Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ལ་བསྟོད་པ།

Posted on 2011-08-012011-08-02 By དབང་ཕྱུག་ 13 Comments on བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ལ་བསྟོད་པ།

( བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་སྒྲ་རྒྱན་རླབས་ཀྱི་རྩེད་དགའ་དགོད་པའི་མཆོད་སྤྲིན་བྱ་བ་བཞུགས་སོ།།)
ཐེ་བོ་དཀོན་མཆོག་ཤེས་རབ་ཀྱིས།

ན་མོ་གུ་རུ་ཤཱཀྱ་མུ་ནེ་ཡེ།
ཀུན་མཁྱེན་ཀུན་ཀྱིས་བསྔགས་པའི་ཡང་དག་ལམ། །
ལམ་བཟང་བཟང་བོའི་གསུང་གིས་གསལ་མཛད་གང་། །
གང་དག་དག་དང་མ་དག་གདུལ་བྱའི་འཁོར། །
ཆོས་ཀྱི་འཁོར་ལོ་བསྐོར་ལ་ཕྱག་འཚལ་ལོ། །

གང་གིས་གང་དུ་མངོན་པར་སངས་རྒྱས་ནས། །
ཝ་ར་ཎ་སཱི་ནགས་ཀྱི་དགའ་ཚལ་ན། །
ལྔ་སྡེ་ལམ་ལྔའི་ལམ་གྱི་མཐར་དབྱུང་ཕྱིར། །
བདེན་བཞིའི་ཆོས་འཁོར་བསྐོར་ལ་ཕྱག་འཚལ་ལོ། །

ལས་ཉོན་དྲག་པོས་ཉོན་མོངས་གྱུར་པའི་འགྲོར། །
ལུགས་འབྱུང་ལུགས་ལྡོག་ཀུན་བྱང་རྟེན་འབྲེལ་ཚུལ། །
ཆོས་ཀྱི་བདུད་རྩི་ཆོས་ཀྱི་ཆར་ཆེན་པོ། །
ཀུན་ནས་ཀུན་ཏུ་འབེབས་ལ་ཕྱག་འཚལ་ལོ། །

བཟླས་པ་བཞི་དང་རྣམ་པ་བཅུ་གཉིས་ཀྱི། །
ཁྱད་ཆོས་དང་ལྡན་ཁྱད་འཕགས་ཆོས་ཀྱི་མཛོད། །
འཁོར་འདས་བླང་དོར་གནས་ཀུན་ཀུན་ཏུ་གསལ། །
ཐོག་མཐའ་བར་དུ་དགེ་ལ་ཕྱག་ལ་འཚལ་ལོ། །

ཇི་ལྟར་སྨན་པས་སྨན་གྱིས་ནད་གསོ་ལྟར། །
གང་ལ་གང་འདུལ་གདུལ་བྱའི་ཡིད་ཀྱི་མཚོར། །
ཕྱག་རྒྱ་བཞི་དང་བདེན་རྣམ་བཅུ་དྲུག་གཟུགས། །
ཟླ་གཟུགས་ལྟར་མཛེས་མཛད་ལ་ཕྱག་འཚལ་ལོ། །

ཆུ་མཚོ་ལས་ནི་ཆུ་སྐྱེས་ཇི་བཞིན་དུ། །
དུ་མའི་འགྲོ་ལ་ཚུལ་ཁྲིམས་ཚུལ་བཟང་བོས། །
བོས་པ་ཇི་བཞིན་དད་པའི་བུང་བ་སྟོང་། །
སྟོང་ཕྲག་སྟོང་གིས་བསྟོད་ལ་ཕྱག་འཚལ་ལོ། །

བྱང་སེམས་བྱ་རྒོད་ཕུང་བོར་སྤྲུལ་བའི་རིར། །
རྨད་བྱུང་གསུང་རབ་ཀུན་ཀྱི་རབ་དང་ཕུལ། །
མཚན་མེད་སྨོན་མེད་སྟོང་ཉིད་བདག་མེད་ཆོས། །
ཤེར་ཕྱིན་གསུང་བར་མཛད་ལ་ཕྱག་འཚལ་ལོ། །

ཡངས་པ་ཅན་དང་མཉན་ཡོད་སོགས་སུ་ཡང་། །
རྣམ་མང་སྣ་ཚོགས་མདོ་སྡེ་རིན་པོ་ཆེ། །
མཚན་ཉིད་ལེགས་ཕྱེ་ལེགས་གསུངས་སྙིང་བོའི་བཀའ། །
བཀའ་འཁོར་གསུམ་པ་བསྐོར་ལ་ཕྱག་འཚལ་ལོ། །
ཆོས་འབྱུང་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །
ངོ་མཚར་མྱུར་ལམ་ལམ་གྱི་མཐར་ཐུག་པ། །
རྒྱུད་སྡེ་རྣམ་བཞི་རྣམ་པ་མཐའ་ཡས་ཤིག །
རྡོ་རྗེའི་གསུང་གིས་གསུང་ལ་ཕྱག་འཚལ་ལོ། །

ལྷ་དབང་དབང་ཕྱུག་ལྷ་དང་ལྷ་མིན་སོགས། །
ཀུན་ཀྱིས་ཀུན་ནས་བསྐོར་བར་མ་ནུས་པའི། །
སྔོན་མེད་ཆོས་འཁོར་འཁོར་བ་ཇི་སྲིད་དུ། །
ཀུན་ཏུ་རབ་ཏུ་སྐོར་ལ་ཕྱག་འཚལ་ལོ། །

དེ་ལྟར་ཐུབ་དབང་ཤཱཀྱའི་དབང་བོ་ཡིས། །
ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་པ་ལ། །
བསྟོད་པའི་སྙན་ངག་སྙན་ཚིག་མེ་ཏོག་ཕྲེང་། །
ཅུང་ཟད་སྤེལ་ལས་བྱུང་བའི་ཕུལ་བྱུང་དགེས། །

གངས་རིའི་ལྗོངས་སུ་གངས་་དཀར་ལྟར་དཀར་བའི། །
ཆོས་སྲིད་སྣང་བ་རྣམ་པར་གསལ་དང་ལྷན། །
རིས་མེད་ཐུབ་བསྟན་བསྟན་པའི་ཆུ་ཀླུང་འབུམ། །
རྣམ་པར་རྒྱུ་བས་ས་ཆེན་མཛེས་གྱུར་ཅིག །

བདག་ཀྱང་དེང་ནས་ཚེ་རབས་གང་དང་གང་། །
དེ་དང་དེར་ནི་ཐུབ་པའི་དབང་བོ་ཡི། །
གསུང་རབ་རབ་དཀར་བདུད་རྩི་རབ་མྱངས་ནས། །
ཆོས་ཀྱི་ཆར་ཆེན་འགྲོ་ལ་འབེབས་པར་ཤོག །

ཅེས་པ་འདི་ནི་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་དཔལ་ལྡན་བླ་མ་དུ་མའི་ཞབས་ཀྱི་པདྨོ་གུས་པས་བསྟེན་པའི་མཐུ་ལས། རྒྱལ་བའི་གསུང་རབ་རིན་པོ་ཆེར་མི་ཕྱེད་པའི་དད་པ་ཐོབ་པ། ཐེ་བོ་དཀོན་མཆོག་ཤེས་རབ་བམ་སྒྲ་ཀུན་བཤད་ཀྱི་མིང་དབྱངས་ཅན་རིག་པའི་འདོད་འཇོར་འབོད་པས། བོད་ལྕགས་ཡོས་ལོའི་ཟླ་བ་༥ ཚེས་ ༢༥ ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༥ ཉིན་རྒྱལ་བས་ཆོས་འཁོར་བསྐོར་པའི་དུས་ཆེན་ལ་ཉེ་བར་གྱུར་པ་མཁའ་འགྲོ་འདུ་བའི་དུས་ཚེས་བཟང་བོར་མོས་གུས་དྲག་པོས་ཀུན་ནས་བསླངས་ཏེ་སྦྱར་བ་དགེའོ།། །།

སྙན་ངག

Post navigation

Previous Post: དཔའ་བོའི་ཆོས་ལུགས། ནང་པ་དང་ཁ་ཆེའི་རིགས་ལྡན་ལྕགས་འཁོར་ཅན་་དང་ཇི་ཧཏི།
Next Post: སུམ་རྟགས་ཐོན་མིས་བརྩམས་པ་ཨེ་བདེན་ནམ།

Comments (13) on “བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ལ་བསྟོད་པ།”

  1. ཐུབ་བསྟན says:
    2011-08-01 at 6:42 pm

    བཀྲ་ཤིས

  2. གཞོན་ནུ་ཟླ་མེད། says:
    2011-08-01 at 9:40 pm

    ཐེ་བོ་དཀོན་མཆོག་ཤེས་རབ་ལགས། བཟླས་པ་བཞི་དང་རྣམ་པ་བཅུ་གཉིས་ཀྱི། །ཁྱད་ཆོས་དང་ལྡན་ཁྱད་འཕགས་ཆོས་ཀྱི་མཛོད། ། ཅེས་པའི་བཟླས་པ་བཞི་ཟེར་ན་ག་རེ་རེད། གལ་སྲིད་བདེན་བཞིའི་བཟླས་པ་ལ་བཤད་ཀྱི་ཡོད་ན། བདེན་བཞིའི་མདོ་རང་ལས་(དགེ་སློང་དག ངས་གང་ནས་འཕགས་པའི་བདེན་པ་བཞི་བོ་འདི་རྣམས་ལ་དེ་ལྟར་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་བསྐོར་བས) ཞེས་བཟླས་པ་གསུམ་ལས་གསུངས་མི་འདུག་ན། བཟླས་པ་བཞི་བ་དེ་གང་ཞིག་ཡིན། ད་དུང་བོད་ཀྱི་ཡིག་ཆ་མང་པོས་ངོ་བོ་ལ་བཟླས་པ། བྱ་བ་ལ་བཟླས་པ། འབྲས་བུ་ལ་བཟླས་པ་ཟེར་ནས་གསུམ་མ་གཏོགས་བཞི་བ་དེ་རེག་མི་འདུག་ན། སྐུ་ཉིད་ཀྱི་བཟླས་པ་བཞི་པ་དེར་གསལ་བཤད་ཞིག་གནང་པའི་རེ་བ་ཡོད།
    ལས་ཉོན་དྲག་པོས་ཉོན་མོངས་གྱུར་པའི་འགྲོར། །
    ལུགས་འབྱུང་ལུགས་ལྡོག་ཀུན་བྱང་རྟེན་འབྲེལ་ཚུལ། །
    ཆོས་ཀྱི་བདུད་རྩི་ཆོས་ཀྱི་ཆར་ཆེན་པོ། །
    ཀུན་ནས་ཀུན་ཏུ་འབེབས་ལ་ཕྱག་འཚལ་ལོ། །
    ཚིག་རྐང་འདིས་ལས་ཉོན་དྲག་པོས་ཟེར་བའི་བྱེད་པ་དེའི་བྱ་བ་བཙལ་བས། འབེབས་ཟེར་བ་དེ་ལ་ཐུག་འདུག རྣམ་རྟོག་ལངས་རྒྱུ་བོ། ལས་ཉོན་དྲག་པོས་ཆོས་ཀྱི་ཆར་ཆེན་པོ་ཀུན་ནས་འབེབས་པ་འདི་ཡ་མཚན་ནང་གི་ཡ་མཚན་ཞིག་རེད། ཚིག་སྦྱོར་ཚང་མ་རྒྱ་ཆོན་རྒྱག་གི་རྐང་པ་ལྟར་གོ་རིམ་འཁྲུགས་པ་འདི་ཅི་ཞིག་རེད།
    ཡང་མི་རིང་པོ་ཅིག་འདུག ༼ཐེ་བོ་དཀོན་མཆོག་ཤེས་རབ་བམ་སྒྲ་ཀུན་བཤད་ཀྱི་མིང་དབྱངས་ཅན་རིག་པའི་འདོད་འཇོར་འབོད་པས། ༽ མིང་འདི་འདྲ་རིང་པོ་ཞིག་ལས་ཡོན་ཏན་རིང་པོ་ཞིག་ཡོད་ན་ཅི་མ་རུང་། ཧཧཧ སྐུ་རྩེད་ཞུ་བ་ཡིན་ད།

  3. མགོ་ལོག་ཟླ་བྷེ ། says:
    2011-08-02 at 12:27 am

    གཞོན་ནུ་ཟླ་མེད་ལགས ། ངས་བལྟས་ན ། བཟླས་བཞི་ཞེས་པ་ལ་སྐྱོན་ཆེར་མི་འདུག བཟླས་པ་ཁག་གསུམ་པོ་
    བཞི་ཚན་གསུམ་ཡིན་པས་རྣམ་པ་བཅུ་གཉིས་ལ་འགྱུར་བ་རེད ། དེ་ལས་རྩོམ་ཁོ་རང་ངག་ལྐུགས་མ་ཐང་གི་ཟློ་བ་
    ལྟར་སྒྲ་འདྲ་སེ་བ་དག་བཙན་གྱི་བསྐྱར་བ་ལ ། སྙན་ངག་རིག་པའི་སྒྲ་རྒྱན་དུ་འགྲོ་མིན་ཅུང་ཐེ་ཚོམ་མོ ། །
    རིག་པའི་དཔའ་བོ་དབྱུག་པ་འཛིན་པ་ཞེས ། །
    གྲགས་པའི་འབྲུག་སྒྲ་ཕྱོགས་སུ་རྒོད་པ་དེས ། །
    འདི་ལྟར་ལྐུགས་པའི་བསྙད་པ་ལྟ་བུ་ལ ། །
    སྒྲ་རྒྱན་ཞེས་སུ་བསྔགས་པ་སྲིད་དམ་ཀྱེ ། །
    ཨ་ལ་དྲྭ་གྲོགས་གཉིས་ལ་སྐུ་རྩེད་ཞུས་པ་ཡིན་ངས་སྙན་ངག་ལ་ཅི་ཡང་མི་ཤེས །

  4. རྩམ་དགའ། says:
    2011-08-02 at 5:09 am

    ཨ་སྒོར་འབུམ་གྱིས་མི་ཁུག་པའི། །
    བསྟོད་པ་རིན་ཆེན་ནོར་བུའི་ཕྲེང་། །
    ཁ་བརྡ་ཚང་གི་ཞི་ལི་ཚོའི། །
    སྐྱེས་སུ་ཕུལ་བར་བཀའ་དྲིན་ཆེ། །

  5. རྩམ་དགའ། says:
    2011-08-02 at 4:03 pm

    བལ་ཡུལ་ཕྱོགས་ཀྱི་སྙན་ངག་སྨྲ་བ་དང་། །
    དྷ་སའི་རི་ན་ཉུལ་བའི་སྒྱུ་རྩལ་བ། །
    ཨ་རིའི་ཡུལ་གྱི་མཁས་པ་ཟླ་མེད་བཅས། །
    སྟག་སེང་གཡུ་འབྲུག་གསུམ་ལ་ཕྱག་འཚལ་ལོ། །

  6. གཞོན་ནུ་ཟླ་མེད། says:
    2011-08-02 at 4:48 pm

    ཡ་ད་ཁ་བརྡ་བྱེད་ཡ་རྩམ་དགའ། ཁྱོད་འདི་ད་བྱི་ལི་ཡ་རབས་ཟིག་རེད། ཨ་ཁུ་ལ་བསྟོད་པ་བཏང་ནོ་ཞེ་གི་ཧྲ་ཀི ཨ་ཁུ་ལོ་ལོན་གི་ལོན་གི་བསྟོད་པ་ལ་དགའ་ནི་འདྲ་ཟིག་ཆགས་བསྡད་ཡོད་ཀི ངས་ཁྱོད་ལ་བསྟོད་པ་ཟིག་བཏང་མ་མྱོང་། སྔོན་མ་ང་ཁ་བརྡ་ནང་དུ་གསར་བ་ཡོང་དུས་ངས་ཁྱོད་ལ་རྩམ་དགའ་ཁྱོད་རྩམ་པའི་ཁུག་ཏི་ཟེར་ནས་སྡིག་ནོ་འེ་དྲན་གི མང་ང་མང་ང་ཟིག་མི་དྲན་གི་ལ། གང་ལྟར་ངས་ཁྱོད་ལ་སྡིག་ནོ་དྲན་གི ང་ལ་ཡང་སྔོན་མ་གི་ཕ་ཡུལ་གྱི་བླ་རྒན་ཀླད་དམར་དེ་ཚོའི་གཤིས་ཀ་འགོས་ཡོད་གི གཤིས་ཀ་འགོས་ནོ་ཉུང་ཉུང་མ་རེད། དེང་སང་ད་ཤེས་ཀི
    སྡེ་མགོ་ལོག་རྡ་བྷེ་ལ་སླེབས་སོང་ཟིག མགོ་ལོག་ཟླ་བྷེ་འདིའི་ཁ་ད་གྲྭ་སའི་རྩོད་པ་རྩོད་ས་ཞིག་ལ་སླེབས་ཀྱི་ན་ལྟད་མོ་ཞིག་ཡོད་ས་རེད། ཚིག་དེ་ཚོ་ཚང་མ་རྩ་ཀུ་ཤ་ལྟར་མ་འདྲེས་པར་ཤིག་སེ་འཐོར་ཡོང་པ་ཞིག་ཡོད་ཀི དེའི་སྟེང་ལ་རིག་པ་མྱུར་ཀ ཁ་ལྕེ་བདེ་ཀ རིག་པ་དྲང་མོར་རེད་ལ། འདི་ཆོས་ར་ནང་ལ་མཛའ་སེ་ཡོད་ཀི་ཟེར་ནས་བཤད་ན་ཁོང་གི་རིག་མས་ངའི་མགོ་ལ་ཐོན་བུས་རྒྱག་ན་ཐང་ཡ།

  7. མིག་བརྒྱད་པ། says:
    2011-08-02 at 7:31 pm

    ༼བཟླས་པ་བཞི་དང་རྣམ་པ་བཅུ་གཉིས་ཀྱི། །
    ཁྱད་ཆོས་དང་ལྡན་ཁྱད་འཕགས་ཆོས་ཀྱི་མཛོད། །
    འཁོར་འདས་བླང་དོར་གནས་ཀུན་ཀུན་ཏུ་གསལ། །
    ཐོག་མཐའ་བར་དུ་དགེ་ལ་ཕྱག་ལ་འཚལ་ལོ། །༽ཞེས་པ་ལ་བཟླས་བ་གསུམ་ཞེས་སྦྱར་ན་གཞུང་དང་མཐུན་པས་ལེགས། ངོ་བོ་ལ་བཟླས་བ་གསུམ། བྱ་བ་ལ་བཟླས་བ་གསུམ། བྱེད་པ་ལ་བཟླས་བ་གསུམ་གྱི་མཐར་རེ་རེ་ལ་མིག་སྐྱེས། ཤེས་པ་སྐྱེས། རིག་པ་སྐྱེས། བློ་སྐྱེས། ཞེས་ལན་གསུམ་སྦྱར་བར་རྣམ་གྲངས་བཅུ་གཉིས་སུ་འགྱུར་ཚུལ་དེ་ལྟར་ཡིན་ལ། དེ་བཞི་རིམ་པ་བཞིན་སྦྱོར་བ་དང་བར་ཆད་མེད་པ་དང་རྣམ་གྲོལ་དང་ཁྱད་པར་ཅན་གྱི་ལམ་བཞི་ལ་སྦྱར་བ་བུ་སྟོན་ཆོས་འབྱུང་དུ་གསུངས་སོ། ། འདི་བྱེ་སྨྲས་འདོད་ཚུལ་ཡིན་པས་གྲུབ་མཐའ་གཞན་གྱིས་དེ་ལྟར་མི་སྦྱོར་རོ། །

  8. གཞོན་ནུ་ཟླ་མེད། says:
    2011-08-03 at 12:26 am

    མིག་བརྒྱད་པས་དུས་ཁྱད་པར་ཅན་བདེན་བཞིའི་ཆོས་འཁོར་ཉིན་མོར། བཟླས་པ་གསུམ་གྱི་གྲངས་དང་ཕྱོགས་བསྟན་པ་ཐུགས་རྗེ་ཆེ། དེ་ལྟར་དོན་སྟེང་ནས་བཤད་ན་བློ་བ་དགའ།

  9. རྩམ་དགའ། says:
    2011-08-03 at 5:58 pm

    མཛེས་མར་མཐོང་དུས་སྨྱོ་འགྲོ་ནོ། །
    ངོ་བསྟོད་བྱས་ན་དགའ་འགྲོ་ནོ། །
    ཁ་བདེ་ཁོ་ཡངས་བླ་རྒན་ཁྱོས། །
    རྩམ་དགའ་ང་ལ་སྡིག་རྐྱང་བྱོས། །

    ཆོས་སྐོར་གླེང་དུས་དགེ་རྡོག་ཡིན་པར་འདྲ། །
    གནའ་གཏམ་ཤོད་དུས་གནའ་རྒྱའི་ཚེ་ལོར་འདྲ། །
    སྟུ་མཇེ་གླེང་དུས་ཕོ་གསར་སྐྱ་སྟོང་འདྲ། །
    ཨ་ཁུ་ཁྱོད་ཀྱིས་ང་ལ་སྡིག་རྐྱང་བྱོས། །

    ཨ་ཁུས་སྡིག་ན་སྡིག་པ་དག་འགྲོ་ཟེར། །
    རྒན་མོས་སྡིག་ན་མཚན་ལས་མ་འགྲིག་ཟེར། །
    ན་རྫས་སྡིག་ན་ངོ་ཚ་ཡིན་རབས་ཟེར། །
    ཁྱོད་ཀྱིས་སྡིག་ནོ་ངས་ཀྱང་མི་དྲན་གི །

  10. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2011-08-03 at 7:28 pm

    རྒན་ལགས་ཀྱིས་དངོས་གནས་སྙན་ངག་ཡག་པོ་ཞིག་བྲིས་འདུག མུ་མཐུད་འབྲི་རོགས།

  11. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-08-04 at 5:43 pm

    སྤྱིར་རྣམ་རྟོག་བཟང་པོ་་དང་། ངན་པ་གང་ཡིན་ལ་དོ་སྣང་མེད་ན། སྐྱིད་ཉམས་འཆར། རང་རེ་བོད་ཀྱིས་སྐྱེ་ཚེས་དམིགས་བསལ་རྩི་བ་མེད་། འོན་ཀྱང་བདག་གི་གྲོགས་སློབ་དག་གིས་ཁྱེད་སྐྱེ་ཚེས་དངོས་མ་ག་དུས་ཡིན་ཡང་ཡང་དྲིས་པ་ན། བདག་གི་དྲིན་ཅན་མ་ཡིས་བཤད་པ་འདི་དྲན། དེ་ནི་སྟོན་པས་བདེན་བཞི་ཆོས་འཁོར་བསྐོར་བ་ཙམ་ཡང་མ་ཤེས་པར་དྲུག་པ་ཚེས་བཞི་ཞེས་པའི་དུས་ཆེན་ཞིག་རྩི་བར་སེར་འབྲུག་གི་དགོན་པ་དག་ཏུ་ཕྱག་མཆོད་འབུལ་བྱེད་པར་ལུང་པོའི་སྐྱེ་བོ་ཀུན་འཛོམས་པའི་ཉིན་བདག་སྐྱེས་པ་ཡིན་གསུངས་པ་ཙམ་མ་གཏོགས་དེ་ལ་བཟང་བ་དང་། ངན་པ་ཞེས་གང་ཡང་རྩི་བ་མེད། ཁང་སང་སློབ་གྲོགས་བོད་ཀྱི་རིག་གཞུང་ལ་མཁས་པ་ཞིག་གིས་ཁྱེད་ཀྱི་འཁྲུངས་ཚེས་ལ་བཀྲ་བདེ་ལེགས་མཚོན་བྱེད་་ཡིན་ཞེས་མེ་ཏོག་ཆག་པ་རྣམ་པར་བཀྲ་བ་ཞིག་བྱིན་པ་ན། ང་ཅག་གིས་ལོ་གསར་དུས་སོ་སོའི་སྐྱེ་ཚེས་ཀྱང་རྩི་བ་མ་གཏོགས་ཟུར་དུ་དིང་སང་ནུབ་ཕྱོགས་པས་རྩི་བ་བཞིན་རྩི་སྲོལ་མེད་པས་རྗེས་སུ་ལོ་གསར་སྐབས་མེ་ཏོག་རྣམ་པར་བཀྲ་བ་རེ་འབྱུང་ན་ལྷ་ལ་ཕུལ་ཏེ། འཇིག་རྟེན་བདེ་བར་ཡིད་སྨོན་བྱེད་ཚུལ་བཤད། དེ་དང་མཐུན་པར་ཁྱེད་རྣམས་ཀྱིས་འཕགས་པའི་བདེན་པ་བཞི་པོ་དག་གིས་བཟླས་པ་གསུམ་དང་རྣམ་་པ་བཅུ་གཉིས་ལ་བགྲོ་གླེང་མཛད་པ་དང་ཕྲད་པར་བློ་སྐྱེད་ཕྱིར་དུ་ཅུང་ཟད་གླེང་བར་བྱ་སྟེ།
    ་བོད་ཀྱི་མཚན་ཉིད་ཀྱི་གཞུང་ལ་ལོ་མང་རིང་དུ་རྟག་སྦྱོར་དང་། གུས་སྦོར་གྱིས་སྦྱངས་པའི་མཁས་པ་གཞོན་ནུ་ཟླ་མེད་མཆོག་གིས། བོད་སྙན་དངགས་མཁན་པོ་མཁས་མཆོག་ཐེ་བོ་ཤེས་རབ་མཆོག་ལ་འདི་ལྟར་དྲིས་པ།
    ཐེ་བོ་དཀོན་མཆོག་ཤེས་རབ་ལགས། བཟླས་པ་བཞི་དང་རྣམ་པ་བཅུ་གཉིས་ཀྱི། །ཁྱད་ཆོས་དང་ལྡན་ཁྱད་འཕགས་ཆོས་ཀྱི་མཛོད། ། ཅེས་པའི་བཟླས་པ་བཞི་ཟེར་ན་ག་རེ་རེད། གལ་སྲིད་བདེན་བཞིའི་བཟླས་པ་ལ་བཤད་ཀྱི་ཡོད་ན། བདེན་བཞིའི་མདོ་རང་ལས་(དགེ་སློང་དག ངས་གང་ནས་འཕགས་པའི་བདེན་པ་བཞི་བོ་འདི་རྣམས་ལ་དེ་ལྟར་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་བསྐོར་བས) ཞེས་བཟླས་པ་གསུམ་ལས་གསུངས་མི་འདུག་ན། བཟླས་པ་བཞི་བ་དེ་གང་ཞིག་ཡིན། ད་དུང་བོད་ཀྱི་ཡིག་ཆ་མང་པོས་ངོ་བོ་ལ་བཟླས་པ། བྱ་བ་ལ་བཟླས་པ། འབྲས་བུ་ལ་བཟླས་པ་ཟེར་ནས་གསུམ་མ་གཏོགས་བཞི་བ་དེ་རེག་མི་འདུག་ན། སྐུ་ཉིད་ཀྱི་བཟླས་པ་བཞི་པ་དེར་གསལ་བཤད་ཞིག་གནང་པའི་རེ་བ་ཡོད།
    དེ་ལ་བདག་གི་བློ་ལ་འཆར་བ་ལྟར་ན། དགེ་སློང་དག་ འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། འདི་ནི་འགོག་པ་འཕགས་པའི་བདེན་པའོ། འདི་ནི་ལམ་འཕགས་པའི་བདེན་པའོ། ཞེས་བདེན་བཞི་རེ་རེའི་ངོ་བོ་ལ་བཟླས་པ་བཞི་དང་། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ། ཞེས་དེ་དག་རེ་རེའི་བྱ་བ་ལ་བཟླས་པ་བཞི་དང་། སྡུག་བསྔལ་ཤེས་པར་བྱས་ཏེ་སླར་ཤེས་པར་བྱར་མེད། ཀུན་འབྱུང་སྤང་བར་་བྱས་ཏེ་སླར་སྤང་བར་བྱར་མེད། འགོག་པ་མངོན་དུ་བྱས་ཏེ། སླར་མངོན་དུ་བྱར་མེད། ལམ་བསྒོམ་པར་བྱས་ཏེ། སླར་བསྒོམ་པར་བྱར་མེད་ཅེས་བདེན་བཞིའི་བྱེད་ལས་་ལ་བཟླས་པ་བཞི་སྟེ།
    འདི་ལྟར་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་བསྐོར་བ། ཞེས་པའི་དོན་ཡིན་པ་བསམས་ཀྱང་། དོན་ཐོག་ལ་འབབ་མིན་བདག་ཅག་གིས་དཔྱད་པར་བྱ་བ་ལགས་སོ། །

  12. མིག་བརྒྱད་པ། says:
    2011-08-04 at 6:06 pm

    འཇམ་དཔལ་མཚན་བརྗོད་ལས། བདེན་དོན་རྣམ་པ་བཅུ་གཉིས་ལྡན།།ཞེས་པ་དང་གཅིག་པ་ཡིན་ནམ།

  13. མིག་བརྒྱད་པ། says:
    2011-08-04 at 6:43 pm

    དྲང་ངེས་དཀའ་འགྲེལ་ལས་གསུངས་པ་ལྟར་བཀོད་ན། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་སོགས་ངོ་བོ་ལ་བཟླས་པ་དང་། སྡུག་བསྔལ་ཤེས་བར་བྱའོ། །ཀུན་འབྱུང་སྤང་བར་བྱའོ། །འགོག་པ་མངོན་དུ་བྱའོ། །ལམ་སྒོམ་པར་བྱའོ། །ཞེས་བྱ་བ་ལ་བཟླས་པ་དང་། སྡུག་བསྔལ་ཡོངས་སུ་ཤེས་སོ། །ཀུན་འབྱུང་སྤངས་སོ། །ཞེས་སོགས་བྱེད་པ་ལ་བཟླས་པ་ཡིན་ཞིང་། བཟླས་པ་རེ་རེའི་མཐར་མིག་སྐྱེ། ཤེས་པ་སྐྱེ། རིག་པ་སྐྱེ། བློ་སྐྱེ་ཞེས་བཞི་བཞི་བྱུང་བའི་རྣམ་གྲངས་བཅུ་གཉིས་དང་།
    ཡང་། ངོ་བོ་ལ་བཟླས་པ་དེ་ལ་བདེན་བཞིའི་ངོ་བོ་ལ་བཟླས་པ་བཞི་ཡོད་པ་ལྟར་ཕྱི་མ་གཉིས་ལའང་བཞི་བཞི་ཡོད་པས་བཟླས་པ་བཅུ་གཉིས་སུ་བྱས་ནས་རེ་རེའི་མཐར་མིག་སྐྱེས་སོགས་བཞི་བཞི་སྦྱར་བས་རྣམ་གྲངས་ཞེ་བརྒྱད་དུ་འགྱུར་བར་བྱེ་སྨྲས་འདོད་པ་དང་། དཔེར་ན། དགེ་སློང་གནས་བདུན་ལ་མཁས་ཞེས་པ་དེ་ཟག་བཅས་ཉེར་ལེན་གྱི་གཟུགས་ཕུང་ལ་སྦྱར་ན་དེའི་ངོ་བོ་དང་། དེའི་རྒྱུ་ཀུན་འབྱུང་དང་། དེ་འགོག་པ་དང་། དེར་འགྲོ་བའི་ལམ་དང་། དེ་དག་གི་ཕན་ཡོན་དང་། ཉེས་དམིགས་དང་། ཇི་ལྟར་ངེས་བར་འབྱུང་ཚུལ་བདུན་ལ་མཁས་པ་ཡིན་པས། ཕུང་པོ་གཞན་བཞིའི་སྟེང་ནས་བདུན་རེ་སྟེ་མཁས་བྱའི་གནས་སོ་ལྔ་འབྱུང་ཡང་བདུན་ཚན་དུ་འདྲ་བས་དེ་ལྟར་དུ་བཤད་པ་བཞིན་ནོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme