐབ་རྩོད་བྱ་ངེས་པ་ལྟ་བུ་རེད་འདོད་དོ།

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-02-01 at 9:26 pm

    སྟོན་པའི་བསྟན་པ་རྣམ་གཉིས་ཏེ་།
    ལུང་དང་རྟོག་པའི་བསྟན་པ་སྟེ་།

  5. སྣང་མཛད་རྡོ་རྗེ says:
    2017-02-02 at 9:11 pm

    དགེ་རྒན་ཆེན་མོ་ཐུབ་ཕུན་གྱིས་རྟག་པར་གསེར་རྟ་བླ་རུང་གི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སོགས་ལ་དགག་ཡིག་དང་ཚུལ་མིན་གྱི་རྩོམ་ཉོག་སྤེལ་དང་སྤེལ་བཞིན་ཡོད་པ་རེད། བོད་ཀྱི་མཁས་པ་སོ་སོ་མཐུན་སྒྲིལ་གྱིས་བོད་ཀྱི་སྐད་དང་རིག་གཞུང་མི་ཉམས་གོང་འཕེལ་ཏུ་གཏོང་ཐུབ་ན་དགེ་མོད། ཐུབ་ཕུན་གྱིས་བསྒྲིགས་པའི་ཚིག་མཛོད་ལ་དེ་སྔོན་ཚངས་དབང་དགེ་འདུན་བསྟན་པས་དག་བཅོས་འདྲ་བྱས་པར། ཐུབ་ཕུན་གྱིས་རང་ཉིད་ནོར་ཡོད་པ་ཤེས་བཞིན་དུ་ཨུ་ཚུགས་བྱས་སོང་ལ། སློབ་གྲྭ་ཆེན་མོའི་དགེ་རྒན་ཞིག་གི་མི་གཤིས་དང་བསམ་བློའི་གོ་རྟོགས་དེ་འདྲ་ཞིག་ཡིན་པ་མཐོང་རྗེས་ང་ནི་ཁོ་ལ་ཡིད་ཆད་སོང་། རེ་བ་ཟད་སོང་།

  6. རིན་ཆེན says:
    2017-02-06 at 9:30 am

    སྐད་ཆ་དྲང་མོ་བཤད་ན་ཐུབ་ཚོགས་ཀྱིས་དཔྱད་པ་གནང་འདུག་སྙམ།
    རྫ་ཚེ་ཡིས་ཕྱོགས་ལྷུང་དང་རྨོངས་བཤད་རྒྱུན་ཏུ་བཤད།རྫོང་གསར་མཁྱེན་བརྩེ་ལ་ཡོན་ཏན་ཅི་ཡང་མེད་པ་མ་ཟད།སྤྱོད་པའི་ཆ་ནས་ཀྱང་སྟོན་པའི་མནབས་བཟའ་གྱོན་མཁན་གྱི་སྣང་བ་མེད།མཁན་པོ་ཚུལ་བློ་ལྟ་བུ་ཞིག་གིས་སངས་རྒྱས་བསྟན་པ་འཛིན་ཁེགས་པོ་རེད།དེང་སང་རྒྱ་ནང་ལ་བོད་བརྒྱུད་ནང་བསྟན་དར་མགོ་ཚུགས་ཙམ་ཞིག་གི་སྐབས་དང་།དེ་ཡང་རྒྱ་ནག་གི་མི་ཚོའི་སེམས་ཁམས་ལ་དཀའ་ངལ་འཕྲད་བཞིན་པའི་སྐབས་གཉིས་དུས་གཅིག་ཏུ་འཁེལ་པས་རྒྱ་རིགས་ཚོར་ནད་ཐོག་ལ་སྨན་ལྟ་བུ་ཞིག་ཏུ་གྱུར་བ་རེད།མཁན་པོ་ཚུལ་བློས་རྒྱ་སྐད་ཡག་པོ་ཤེས་ཀྱི་ཡོད་པས་གོ་སྐབས་ཡང་ཡག་པོ་བྱུང་བ་རེད།བོད་ནང་ཁོས་སྡིག་སྤོང་དགེ་སྒྲུབ་ཟེར་ནས་འབྲོག་པའི་ཟོག་ལུག་ཚང་མ་བཙོང་དུ་བཅུགས་ནས་དེང་སང་འབྲོག་ཕྱོགས་དཀའ་ངལ་ཅི་འདྲ་འཕྲད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme