Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཅོས་མིན་ཡིད་ཀྱི་འཆར་སྒོ་གླུ་རུ་བླངས་པ་རབ་བསྔགས་སྙིམ་པའི་མེ་ཏོག

Posted on 2013-05-24 By ཁ་བརྡ་ 6 Comments on བཅོས་མིན་ཡིད་ཀྱི་འཆར་སྒོ་གླུ་རུ་བླངས་པ་རབ་བསྔགས་སྙིམ་པའི་མེ་ཏོག

~སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་རྗེས་དྲན་གྱི་ཚུལ་ལས་བརྩམས་ཏེ་བཅོས་མིན་ཡིད་ཀྱི་འཆར་སྒོ་གླུ་རུ་བླངས་པ་རབ་བསྔགས་སྙིམ་པའི་མེ་ཏོག་ཅེས་བྱ་བ།

རྫ་ཚེ་རིང་བཀྲ་ཤིས།

བཅོམ་ལྡན་འདས་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ།།

སྟོང་ཆེན་བདེ་ཀློང་འཁྱིལ་བ་དབྱིངས་ཀྱི་ཐིག་ལེ།།

དབྱངས་ཅན་སྒྱུ་མའི་གར་བསྒྱུར་ཡེ་ཤེས་མཚོ་རྒྱལ།།

བདག་མགྲིན་གསེར་གྱི་པདྨོར་ལྷོད་ལ་ཆགས་པས། །

ས་གསུམ་ངག་གི་རྒྱུད་མངས་གཡང་དུ་བསྩོལ་ཅིག །

ལྷུན་གྲུབ་བདེ་བའི་རྡོ་རྗེ་པདྨ་རྒྱལ་པོ།།

མཚོ་གླིང་འོ་མའི་རྒྱ་མཚོར་ཐོལ་གྱིས་ཕེབས་ཏེ།།

མ་ཚོགས་ཌཱ་ཀིདཀྲིགས་པའི་ཧཱུྃ་གླུ་གསན་བཞིན།།

བརྟུལ་ཞུགས་ཉམས་བརྒྱ་འབར་བའི་རྩེད་འཇོ་གནང་དུས།།

ཚངས་པ་ལྷ་ཡི་མེ་ཏོག་གངས་ལ་བཞད་ནས།།

ལོ་པཎ་ཕྱོགས་ཀྱི་བུང་བ་སྤྲིན་དུ་བསྡུས་ཏེ། །

ལུགས་གསུམ་ལྷུན་གྱིས་གྲུབ་པའི་བར་ཁང་ནང་དུ། །

རྩེ་རྒྱལ་ཐེག་པའི་འཁོར་ལོ་གཏན་ལ་འབེབས་དུས། །

རུ་བཞི་ས་ཡི་འཛིན་མ་ནོར་གྱི་སྙིང་པོར། །

རོང་ཀློང་ཉི་ཟླའི་རྣ་ཆ་འོད་དུ་འཚེར་བར། །

ཉང་གུར་དྲུག་དཀར་གཡུ་ཡི་ཕྲ་ཚོམས་བཀྲ་བས། །

ངེས་གསང་བསྟན་པ་རྒྱལ་པོའི་སྙན་ཤལ་བརྒྱན་དུས། །

བཤད་ན་ཚར་དུ་མེད་པ་གནའ་བོའི་གཏམ་རྒྱུད།།

བསམ་ན་ཡིད་སེམས་འཁྱོམས་པ་སྒྱུ་མའི་མེ་ལོང་། །

དུས་ཀྱི་བྱེ་རླུང་འཚུབ་མས་ཁད་ཀྱིས་གཡོགས་ཏེ། །

དྲན་སྣང་ཡོལ་བའི་ངོས་ནས་ཡལ་ལ་ཉེ་དུས། །

ངོ་མཚར་ཚོན་མདངས་བཀྲ་བའི་དེ་བྱུང་རིང་མོ།།

སྙིགས་ལྔའི་མུན་པ་མཐུག་པོས་བགས་ཀྱིས་བཀབ་སྟེ། །

ལྟར་སྣང་ཟློས་པའི་གར་གྱི་སྟངས་སྟབས་འོག་ཏུ།།

དོན་བརྒྱུད་སྙིང་པོའི་མཛེས་པ་བག་ལ་ཞ་དུས། །

གངས་རིའི་དབུ་རྨོག་མཛེས་པ་ཉི་ཟླའི་རྩེ་ཕྲན། །

བརྩེ་བྲལ་དུས་ཀྱི་མདའ་མོས་ལིང་གིས་བསྒྱེལ་ཏེ། །

བསིལ་ལྡན་ཁ་བ་རི་པའི་ཉམ་ཆུང་རྗེ་འབངས། །

བཤུལ་རིང་ལ་མོའི་རྒྱབ་ཏུ་བཙན་གྱིས་བྱོལ་དུས། །

ཚ་བ་མེ་རུ་འབར་བ་ལྷོ་མཐའི་ནགས་ཀླུང་། །

འཇིགས་རུང་གཅན་གཟན་རྒྱུ་བ་ལས་ཀྱི་འཕྲང་འགག །

རྒྱུས་མེད་རི་ཆུ་སྟོང་གི་ཕ་མཐར་ཡིབས་པའི།།

རྒྱ་མཚོའི་རླབས་དང་སྡེབ་པའི་འབྲོག་སྟོང་ཞིག་ཏུ། །

མཐོང་སྣང་ཁབ་ཀྱི་བུ་གའི་ཕྲ་སྦོམ་ཙམ་ལ།།

ཡོད་ཚད་བཙན་གྱིས་བཙིར་བའི་ཨུ་ཚུགས་རྒྱག་གིན།།

རང་དབང་དབུགས་ཀྱི་འབྱིན་རྔུབ་ཨར་ལ་བཏད་ནས། །

འཆི་ལམ་ལག་ཏུ་འཇོག་པའི་ཁོར་ཡུག་ཅིག་ཏུ།།

རང་བྱུང་མ་ཧཱ་གུ་རུའི་བསྟན་པའི་ཡང་བཅུད།།

ཁ་བའི་མེ་ཏོག་འབབ་པའི་ཞིང་ལ་སྨིན་པ།།

གདུག་ཅན་སད་ཀྱིས་བཅོམ་པའི་གདུང་བ་བསྣམས་ནས།།

རྒྱང་རིང་ཞབས་ཀྱིས་བཅག་པའི་པདྨ་ནོར་བུ།།

ཕྱི་ཡི་མཐུན་རྐྱེན་ཕོངས་པའི་ས་མཐའ་དེ་ནས།།

བསྟན་པའི་གཞི་མ་འཛུགས་པའི་སྙིང་སྟོབས་བརྟས་ཏེ།།

འཁོར་གསུམ་ཡོངས་སུ་དག་པའི་རྣམ་ཐར་ཟབ་མོས།།

ཕུལ་བྱུང་དཀའ་བ་སྤྱད་པའི་ལོ་རྒྱུས་བསྐྲུན་ཡོད།།

ཟླ་བྲལ་སྤོབས་པའི་ཤེ་མོང་དར་ལ་དྲགས་པས། །

ཞུམ་དང་ལེ་ལོའི་འཆིང་རྒྱ་ཧྲིལ་གྱིས་བཤིག་སྟེ། །

ས་གསུམ་བླ་ན་འབར་བ་གྲགས་པའི་རྒྱལ་རྔས། །

རྨད་བྱུང་ཐེག་པ་རྒྱལ་པོའི་དབུ་འཕང་བསྟད་ཡོད། །

སྡེ་གསུམ་ནང་གི་ཉམས་ལེན་སྲོག་ཏུ་བཟུང་ནས། །

རང་དོན་ཆོས་ཀྱིས་འཚོ་བའི་འཁོས་ཆུང་མང་ཡང་།།

བསྟན་གཉིས་ཟུང་དུ་འཇུག་པའི་ཕྱག་ལེན་གནང་སྟེ། །

ས་ཆེན་ཁུར་དུ་བཏེག་པ་ཁྱེད་ལས་མི་འདུག །

འདུལ་ཁྲིམས་ཡན་ལག་བརྒྱད་ལྡན་བདུད་རྩིའི་ཆུ་མཚོར།།

ཐོས་བསམ་པདྨའི་ལང་ཚོ་ཕྱོགས་མེད་གྲོལ་བའི།།

མི་ཕམ་རྒྱལ་བ་དགྱེས་པའི་སྐྱེད་ཚལ་ཡངས་པོས།།

རྒྱལ་བསྟན་རྫོགས་ལྡན་བསུས་པའི་བཀའ་དྲིན་བསམ་ན། །

གདམས་ཆུང་ཨི་ཐི་ཙམ་ལ་ཤི་སྤར་འཐམས་ནས།།

རང་མགོ་གར་ཐོན་བྱེད་པའི་རྟོགས་ལྡན་རྒན་པོ།།

གོང་མའི་གཅེས་ཕྲུག་ཡིན་པའི་ཞལ་རྦད་མཐོ་ཡང་། །

གཟུར་གནས་དང་བའི་མགོ་ལྕོག་ཁྱེད་ལ་ཕྱོགས་ཡོང་། །

ཟུམ་མེད་སྙིང་གི་ལྷ་གཅིག་བསྟན་འཛིན་རྒྱ་མཚོའི།།

ཟོལ་མེད་ཐུགས་ཀྱི་བཞེད་པ་ཐུག་ལ་བསྲེལ་ནས།།

དམ་ཚིག་རྡོ་རྗེའི་མདུད་རྒྱ་ལྷོད་པ་མེད་པར། །

གངས་རིའི་བླ་སྲོག་ཟིན་པའི་རྣམ་ཐར་མཇལ་ཚེ།།

སྔོན་བྱུང་ལོ་རྒྱུས་ཡོན་པོའི་གྲིབ་གཟུགས་ཙམ་ལ། །

སྔངས་སྐྲག་འོ་འདོད་ཤོར་བའི་ཞེད་ཤ་རུམ་ནས།།

རང་སྣང་དགྲ་རུ་འཛིན་པའི་བློ་ཆུང་སྐྱེ་བོར།།

ཡིད་ཆེས་བློ་སྣ་བསྲིང་བའི་འདུན་པ་གློད་སོང་། །

གྱ་གྱུའི་སྤྲིན་ཚོགས་སྟུག་པོ་ཕྱོགས་སུ་དེངས་ནས། །

བདེན་དོན་ཆོས་ཉིད་དག་པའི་ལྷ་ལམ་ཡངས་པོར།།

ཐབས་ཤེས་ཉིིི་ཟླ་ནོར་བུའི་སྣང་འགྲོས་བསྒྱུར་པའི།།

ཕུལ་བྱུང་གྲུབ་པའི་དབང་ཕྱུག་སྙིང་ནས་དྲན་སོང་། །

ཐེག་མཆོག་ཉི་མའི་སྙིང་པོའི་ཡིད་བཞིན་ནོར་བུར།།

རང་བཞིན་དཔལ་གྱིས་ཕྱུག་པའི་རིན་ཐང་ལྕི་ཡང་། །

རྣམ་གསུམ་ཤེས་རབ་བཟང་པོའི་ཕྱི་དོར་མེད་ན། །

གྲུབ་གཉིས་འདོད་པ་འཇོ་བའི་རྟེན་འབྲེལ་མི་འགྲིག།།

རབ་ཡངས་ཧི་མ་ལ་ཡའི་རི་བོོའི་སུལ་དུ།།

གསང་ཆེན་བཀའ་སྲོལ་འཛིན་པའི་གདུལ་བྱ་མང་ཡང་། །

ནང་གི་ཚུལ་ལུགས་ཙམ་གྱི་རྩིས་ཐང་ཞིག་གིས།།

བསྟན་པའི་ལ་རྒྱ་ཟིན་པའི་རེ་བ་མི་འདུག།།

རང་གིས་རང་ལ་བཅས་པའི་བརྩེ་དུང་ཙམ་གྱིས། །

ཞེན་ཁོག་ལ་རྒྱའི་རྭ་ཅོ་རུམ་ལ་བཅུག་སྟེ།།

ཁ་ངོ་བྲག་ལ་ལྟ་བའི་འཁྱོག་པོ་མང་ཡང་། །

དུས་ཀྱི་རྟ་ཕོ་རྒྱུག་པའི་བང་ཁ་མི་དོས། །

ཕྱི་སྣང་རྐྱེན་ལས་ཤར་བའི་འགལ་འབྲེལ་རི་མོ།།

རེ་དོགས་སེམས་ཀྱི་རླབས་དང་ལྷན་དུ་རྩེན་དུས། །

ཐབས་མཁས་ཀུན་བཟང་སྤྱོད་པའི་རོལ་མོར་དབང་བའི།།

༸སྐྱབས་མཆོག་གྲུབ་དབང་བླ་མ་ལྷག་ཏུ་དྲན་སོང་། །

འཕངས་པའི་འབེན་ལ་ཕོག་པའི་ལྷ་མདའ་སྒྲོ་དཀར།།

རང་བྱུང་པདྨའི་ཞལ་སྐྱིན་ཞིང་འདིར་ཕེབས་ནས།།

ཚུལ་གསུམ་འཁོར་ལོའི་རི་མོ་མཐའ་ལ་བྲིས་ཏེ།།

རྒོད་པོ་ཚང་མལ་བསྙེགས་པའི་བརྟུལ་ཞུགས་གནང་ཡང་། །

རང་ཤར་ལྷུན་གྱིས་གྲུབ་པའི་ཡ་མཚན་རྟེན་མཆོག །

རང་བབ་རྒྱལ་བའི་དཀྱིལ་འཁོར་གཟུགས་སུ་བསྐྲུན་ཅིང་། །

རང་བཞིན་ཆོས་ལ་བརྩོན་པའི་བུ་སློབ་ཕྲག་ཁྲིག །

བསྟན་འགྲོའི་རྩིས་སུ་བཞག་པའི་གཟི་འོད་མ་ཉམས།།

ཆེ་རྒུའི་གཙུག་ཏོར་འཁོར་ལོ་གདན་དུ་བཏིང་ཞིང་། །

ཡོད་དགུའི་སྲིད་པའི་ཕུན་ཚོགས་ཐང་མར་བརྡལ་ཏེ། །

བཟང་དགུའི་བུ་སློབ་བསྐྱངས་པའི་མཛད་བཟང་རེ་རེས།།

སྐྱེ་རྒུའི་རྫོགས་ལྡན་བསུས་པའི་ཕ་མཐའ་མ་རིག །

བརྩེ་བའི་ཕྱག་ཟུང་དྲོན་མོ་མགོ་ལ་བཞག་སྟེ། །

མཚམས་སྦྱོར་སྨོན་ལམ་བཟང་པོའི་ཐུགས་འདུན་ཙམ་ལས།།

ཚེ་འདིར་ལས་ཀྱིས་འབྲེལ་བའི་བླ་སློབ་མིན་ཡང་། །

བཅོས་མིན་ཡིད་ཀྱི་གཏན་པ་ཁྱེད་ལ་ཕྱོགས་ཡོད། །

ཡང་དར་འོད་གསལ་བསྟན་པའི་ཤིང་རྟ་ཆེན་པོ།།

སྣ་ནམ་འཇིགས་མེད་དཔལ་དང་གྲུབ་དབང་བླ་མ།།

རྩོད་བྲལ་པདྨའི་ཕོ་ཉར་ངེས་པ་དྲོངས་ན།།

རབ་བསྔགས་སྙིམ་པའི་མེ་ཏོག་ཅི་ལ་མི་འབུལ།།

ཞེས་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་མཛད་འཕྲིན་རྗེས་སུ་དྲན་པའི་སྒོ་ནས་བཅོས་མིན་ཡིད་ཀྱི་འཆར་སྒོ་གླུ་རུ་བླངས་པ་འདིའང་། ཤར་མདོ་ཁམས་རྫ་ཆུ་ཁའི་ཡུལ་དུ་སྐྱེས་ཤིང་། བྱ་བྲལ་རྣལ་འབྱོར་གྱི་དབང་ཕྱུག་གསེར་རྟ་ཆོས་དབྱིངས་ཁྱབ་བརྡལ་དང་། །ཨ་རིག་མཁན་ཆེན་པདྨ་ཚེ་དབང་སོགས་ཀྱི་བརྩེ་བ་དང་ཐུགས་རྗེའི་གྲིབ་མ་སྣུམ་པོས་མངོན་པར་རེག་པའི་སྐལ་བ་བཟང་པོ་པ། རྫ་ཚེ་རིང་བཀྲ་ཤིས་སུ་འབོད་པས། དཔལ་ལྡན་གངས་ཀྱི་རི་བོའི་རིའི་བརྒྱུད། གནས་ཉི་ཤུ་རྩ་བཞིར་གྲགས་པའི་ཡུལ་གྱི་ཁོངས་སུ་ཚུད་པ། །བཀོད་པ་ལྷུན་གྱིས་གྲུབ་པའི་རང་བྱུང་གི་སྨན་ལྗོངས་ཅོན་ཏ་ར་ཞེས་པར་ཆགས་པའི་ཆོས་གྲྭ་ཆེན་པོ་རྫོང་སར་དུ། བོད་རྒྱལ་ལོ་༢༡༣༦ཟླ་༦ཚེས་༡༩ཉིན་བྲིས་སོ།།

སྙན་ངག

Post navigation

Previous Post: འགྱུར་བཞིན་པའི་བོད་མི།
Next Post: ང་ཚོས་བོད་ནང་གི་བོད་མི་ཚོའི་ཆེད་དུ་དམངས་གཙོ་རྩོད་ཀྱི་མེད།

Comments (6) on “བཅོས་མིན་ཡིད་ཀྱི་འཆར་སྒོ་གླུ་རུ་བླངས་པ་རབ་བསྔགས་སྙིམ་པའི་མེ་ཏོག”

  1. ཏི་སི། says:
    2013-05-25 at 4:21 am

    པཎ་ཆེན་བི་མ་མི་ཏྲའི་དགོངས་ཀློང་གི་སྲས་ཆེན།།
    རྒྱལ་བ་བསྟན་འཛིན་རྒྱ་མཚོའི་ཐུགས་རྒྱུད་ཀྱི་བུ་ཆེན།།
    སྙིགས་དུས་འདྲེན་པའི་ཀུན་མཁྱེན་པད་མ་ཡི་ནོར་བུའི།།
    དྲི་མེད་ཨུད་པལ་གཞོན་ནུ་མྱུར་དུ་བྱོན་ཤིག།།

  2. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2013-05-25 at 2:26 pm

    ༧ ཁོང་གི་མཁས་བཙུན་བཟང་གསུམ་གྱི་མཛད་རྒྱས་དག་ལ་སྙིང་ནས་གུས་འདུད་དང་རྗེས་སུ་ཡི་རང་ཡོད། མ་འོངས་ཡང་སྲིད་རིན་པོ་ཆེ་ཡང་གོང་མའི་རྣམ་ཐར་ཚུལ་བཞིན་གནང་ཐུབ་པའི་སྨོན་འདུན་ཤུགས་དྲག་དང་བཅས། རིས་མེད་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །

  3. པདྨ says:
    2013-05-25 at 2:41 pm

    པད་ནོར་རིན་པོ་ཆེའི་རྣམ་ཐར་རེ་ཡོད་ན་འདིར་འགོད་པར་མཁྱེན་ནོ། དཔལ་ཡུལ་གྲུབ་དབང་གཉིས་པ་པདྨ་ནོར་བུའམ་རིག་འཛིན་དཔལ་ཆེན་འདུས་པ་ནི། རྒྱལ་བ་དཔལ་ཡུལ་པའི་བསྟན་པའི་བདག་པོ་སྟེ། གདན་ས་དེའི་བསྟན་བདག་རྗེ་ཆོས་ཀྱི་ཉི་མའི་གཟིམ་ལམ་དུ་དཔལ་ཡུལ་སྐུ་གདུང་བར་ཁང་ལྟ་བུ་ལ་བཞུགས་པའི་སྣང་བར། རྫོང་ནང་བླ་མ་འདྲ་བ་ཞིག་གིས་འདིར་པདྨ་ནོར་བུ་བཞུགས་འདུག་གསུངས་པར་ཡར་གཟིགས་པས་གྲུབ་དབང་པད་ནོར་རིན་པོ་ཆེ་དབུ་སྐྲ་དཀར་ཐང་ངེ་བ་སོགས་ཇི་ལྟ་བར་བཞུགས་འདུག་པར་བཞེངས་ནས་སྐུ་ཙར་ཕེབས་པ་དང༌། བྱིས་པ་ཆུང་ངུ་ཞིག་ཏུ་གྱུར་སོང་བར་རྨིས་པ་ད་ལྟའི་སྤྲུལ་སྐུ་ཇི་ལྟ་བར་འདུག་པར་གཟིགས་པ་དང༌། སྐུ་གོང་མ་པད་ནོར་རིན་པོ་ཆེ་གཤེགས་ཁར་ཉིད་ཀྱི་གཟིམ་སྤྱིལ་ཉེ་སར་ཤུག་སྡོང་ཞིག་སྐྱེས་ཡོད་པར་འདི་ལ་འབྲས་བུ་འཐོན་དུས་ངའི་སྐྱེ་བ་ཞིག་གདན་ས་འདིར་འོང་ཞེས་ཞལ་བཞེས་གནང་བ་ལྟར་ཤུགས་འབྲས་ཆགས་ནས་ལོ་ཤས་སོང་བ་དང་དུས་འགྲིགས་པ་སོགས་བསམ་བཞིན་སྐྱེ་བར་བཞེས་པར་རྗེ་ཆོས་ཀྱི་ཉི་མ་དང༌། འཇམ་མགོན་ཀོང་སྤྲུལ་སོགས་དམ་པ་མང་པོས་ཕྱོགས་མཐུན་གྱིས་ཐུགས་ཐག་བཅད་དེ་དགུང་གྲངས་བདུན་གྱི་ཐོག་རྒྱལ་བ་དཔལ་ཡུལ་བའི་རྩ་བའི་གདན་ས་དེའི་གསེར་ཁྲིར་མངའ་གསོལ་ཞིང༌། ཐུན་མོང་གི་རིག་པ་འབྲི་ཀློག་ནས་བཟུང་སྦྱང་བརྩོན་གནང༌།
    དགུང་གྲངས་དགུ་པར་གུ་རུ་རིན་པོ་ཆེའི་ཞལ་གཟིགས་ཤིང་བྱིན་རླབས་ཀྱི་དངོས་གྲུབ་བརྙེས། རྗེ་ཆོས་ཀྱི་ཉི་མ་ལས་རབ་ཏུ་བྱུང་ཞིང་རཏྣའི་གཏེར་ཆོས། གནམ་ཆོས། བཀའ་བརྒྱད་རྣམ་གཉིས། འཇའ་ཚོན་ཆོས་སྐོར་སོགས་གདན་ས་དེའི་རྒྱུན་ཡོད་རིགས་དང༌། འདུས་མདོ་ཁམས་དབུས་གཉིས་ཀྱི་བརྒྱུད་པ། བཀའ་མའི་སྐོར་རྒྱུན་ཡོད་དོ་ཅོག་སོགས་གསན་སྦྱངས་གནང༌། དཔལ་སྤུངས་བླ་མ་བཀྲ་ཤིས་ལས་རྒྱལ་བཀའ་རིན་པོ་ཆེ་གསན། མཁན་ཆེན་རྒྱལ་མཚན་འོད་ཟེར་ལས་རིན་ཆེར་གཏེར་མཛོད་སོགས་དང༌། དཔལ་ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱལ་མཚོ་ལས་གདམས་ངག་མཛོད་དང། གཏེར་རྙིང་རྒྱུན་དཀོན་རིགས་མཐའ་ཡས་པ་དང༌། ཀློང་གསལ་རྡོ་རྗེ་སྙིང་པོའི་ཟབ་ཁྲིད་སོགས་ཟབ་ཆོས་མང་པོ་གསན། འཇམ་མགོན་མི་ཕམ་རིན་པོ་ཆེ་ལས་འཇམ་དཔལ་ཞི་བ། དྲག་པོ་ཚེ་བདག་སོགས་གསན། ཕྱིན་ཆད་སློབ་གཉེར་དགོས་ལུགས་སོགས་ཐུན་མིན་ཐུགས་བརྩེ་དང༌། ཕྱིས་མཐའ་གཟིགས་པའི་གསུང་ལུང་བསྟན་མང་དུ་གནང་ནས་ཐུགས་རྒྱུད་བྱིན་གྱིས་བརླབས། འཇམ་མགོན་ཀོང་ཆེན་པ་མཇལ་ཞིང་མཆོག་གླིང་ཐུགས་སྒྲུབ་ཀྱི་དབང་གནང་ནས་ཕྱིན་ཆད་དབང་ལུང་འཆད་ཚུལ་སོགས་བསྟན་འགྲོ་སྐྱོང་ལུགས་ཀྱི་བཀའ་སློབ་མང་པོ་གནང༌།
    དེ་ནས་རིམ་པ་བཞིན་མདོ་སྔགས་རིག་པའི་འབྱུང་གནས་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོའི་རྒྱུད་སྡེ་བཤན་གྲྭ་ནོར་བུའི་ལྷུན་པོར་སློབ་གཉེར་ལ་བྱོན་ནས། མཁན་ཆེན་ཀུན་བཟང་དཔལ་ལྡན་ཆོས་གྲགས་དང༌། ཚེ་རབས་ལས་ཀྱི་བླ་མ་ནང་ཐུན་མིན་གྱི་རིགས་བདག་བཱི་མའི་རྣམ་འཕྲུལ་མཁན་ཆེན་ངག་གི་དབང་པོ་གཉིས་ཀྱི་མདུན་ནས་མདོ་སྔགས་ཀྱི་གཞུང་ལུགས་བརྒྱ་ཕྲག་བརྒལ་བར་ཀཿཐོག་གཞུང་བརྒྱ་མ་ཞེས་གྲགས་པའི་འཕགས་བོད་ཀྱི་བསྟན་བཅོས་གཞུང་འགྲེལ་མང་པོར་གསན་བསམ་མཛད་པས་མཁས་པའི་ཕུལ་དུ་ཕྱིན་ཅིང་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོར་གྱུར། ཁྱད་པར་མཁན་ཆེན་ངག་དབང་དཔལ་བཟང་ལས་ཞི་འཚོའི་སྡོམ་རྒྱུན་ལས་བསྙེན་པར་རྫོགས་ཤིང་ཉན་ཐོས་འོད་སྲུང་གི་སྦྱངས་པའི་ཡོན་ཏན་ལ་གནས་པའི་འདུལ་འཛིན་གནས་བརྟན་ཆེན་པོར་གྱུར། སྐུ་ཤིན་ཏུ་བཙུན་ཅིང་དམ་ཆོས་འདུལ་བའི་གནང་བཀག་ལས་ནམ་ཡང་མི་འདའ།
    འདི་སྐབས་ཤིག་མཁན་ཆེན་བླ་མས་ཉིན་གཅིག་དཔལ་སྤྲུལ་ངེད་གཉིས་དགོན་གྱི་ཉེ་འགྲམ་འཇམ་དཔལ་གནས་ལ་ཁམས་བསངས་ལ་འགྲོ་གསུངས། ལགས་སོ་ཞུས་ཏེ་ཕྱག་ཕྱིར་འབྲངས་ནས་དཔོན་སློབ་གཉིས་སྐུ་རྐྱང་གནས་གཟིགས་ཕེབས་སར་ད་ངལ་བསོས་ཏེ་འདུག་གསུངས། དེར་པད་ནོར་རིན་པོ་ཆེས་གཟན་བཞི་བལྟབ་ཀྱི་གདན་དུ་ཕུལ་བ་དེའི་ཁར་བཞུགས་ནས་དལ་ཅིག་ཅི་ཡང་མི་གསུང་བར་དགོངས་པ་ལ་བཞུགས་པའི་ངང༌། ལམ་བར་དུ་ཞབས་ལྷམ་ལ་ས་འདམ་ཆགས་འདུག་པར་གཟིགས་ནས་ད་ལྷམ་ཚང་མ་ས་འདམ་རེད་ཚར་འདུག་ཅེས་གློ་བུར་དུ་དགོངས་པ་ཁྲོས་ཏེ་ཕྱག་གཡོན་གྱིས་པད་ནོར་ཐོང་རྩ་ནས་བཟུང༌། ཕྱག་གཡས་པས་ཞབས་ལྷམ་བླང་སྟེ་ཚད་མེད་པའི་ཕྱག་འབེབས་དྲག་ཏུ་གནང་བས་པད་ནོར་རིན་པོ་ཆེ་ཐུགས་ཤིན་ཏུ་སྐྲག་པའི་ངང་ཅི་ཡིན་མེད་པའི་དྲན་མེད་ལྟ་བུར་སོང་བ་ཡར་དྭང་བ་དང་མཉམ་དུ་ཀུན་གཞི་སྟེང་བུ་ལས་སད་པའི་གནས་ལུགས་ཡིད་དཔྱོད་དང་བྲལ་བའི་དགོངས་པ་མངོན་དུ་གྱུར། རྗེས་ཐོབ་རྩལ་གྱི་ཆོས་རབ་རྣམ་པར་འབྱེད་པའི་རིག་རྩལ་གྱིས་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལ་ཐོགས་པ་མེད་པའི་སྤོབས་པའི་གཏེར་ཆེན་པོ་བརྒྱད་རྣམ་པར་གྲོལ་ནས་འཆད་རྩོད་རྩོམ་པ་ལ་ཐོགས་མེད་དུ་གྱུར་ནས་བླ་སློབ་ཐུགས་ཡིད་གཅིག་ཏུ་འདྲེས། བླ་མའི་ཞལ་ནས་བུ་དེ་ཀ་རང་ཡིན་གསུངས་ནས་དཔལ་སྤྲུལ་གསུང་རྒྱུན་ལུང་རྟོགས་བསྟན་ཉིའི་མན་ངག་སྙན་བརྒྱུད་ཆེན་མོ་ཁྲིད་དུ་བཏབ་པས་ཐེག་མཆོག་རྡོ་རྗེ་སྙིང་པོའི་དགོངས་པའི་རྩལ་རྫོགས་ཏེ་རང་བཞིན་རྫོགས་པ་ཆེན་པོའི་བསྟན་པའི་བདག་པོ་ཐུགས་ཀྱི་སྲས་གཅིག་པུར་གྱུར།
    དེ་ནས་གསན་བསམ་མཐར་ཕྱིན་ནས་རང་གནས་དཔལ་ཡུལ་དུ་ཕེབས། འཆད་ཉན་མཛད་པའི་སྡེ་བཤད་གྲྭ་ལྔ་བཅུའི་སྡེ་གསར་འཛུགས་གནང་བར་མཁན་ཆེན་བླ་མ་རང་གདན་ཞུས་ཀྱིས་ཕེབས་པ་སོགས་སྔ་འགྱུར་བསྟན་པའི་འབྱུང་གནས་སུ་གྱུར། གོ་འཇོ་ཡུལ་དགོན་སོགས་ལ་སྙན་བརྒྱུད་ཆེན་མོ་རྩལ་འདོན་གྱི་ཆོས་འཁོར་བསྐོར་བས་ཞལ་སློབ་གདུལ་བྱ་རྒྱ་ཆེ། རིན་ཆེན་གཏེར་མཛོད་ཆེན་པོ་ལན་གསུམ་གསུངས། སྐུ་ཚེ་སྨད་ལ་བྱ་བྲལ་ཀུན་སྤོང་གིས་སྒྲུབ་པའི་རྒྱལ་མཚན་བཙུགས། དུས་གསུམ་ཆགས་ཐོགས་མི་མངའ་བའི་མངོན་ཤེས་ཕྱོགས་མེད་དུ་གཟིགས་པ་དང༌། དུས་འདི་ཙམ་ན་སྡེ་དགེའི་རྒྱལ་ཁབ་ཏུ་ཞེ་ཆེན་རྒྱལ་ཚབ་དང་རྗེ་འདི་གཉིས་ལས་ལྷག་པ་སུ་ཡང་མེད་ཅེས་སྔ་འགྱུར་བསྟན་འཛིན་ཡོངས་ཀྱི་དབུས་ན་མངོན་པར་མཐོ་བ་ལགས་སོ། །
    དཔལ་ཡུལ་གདན་ས་རང་དུ་སྙིང་ཐིག་རྩ་པོད་མཁན་ངག་དགའི་གསུང་སྐོར་ཉེར་མཁོའི་འདོན་ཆ་སོགས་གསར་བཞེངས་དང༌། དགོན་པར་བཀའ་མ་སོགས་ཀྱི་རྒྱུན་འཛུགས་སྒྲུབ་མཆོད། ལྷ་ཁང་གསར་བཞེངས་དང་རྙིང་པར་ཉམས་གསོ། མཛོད་ཆེན་ལྔ་སྐྱ་པོད་དུ་བཞེངས་པ་སོགས་དང༌། འགོ་འཇོ་ཝ་ནག་དགོན་དང༌། བསམ་གྲུབ་གཞུང་སོགས་སུ་ཀློང་ཆེན་སྙིང་ཐིག་གི་ཆོས་བཀའ་གཙང་མ་མཛད་པའི་དགོན་སྡེ་མང་པོ་གསར་འདེབས་མཛད་པ་སོགས་མདོར་ན་སྐུ་ཚེ་ཧྲིལ་པོར་འཁོར་ལོ་གསུམ་གྱི་མཛད་བཟང་རྒྱ་ཆེར་བསྐྱངས། མཐར་གཟུགས་སྐུའི་བཀོད་པ་རེ་ཞིག་རྔ་ཡབ་པདྨ་འོད་དུ་བསྡུས་སོ། །

  4. བཀྲ་ཤིས་དོན་འགྲུབ། says:
    2013-05-26 at 12:33 pm

    རྫ་ཚེ་རིང་བཀྲ་ཤིས་མཆོག་གི་སྙན་རྩོམ་འདིས། བདག་ལ་སླར་ཡང་གྲུབ་དབང་བླ་མ་མཆོག་དྲན་པའི་གདུང་བ་ཤུགས་དྲག་ཏུ་བསྐྱེད་བྱུང་བས། སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་དང་སྦྲགས་བདག་སེམས་ལ་་ན་ཟུག་བསླངས་པར་སྙིང་ཐག་པ་ནས་ཁོང་ཁྲོ་བ་ཡང་ཁྱེད་ལ་ཕུལ་བ་ལགས།

  5. གྲིབ་གཟུགས། says:
    2013-05-26 at 1:50 pm

    རྩོམ་ཡིག་འདི་འདྲ་ཁ་བརྡའི་ནང་ཅུང་མཐོང་དཀོན་པོའི་གྲས་ཡིན།

  6. ཀླུ་སྨྱོན། says:
    2013-05-28 at 1:39 pm

    མཁན་པོའི་རྩོམ་འདི་འདྲ་བདག་འདྲས་མི་ཚེ་འདིར་ཕལ་ཆེར་མི་འཁྱོང་བའི་ཚོད་དུ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme