Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདག་ཉིད་ཆེན་པོ་གྷན་དྷི་དྲན་པ། 

Posted on 2018-06-252018-06-25 By ཁ་བརྡ 9 Comments on བདག་ཉིད་ཆེན་པོ་གྷན་དྷི་དྲན་པ། 

ཨ་འདུས་སྐལ་བཟང་རྒྱ་མཚོ།
 

——གྷན་དྷིའི་བང་སོར་མཇལ་བའི་ཟིན་ཐོ།

ཉེ་ལམ་ལས་དོན་ཅིག་གི་རྐྱེན་པས་ཉིན་འགར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྡོད་དགོས་བྱུང་། ཉིན་ཐ་མ་དེར་ང་དང་གྲོགས་པོ་གཉིས་འཛམ་གླིང་ན་མིང་དུ་གྲགས་པའི་རླབས་ཆེན་གྱི་སྐྱེས་བུ། བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་སྐུ་ཕུང་ཞུགས་འབུལ་བྱེད་ས་དེར་སོང་བ་ཡིན། མ་ཧཱ་གྷན་དྷི་མཆོག་ནི། ནང་བསྟན་པ་ཞིག་གི་ངོས་ནས་བལྟས་ན་ཕྱི་རོལ་པའི་གྲུབ་མཐའ་སྨྲ་བ་ཞིག་ཡིན་ནའང་། ཁོང་གི་མི་ཚེའི་ལོ་རྒྱུས་བཀླགས་ཐེངས་རེར་དགའ་གུས་དང་། ཡི་རངས་ཀྱི་གནས་ཚུལ་མང་པོ་ཞིག་ངམ་ངམ་ཤུགས་ཤུགས་ཀྱིས་ཡོང་གི་ཡོད། ཁོང་ནི་རྒྱ་གར་གྱི་རང་དབང་འཐབ་རྩོད་པ་དག་གི་ཁྲོད་འཚེ་མེད་ཞི་བའི་ཐབས་ལམ་ལ་སྣེ་ཁྲིད་ཀྱི་ནུས་པ་དམིགས་བསལ་འདོན་མྱོང་མཁན་ཞིག་ཡིན་པས། འཛམ་གླིང་འདིར་ཁོང་གི་གྲགས་པས་ཁྱབ་ཡོད།

ང་ཚོས་བསམ་བློ་རྒྱ་ཆེ་ས་ཞིག་ནས་བཏང་ན། བདག་ཉིད་ཆེན་པོ་གན་དྷི་མཆོག་ནི། རྒྱ་གར་གྱི་ལོ་རྒྱུས་ལ་འགྱུར་བ་གཏོང་མྱོང་མཁན་ཙམ་མིན་པར། འཛམ་གླིང་གི་སྲིད་དོན་གྱི་ལོ་རྒྱུས་ཁྲོད་བསྒྱུར་བཅོས་ཆེན་པོ་གཏོང་མྱོང་མཁན་ཞིག་ཡིན་པར་མ་ཟད།  ཁོང་གིས་གནའ་རབས་ཀྱི་རིག་གཞུང་མི་ཉམས་རྒྱུད་འཛིན་ཐད་བླ་ན་མེད་པའི་མཛད་རྗེས་བཞག་མང་པོ་ཡོད། དམིགས་བསལ་རྒྱ་གར་ལ་མཚོན་ན། དབྱིན་ཇིའི་དབང་སྒྱུར་འོག་རིག་གསར་ལ་འུར་ལང་སྟེ་རང་གི་ཕ་མེས་ཀྱི་རིག་གནས་དང་། གོམ་གཤིས། ལམ་སྲོལ་བཟང་པོ་དག་བག་མེད་དུ་འདོར་བའི་བྱས་ཉེས་དེར་རྒྱུ་མཚན་ལྡན་པའི་སྒོ་ནས་སྐྱོན་བརྗོད་བྱེད་མཁན་གྱི་བསམ་བློ་བ་དང་། ཀུན་སྤྱོད་པ། ཆོས་ལུགས་པ། ཞི་བདེ་བ་བཅས་ཀྱི་མ་དཔེ་གསོན་པོ་ཞིག་ཡིན་ཞེས་བཤད་ཆོག འོན་ཀྱང་། ཡིད་སྐྱོ་བ་ཞིག་ལ་གྷན་དྷི་མཆོག་གི་སྐུ་ཚེའི་མཐའ་མ་དེ་གནའ་བོའི་རྒྱ་གར་གྱི་སྲོལ་ལུགས་ལྟར་མེ་ཏོག་གིས་ཕེབས་སྐྱེལ་བྱེད་མ་ཐུབ་པར་དེང་རབ་ཀྱི་མཚོན་ཆ་མེ་མདའ་ཞིག་གིས་རྫོགས་ཚིག་འགོད་དགོས་པ་བྱུང་ཡོད། གྷན་དྷི་མཆོག་ནི་ཕྱི་ལུགས་ནས་འཇིག་རྟེན་བྱེད་པོར་ཡིད་ཆེས་བྱེད་པའི་ཧིན་རྡུ་བ་རྣལ་མ་ཞིག་ཡིན་ནའང་། ཁོང་གིས་ཆོས་ལུགས་ཚང་མ་རྒྱ་གར་ནང་མཉམ་གནས་ཡོང་སླད་དགོངས་པ་དཀྱེལ་ཡངས་བཞེས་ཏེ། རང་དང་ལྟ་སྤྱོད་གཏན་ནས་མི་མཐུན་པའི་ཁ་ཆེ་བ་དང་། ཡི་ཤུ་བ་རྣམས་ལ་རྣམ་འགྱུར་ཙམ་མིན་པར་གུས་ཞབས་ཆེན་པོ་བྱེད་ཀྱི་ཡོད།

གནས་བབ་དེ་འདྲ་ཞིག་གི་འོག་ནས་གྷན་དྷི་མཆོག་ཧིན་རྡུའི་བླ་ཆེན་ཞིག་གི་ལྐོག་བརྔན་འོག་ཧིན་རྡུ་བ་ཡིན་པའི་ཕོ་གཞོན་ཞིག་གིས་ལྐོག་གསོད་བྱས་པ་རེད། ང་ཚོས་གློག་བརྙན་བརྒྱུད་ནས་ཧ་ཅང་གསལ་པོར་མཐོང་ཐུབ་པ་ནི། སྐུ་སྲོག་ཤོར་བའི་ཉིན་མོ་དེར་འཆར་ཅན་བཞིན་བདག་ཉིད་ཆེན་པོ་གྷན་དྷི་མཆོག་བཞུགས་གནས་རྭ་བའི་ནང་ཐག་རིང་ནས་མཇལ་བར་ཡོང་བའི་མང་ཚོགས་རྣམས་ལ་འཚམས་འདྲིའི་ཆེད་ཕེབས་ཡོང་གི་ཡོད། དེ་ནི་ཞོགས་པའི་དུས་ཚོད་ཅིག་རེད། གྷན་དྷི་མཆོག་གི་ཕྱག་ཏུ་འཁར་དབྱུག་ཅིག་ཐོགས་ཤིང་། ཧ་ཅང་སྤྱིར་བཏང་ཡིན་པའི་ཟླུམ་གཟུགས་ཅན་གྱི་སྤྱན་ཤེལ་དེ་བསྣམས་ནས་བཅོས་མིན་འཛུམ་མདངས་དང་བཅས་ག་ལེར་ཕེབས་བྱུང་། གཡས་གཡོན་དག་ན་ཁོང་ལ་འཚམས་གཟིགས་པ་དག་གིས་གུས་ཉམས་ཆེན་པོས་ཤིས་ཚིག་བརྗོད་ཀྱི་ཚིག་དང་། དེ་བཞིན་མཚམས་འདྲི་བྱེད་ཀྱི་ཡོད། དེ་སྐབས་གློ་བུར་དུ་གྷན་དྷའི་མདུན་ཕྱོགས་ཀྱི་མི་ཚོགས་ཁྲོད་ནས་རྒྱ་གར་གྱི་གཞོན་སྐྱེས་ཤིག་ཧ་ཅང་སྐྱོ་ཉམས་ཀྱིས་ལག་ཟུང་ཐལ་མོ་སྦྱར་ཏེ་གྷན་དྷིིའི་ཉེ་སར་མཇལ་བར་བཅར་བྱུང་།

བདག་ཉིད་ཆེན་པོས་ཧ་ཅང་བརྩེ་བའི་ཉམས་དང་བཅས་གཞོན་ནུ་དེར་སྤྱན་གྱིས་གཟིགས་པ་ན། གཞོན་ནུ་དེས་རྒྱ་གར་བའི་ཡུལ་སྲོལ་ཇི་བཞིན་གྷན་དྷིའི་ཞབས་ལ་ཕྱག་འཚལ་རྗེས། གློ་བུར་དུ་ཐུང་མདའ་ཞིག་རུམ་ནས་བླངས་ཏེ་བསྟུད་མར་སྐག སྐག སྐག ཅེས་ལན་གསུམ་བརྒྱབས་པས། དེ་མ་ཐག་གཡས་གཡོན་གྱི་མི་ཚོགས་འུར་དུར་ལེར་གྱུར་སོང་། འོན་ཀྱང་། བདག་ཉིད་ཆེན་པོ་གྷན་དྷི་ནི་འཇིགས་ཞུམ་ཅི་ཡང་མེད་པར། ཐུགས་ལྷོད་པའི་ཉམས་དང་བཅས་ངག་ནས་་་་་ཨོ་་་་རམ་་་ཞེས་ལྷ་མཆོག་ལ་འབོད་བརྡ་ཐེངས་འགའ་གསུངས་བཞིན་ཁོང་ཁྲོ་སྤང་བའི་ཞལ་དང་། འཇིགས་པ་མེད་པ་སྤྱན་གྱིས་ན་ཆུང་གཞོན་ནུ་དེའི་གདོང་གི་འཁོན་སེམས་ལ་གཟིགས་བཞིན་ག་ལེར་ས་ལ་འགྱེལ་བྱུང་།  ཁོང་འགྱེལ་ས་དེ་ད་ལྟའི་བང་སོ་ཡོད་ས་འདི་མ་ཡིན་ནའང་། བདག་གིས་ཧ་ཅང་དྭངས་གཙང་ཡིན་པའི་བང་སོ་འདིའི་ཕྱི་ངོས་ནས་གྷན་དྷི་མཆོག་ས་ལ་འགྱེལ་བའི་སྣང་བརྙན་དེ་སྔར་བས་ཀྱང་གསོན་ཉམས་ངང་དྲན་བྱུང་། འདི་ནི་བདག་ཉིད་ཆེན་པོ་གྷན་དྷིིའི་སྐུ་ཚེའི་འཁྲབ་གཞུང་ནང་གི་གོ་རིམ་གཅིག་རེད།

དམག་འཁྲུག་དང་། འཕྲོག་བཅོམ་གྱིས་བཏུམས་པའི་དུས་རབས་ཤིག་གི་རྨོངས་གཉིད་དཀྲོགས་པའི་སྐྱེས་བུ་ཁོང་དགོངས་པ་རྫོགས་ནས་མི་ལོ་བརྒྱ་ཕྲག་ལ་ཉེ་བ་ལྷག་འདས་ཟིན་པའི་དེ་རིང་ཡང་། འཛམ་གླིང་མི་མང་གིས་ཁོང་ཉིད་བརྗེད་མི་སྲིད་ལ། བདེན་པ་ལ་དགའ་བའི་སྐྱེས་བུ་སྙིང་སྟོབས་ཅན་ཚོས་དེ་བས་ཀྱང་ཁོང་ཉིད་བརྗེད་མི་སྲིད་ཨང་། གཏན་ནས་གཏན་དུ་་་

བང་སོའི་ཟུར་དུ་སླེབས་དུས་སེམས་ན་སྐྱོ་སྣང་ཞིག་དབང་མེད་དུ་ཡོང་གི་འདུག དེ་ནི་བདག་ཉིད་ཆེན་པོ་ཁོང་འཛམ་གླིང་དང་ཁ་བྲལ་བའི་བརྒྱུད་རིམ་ཧ་ཅང་ཡི་མུག་པ་ཁོ་ནས་མིན་པར། རྒྱ་མཚོ་བཏུངས་ཀྱང་། རི་རབ་བཟས་ཀྱང་། ནམ་ཡང་འདོད་རྔམས་ཁེངས་མ་མྱོང་བའི་དབྱིན་གཞུང་གི་མི་སེར་སྤེལ་ཡུལ་དུ་མ་བཞག་པར། མི་ཚོགས་དུང་ཕྱིར་མང་པོ་ཡོད་པའི་རྒྱ་གར་གྱི་ཡུལ་གྲུ་ཆེན་པོ་འདི། གནའ་བོའི་ཆོས་དང་མཐུན་ལ། དེང་རབས་ཀྱི་སྲོལ་བཟང་དང་ཡང་མཛའ་བའི་ལམ་བུ་ཞིག་ཏུ་རེ་བ་དང་ཡིད་ཆེས་ཆེན་པོས་བསྐྱལ་མྱོང་བའི་བཀའ་དྲིན་དེ་རེད། གྷན་འདིས་འདྲ་ཞིག་གསུངས་མྱོང་སྟེ། ང་ཚོས་དབྱིན་ཇིའི་རེ་བ་སྐོང་ཐུབ་ནའང་། དབྱིན་ཇིའི་འདོད་རྔམས་གཏན་ནས་སྐོང་ཐུབ་ཀྱི་མ་རེད། ཅེས་དང་། འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད་ནས། ཁྱོད་ཚོས་ངའི་ལུས་པོ་ལྕགས་སྒྲོག་གིས་བསྡམས་ཐུབ་ནའང་། ཁྱོད་ཚོས་ངའི་རང་དབང་གི་བསམ་བློ་ནམ་ཡང་བཙོན་དུ་འཇུག་ཐུབ་ཀྱི་མ་རེད། ཅེས་པ་ལྟ་བུའི་བཀའ་སློབ་ཟབ་མོ་དེ་དག་གིས་དབྱིན་ཇི་ཙམ་མིན་པར་སྒེར་གཅོད་ལམ་ལུགས་དང་། མ་རྩ་རིང་ལུགས་ལ་དགའ་བའི་ཤར་ནུབ་ཀྱི་སྲིད་དོན་པ་མགོ་མཁྲེགས་ཚོའི་དབང་ཤུགས་འོག་ཆོས་ལུགས་དང་། མི་རིགས། རིག་གཞུང་གི་འགལ་ཟླས་བསྐྱེད་པའི་རང་དབང་རྩོད་ལེན་པ་དག་ལ་བདེན་པ་དང་། འཚེ་བ་མེད་པའི་ཐབས་ལམ་དང་། རང་ལས་གཞན་གཅེས་ཀྱི་འཐབ་རྩོད་དེའི་ཤུགས་རྐྱེན་ཆེན་པོ་ཐོབ་ཡོད་དེ། ཨ་རིའི་མི་རིགས་ནག་པོའི་རང་དབང་རྩོད་ལེན་པ་སྐུ་ཞབས་མ་ཌུར་ལུ་ཌུར་ཁན་གྱིས་ཀྱང་། རང་འཐབ་རྩོད་ཀྱི་མིག་དཔེར་བདག་ཉིད་ཆེན་པོ་འདིའི་ཆབ་སྲིད་ཀྱི་ལྟ་བ་ཁོ་ན་གཙོར་འཛིན་བྱས་པ་རེད།

དེ་བཞིན་དུ་དུས་རབས་ཉེར་གཅིག་པའི་འཛམ་གླིང་འདིར་ཞི་བདེའི་དེད་དཔོན་༧གོང་ས་ཏཱ་ལའི་བླ་མས་ཀྱང་སྐུ་ཚེ་ཧྲིལ་པོའི་བོད་དོན་འཐབ་ཕྱོགས་ཀྱི་ལམ་བུ་བདག་ཉིད་ཆེན་པོ་དེས་མིའི་རིགས་ལ་ཤུལ་བཞག་བྱས་པའི་འཚེ་མེད་ཞི་བའི་རིང་ལུགས་ཁོ་ན་མཛད་པར་མ་ཟད། ཁོང་གི་གསུང་བཤད་ལ་ལའི་ནང་བདག་ཉིད་ཆེན་པོ་གྷན་དྷིར་མཇལ་མ་མྱོང་བ་དེར་ཐུགས་ཕམ་ཡོད་སྐོར་གསུངས་ཡོད། ༧གོང་ས་མཆོག་ད་ལྟའི་ཆར་རྒྱ་གར་གྱི་གྷན་དྷིའི་ཐེབ་རྩའི་དམིགས་བསལ་དབུ་ཁྲིད་དུ་བཞུགས་བཞིན་པ་དང་། ཞི་བདེ་ལ་དགའ་བའི་དམ་པ་མང་པོས་ཁོང་ལ་ འཚོ་བཞིན་པའི་གྷན་དྷི་ ཞེས་ཀྱང་འབོད་ཀྱི་ཡོད་པ་དེ་ཡང་དམིགས་བསལ་བོད་པ་ཚོར་མཚོན་ན། ལོ་རྒྱུས་ཐོག་སྤོབས་པ་སྐྱེ་དགོས་པའི་གནས་ཚུལ་ཞིག་རེད་ཅེས་བཤད་ཆོག་པ་ཡིན།

གང་ལྟར་ངས་སེམས་གཏིང་ནས་གྷན་དྷི་མཆོག་དྲན་བཞིན་བང་སོའི་ཟུར་དེ་ནས་མགོན་པོ་གང་གི་ཀུན་ཁྱབ་ཀྱི་བརྩེ་བ་དང་། ཟླ་མེད་ཀྱི་ཐུགས་སྟོབས། འཚེ་བྲལ་གྱི་སྤྱོད་ལམ་བཅས་ཡུད་ཙམ་རིང་ཕྱིར་དྲན་གྱི་ཀློང་ནས་རོལ་མྱོང་བྱས་པ་ཡིན། སྐབས་དེར་བང་སོའི་གམ་དུ་མི་ཚོགས་ཀྱི་འཚང་ཁ་སྔར་བས་ཀྱང་ཉུང་དུ་སོང་བའི་གོ་སྐབས་དང་བསྟུན་དྲན་རྟེན་གྱི་བརྙན་པར་ཞིག་ཀྱང་བླངས། བང་སོ་དེའི་ཕྱི་ངོས་རྡོ་ནག་པོ་ཞིག་གིས་བཏུམས་ཡོད་ལ། དེའི་སྟེང་དུ་ནམ་ཡང་གཟིམ་ཏུ་མེད་པའི་མར་མེ་ཚེ་འབར་ཞིག་སྒྲོན་ཡོད། བང་སོའི་ཕྱོགས་གང་སར་མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བས་མཛེས་ཤིང་། མདུན་དེར་( ཧེ་རམ་) ཞེས་པའི་ཡི་གེ་གསེར་ཡིག་གིས་བཟོས་པ་ཞིག་བཞག་ཡོད། དེ་ནི་གྷན་དྷི་མཆོག་ལྐོག་གསོད་པས་མེ་མདའ་བཀྲོངས་སྐབས་ཁོང་གི་ཞལ་ནས་དཀོན་མཆོག་ལ་འབོད་བརྡ་གཏོང་བའི་ཚིག་ཅིག་རེད།  སྤྱིར་རམ་ཞེས་པའི་ཚིག་དེ་ནི་རྒྱ་གར་གྱི་ཧིན་རྡུ་བ་དག་གིས་རྒྱུན་དུ་འབོད་པའི་ཚིག་ཅིག་ཡིན་མོད། འགའ་རེས་བཤད་ན་གྷན་དྷི་མཆོག་གིས་སྐུ་ཚེའི་ཐ་མར་གསུངས་པའི་ཚིག་དེ་ཡིན་པས་སྔར་བས་ཀྱང་རམ་གྱི་མིང་ནས་འབོད་སྲོལ་ཆེ་བར་བྱུང་ཚུལ་བཤད་སྲོལ་ཡང་ཡོད་སྐད། གང་ལྟར། ཧིན་རྡུའི་ཡི་གེས་ཧེ་རམ་ཞེས་པའི་ཡིག་འབྲུ་ཆེན་པོ་དེ་མེ་ཏོག་གི་མཆོད་པ་དང་བཤམས་ཡོད་ས་དེ་ནས། རྒྱ་གར་བ་དག་གིས་གུས་ཞབས་ཆེན་པོའི་གྷན་དྷི་མཆོག་གི་བང་སོར་སྲོལ་རྒྱུན་དུ་ཆགས་པའི་ཞབས་རྡུལ་སྤྱི་བོར་ལེན་ཚུལ་གྱི་གུས་ཕྱག་དེ་འཚང་ཁ་ཤིག་ཤིག་འཚལ་བཞིན་ཡོད་ལ། ཧ་ཅང་ཐག་རིང་ནས་ཡོང་བའི་ཨིན་ཇི་བ་མགོ་སེར་ཚོས་ཀྱང་གྷན་དྷིའི་བང་སོར་མཇལ་བཞིན་ཁོང་གི་མཛད་རྗེས་ལ་ཕྱིར་དྲན་བྱེད་ཀྱི་ཡོད་ཅིང་། བང་སོའི་སྒང་གི་མེ་ལྕེ་དེ་ཡང་གྷན་དྷིར་དགའ་བའི་མི་ཚོགས་ཀྱི་རེ་སྨོན་དང་ལྷན་དུ་ཆེས་རང་དབང་གིས་མཆེད་ཀྱིན་འདུག

ལྷུག་རྩོམ།

Post navigation

Previous Post: ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ལ་ཀིརྟི་ཚང་གི་གཞིས་བྱེས་དགོན་གྲོང་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐབས་གནང་བའི་གསུང་བཤད།
Next Post: འུག་རྒན་ཤེས་རྒྱ་ཅན་པོ། 


Comments (9) on “བདག་ཉིད་ཆེན་པོ་གྷན་དྷི་དྲན་པ། ”

  1. ཀརྡོ་གཉེར་ཕྱག་པ་ says:
    2018-06-25 at 12:55 pm

    ཕྱི་པའི་ཆབ་སྲིད་པ་གན་དྷི་དང་།
    https://www6.fmovies.se/film/gandhi.n31n/00x6zk
    ནང་པའི་མཁས་དབང་ཨ་བེད་ཀར།
    https://en.wikipedia.org/wiki/B._R._Ambedkar

  2. ཀརྡོ་གཉེར་ཕྱག་པ་ says:
    2018-06-26 at 11:42 am

    བདག་ཉིད་ཆེན་པོ་གན་དྷི་ཡིས། །
    ཐུག་རེག་མི་ཆོག་མི་རིགས་ལ། །
    ཧ་རི་ཇན་ནམ་དཀོན་མཆོགམི། །
    བཏགས་ཀྱང་གདོད་མའི་མི་རིགས་ལ། །
    ་
    དམིགས་བསལ་ཆབ་སྲིད་དགོས་ཞེས་མཁན། །
    ཌོཀ་ཊོར་ཨམ་བེར་ཀར་གྱིས་རྩོད། །
    ཡང་ཡང་རྩོད་ཀྱང་གན་དྷི་ཡིས། །
    ཧིན་དུ་ཡིན་པས་ཐོབ་ཐང་བཅད། །
    ་
    ད་ལྟའི་དུས་སུའང་ཧ་རི་ཇན། །
    རིགས་ངན་མི་རིགས་ད་ལིད་ཅེས། །
    དགོན་པ་འགྲོ་དང་འཐུང་ཆུ་སོགས། །
    འགྲོ་འཐུང་མི་ཆོག་སྲོལ་ངན་མང་། །

  3. ཀླུ་སྨྱོན། says:
    2018-06-27 at 11:51 pm

    གན་དིས་རྒྱ་གར་བ་ཚོར་རང་དབང་དང་ལེ་ལོ་གཉིས་ཀ་སྤྲད་པ་རེད།

  4. ཀརྡོ་གཉེར་ཕྱག་པ་ says:
    2018-06-28 at 12:27 am

    ད་ལྟའི་དུས་སུའང་ཧ་རི་ཇན། །
    རིགས་ངན་མི་རིགས་ད་ལིད་ཅེས། །
    དགོན་པ་འགྲོ་དང་འཐུང་ཆུ་སོགས། །
    འགྲོ་འཐུང་མི་ཆོག་སྲོལ་ངན་མང་། །
    འདི།
    ད་ལྟའི་དུས་སུའང་ཧ་རི་ཇན། །
    རིགས་ངན་མི་རིགས་ད་ལིད་ཅེས། །
    དགོན་པར་འགྲོ་དང་འཐུང་ཆུ་སོགས། །
    འགྲོ་འཐུང་མི་ཆོག་སྲོལ་ངན་མང་། །
    ལ་བཅོས།
    ་
    གན་དྷིས་ནོར་འཁྲུལ་བཏང་བའི་རིགས་དང་། ཨ་མེད་ཀར་གྱིས། གསར་བརྗེ་བཏང་བ་གཉིས་ལ་ལྕི་ཡང་འཇལ་དགོས་པའི་དུས་ལ་བབ་ཡོད་རེད་སྙམ་ཡང་་་་་་་ ངས་བྱུས་གཏོགས་བྱས་པའི་ཅི་ལ་ཕན། ཧཧ།། །།

  5. ཀརྡོ་གཉེར་ཕྱག་པ་ says:
    2018-06-28 at 5:49 am

    http://tibettimes.net/2018/06/27/170312/
    ་་་་་་་་་་ བློ་ཕམ་པ་ཞིག་ལ། སྐྱབས་བཅོལ་བོད་མི་དག་གི་ཁྲོད་རྒྱུན་ཆགས་ཀྱི་གོམས་གཤིས་སླེབས་པ་དང་། རྣམ་དཔྱོད་ལྡན་ཞིང་ཁ་ཞེ་གཉིས་མེད་ཀྱི་ལས་ཀས་དབེན་ནས་ཡོད་པ་རེད། ཁོང་ཚོའི་གཏམ་བརྗོད་ནི་སྤྱི་ཚོགས་དྲ་ལམ་ནང་དུ་ལུས་པ་དང་། མི་དམངས་ཀྱི་ངོ་ཚབ་མི་ཐུབ་པའི་མི་སྒེར་ཉུང་ཤས་ཤིག་གི་ཆབ་སྲིད་ལ་མགོ་འཁོར་ནས་ལྷག་ཡོད་པ་རེད། ་་་་་་་་་་་ ཟེར།

  6. བསམ་ཤེས། says:
    2018-06-28 at 3:55 pm

    ལྕང་རྒན་སྐམ་པོ་མཉེར་མས་ཁྱབ་པའི་གཟུགས་པོ་ཆུང་ཆུང་དེ་ནི་གྷན་དི་རེད་དམ་མ་རེད་ལགས།

    ཕྲ་ཤེལ་སྒོར་མོ་ཤིན་དུ་འཚེར་བའི་མིག་ཟུང་དེ་ནི་གྷན་དི་རེད་དམ་མ་རེད་ལགས།

    རས་གོས་སྲབ་མོ་ཤོག་བུ་དཀར་མོ་ལུས་ལ་བསྣབས་འདི་གྷན་དི་རེད་དམ་མ་རེད་ལགས།

    བློ་རྩ་ཇོ་མོ་གླང་མ་གཏིང་ལ་ཚུགས་དང་རྣམ་དཔྱོད་གློག་ཟེར་ཁབ་ལས་རྣོ་བའི་རྒྱ་གར་མི་འདི་གྷན་དི་རེད་དམ་དེ་རེད་ལགས།

  7. ཀརྡོ་གཉེར་ཕྱག་པ་ says:
    2018-07-01 at 4:57 am

    གན་དྷིས་རང་བཙན་བླངས་ནས་རྒྱ་གར་ཡར་རྒྱས་ཆེ་བ་བྱུང་ཡོད་དམ། ད་དུང་ད་ལྟའི་བར་ཨིན་ཇིའི་མཉམ་དུ་བསྡད་ཡོད་ན་ཡར་རྒྱས་ཆེ་བ་བྱུང་ཡོད་དམ། ཧ་ཧ།།

  8. ཀརྡོ་གཉེར་ཕྱག་པ་ says:
    2018-07-11 at 7:42 am

    ད་ལྟའི་དུས་སུའང་ཧ་རི་ཇན་དང་། ཧ་རི་གཉིས་ད་དུང་ཡང་སོས་སོར་ཡོད་དགོས་དོན་གང་ཡིན་ནམ།
    https://www.facebook.com/drikungkagyu.ling/videos/1416950865083581/UzpfSTEwMDAwMjE3OTQzODQzNDoxNzUxNTY0OTk0OTI2MTMx/

  9. ཀརྡོ་གཉེར་ཕྱག་པ་ says:
    2018-07-11 at 7:58 am

    ཐེག་དམན་གྲྭ་ལོག་ཞིག་གིས།
    https://www.facebook.com/dorje168/photos/a.208336002885151.1073741828.207920479593370/642862709432476/?type=3&theater

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme