Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བགྲེས་པོའི་སྔོན་གླེང་གནའ་གཏམ་རིང་མོ།

Posted on 2016-02-122016-02-12 By ཁ་བརྡ 22 Comments on བགྲེས་པོའི་སྔོན་གླེང་གནའ་གཏམ་རིང་མོ།

ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོས།
 
བགྲེས་པོའི་འབེལ་གཏམ་ཞེས་པའི་སྐབས་འདིའི་བགྲེས་པོ་ནི། ཡ་གླིང་ཨེ་ཤ་ཡའི་དབུ་རྒྱན་དུ་འགྱིང་བའི་སྲིད་པ་ཞང་བོད་མེས་པོའི་ཡང་མེས་སམ། གངས་རིའི་ལྗོངས་ཀྱི་ཕྱི་ནང་ཤེས་རིག་གི་སྣང་གསལ་ཐོག་མར་སྒྲོན་མཁན་ཏེ་སྤངས་རྟོགས་ཕུལ་ཕྱིན་གྱི་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་མཆོག་མཚོན་ལ། འབེལ་གཏམ་ནི་བདག་རྐྱེན་གྱི་སྟོན་པ་སངས་རྒྱས་དེ་ཉིད་ཀྱིས་གདུལ་བྱའི་བློ་རབ་འབྲིང་ཐ་གསུམ་ལ་ལྟོས་ཏེ་བོན་ཕྱི་ནང་གསང་གསུམ་དང་། བློ་རིམ་པ་དགུ་ལ་ལྟོས་ཏེ་བོན་ཐེག་པ་རིམ་པ་དགུ་སོགས་མདོ་སྔགས་རྫོགས་གསུམ་གྱིས་བརྗོད་བྱར་བརྒྱན་པའི་རྒྱལ་བའི་བཀའ་སྟེ་འཁོར་གྱི་སློབ་མ་དག་གིས་ཕྱོགས་སུ་བསྡེབས་ཤིང་། མེ་ཆུ་རླུང་གསུམ་སོགས་འབྱུང་བ་ཕྱི་ནང་གིས་འཇིག་མ་ནུས་པར་ད་ལྟ་དངོས་སུ་མཇལ་ཡུལ་དུ་གྱུར་པའི་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེ་མཚོན།

unnamedཡང་ན་བགྲེས་པོ་ནི་ལོ་རབས་ཆིག་ཁྲི་ལྷག་གི་ལོ་རྒྱུས་ཀྱི་དཀྱུས་རིང་ཞིང་། གངས་རིའི་ཡང་སྟེང་འདིར་ཡར་ལ་དར་བའི་དགོད་སྒྲ་དང་མར་ལ་རྒུད་པའི་ངུ་ངག་གཉིས་ཀའི་མྱོང་བ་ཡོད་པའི་ཞང་བོད་མེས་པོའི་ཆོས་བརྒྱུད་གཡུང་དྲུང་གི་བོན་རིན་པོ་ཆེ་དང་ཞང་བོད་ཀྱི་རི་སུལ་འདིར་བྱོན་པའི་ལོ་པཎ་རིག་འཛིན་རིམ་བྱོན་རྣམས་མཚོན་ལ། འབེལ་གཏམ་ནི་བྱམས་སྙིང་རྗེ་དང་གཞན་ཕན་བྱང་ཆུབ་སེམས་སོགས་ཀྱིས་ཡོངས་སུ་ཕྱུག་ཅིང་། ས་སྒང་གི་ཡང་རྩེ་འདི་ནས་གསུངས་ཤིང་གངས་སུལ་གྱི་དབྲག་བར་དང་བྲག་རྒོད་ཀྱི་གྱམ་སྦུག་མཚོ་མོའི་དོ་གླིང་དང་སྦྲ་ནག་གི་ཞབས་འོག་སོགས་སུ་བྲིས་ཤིང་བརྩམས་པ་དང་གཏན་ལ་ཕབ་པ་སྟེ། བརྗོད་བྱར་རྩམ་དྲི་བྲོ་ཞིང་། མར་དང་ཐུད་ཀྱི་རྩི་བཅུད་ཀྱིས་གཏམས་པའི་སངས་རྒྱས་གཡུང་དྲུང་བོན་གྱི་བརྟེན་འགྱུར་རིན་པོ་ཆེ་མཚོན།

གཞན་ཡང་བགྲེས་པོ་ནི། གངས་ཀྱི་ར་བས་ཡོངས་སུ་བསྐོར་བའི་གནའ་མཁར་རམ་གྱེར་བསྟན་སྙེ་མ་ལོ་ཡག་གི་ཕ་ཤུལ། དབུས་གྱུར་ཨེ་ཤ་ཡའི་ཡུལ་ཀུན་ལས་ཆེས་ཆགས་རབས་རིང་བའམ་ཀུན་གྱི་གཙུག་གི་རྗེ་བོ་སྟེ་ཞང་བོད་གཡང་གི་རུ་མ་དེ་ཉིད་མཚོན་ལ། འབེལ་གཏམ་ནི་ཡུལ་འདིར་སྔར་སྲིད་འབྱོར་རིག་གསུམ་སོགས་འཕེལ་རྒྱས་རིམ་པ་ལས་བྱུང་བའི་གཏམ་གྱི་ང་རོ་དང་། ཕྱིས་གཞན་གྱི་གཡོ་འོག་ཚུད་དེ་མར་བྲི་བའི་སྨྲེ་ངག་གི་འབྱུང་བ་རིང་མོ་སོགས་མདོར་ན་ཡུལ་འདིའི་སྔ་བར་ཕྱི་གསུམ་གྱི་ལོ་རྒྱུས་ཀྱི་རྨ་ཁ་དང་ཤུལ་རྗེས་དག་བརྗོད་པའི་གླེགས་བམ་རྣམས་མཚོན།unnamed-1

བགྲེས་པོ་ནི་སྐུ་ཚེ་ཧྲིལ་པོར་གྱེར་བསྟན་རིན་པོ་ཆེའི་དོན་དུ་མཛད་འཕྲིན་བསྐྱངས་ཤིང་ཐ་ན་སྐུ་སྲོག་ཀྱང་གཏའ་མར་འཇོག་བཞིན་སྲི་ཞུ་རླབས་པོ་ཆེ་བསྒྲུབས་ལ། ད་ལྟའི་ཆར་ཡང་དགུང་གྲངས་བཅུ་ཕྲག་དགུ་ལས་བརྒལ་ཟིན་ནའང་ཐུགས་རྗེས་གཟིགས་པ་ལྷོད་པ་མེད་པར་བཤད་སྒྲུབ་འཁོར་ལོ་གསུམ་གྱི་འཕྲིན་ལས་སྐྱོང་བ་པོ་སྟེ་དུས་ཀྱི་སྟོན་པ་ྋཡོངས་འཛིན་སྨྲ་བའི་སེང་ཆེན་མཆོག་མཚོན་ལ། འབེལ་གཏམ་ནི་གང་ཉིད་ཀྱིས་རང་ལུགས་ཐུན་མིན་གྱི་གཞུང་ཆེན་བཀའ་མདོ་སྔགས་སེམས་གསུམ་དང་ཐུན་མོང་བཅུ་ཕྲག་རིག་པའི་གནས་སོགས་ལ་རྒྱས་དོན་སྙིང་བསྡུས་དང་བཀའ་གནད་གསལ་འགྲེལ་སོགས་ཅི་རིགས་སུ་མཛད་རྩོམ་གནང་བའི་གསུང་འབུམ་རིན་ཆེན་དབྱིག་མཆོག་ཐང་མར་བརྡལ་བ་རིན་གྱིས་གཞལ་བར་དཀའ་བའི་གསུང་རབ་དག་ཀྱང་མཚོན།

unnamed-2བགྲེས་པོ་ནི་ཤེས་རིག་གི་ལང་ཚོ་རྒྱས་ཤིང་མཁས་པའི་བྱ་བ་གསུམ་གྱིས་སྔ་རབས་པའི་གཤེགས་ཤུལ་དུ་སྙེག་པའི་གདན་ས་ཆེན་པོ་ྋདཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་འདི་ཉིད་ཀྱི་སློབ་གཉེར་བ་རྣམས་མཚོན་ལ། འབེལ་གཏམ་ནི་སློབ་པ་ལམ་ཞུགས་ཀྱི་དུས་སྐལ་བཟང་པོའི་ནང་སློབ་གཉེར་བ་དག་གིས་གོང་འོག་གཞུང་གི་གུང་བསྒྲིགས། མཁས་གྲུབ་གོང་མའི་གསུང་གི་རྒྱན་སྤྲས། གཟུ་བོར་གནས་པའི་གསུང་ལས་ལེགས་ཆ་བླངས། རང་གི་རིག་པ་སྒྲིན་པོས་བརྡར་ཤ་བཅད་ཅིང་དཔྱད་པ་ལས་བྱུང་བའི་རྩོམ་ཡིག་དང་ཡང་ན་དོ་བདག་སོ་སོའི་མི་ཚེའི་མྱོང་བ་མངར་སྐྱུར་ལས་བྱུང་བའི་ཚོར་འདུ་མཚོན་པའི་ལེགས་རྩོམ་ཁག་ཀྱང་མཚོན་ཆོག

མདོར་ན་བགྲེས་པོ་ནི་བསྟན་པའི་སྲོལ་འབྱེད་ཆེན་པོ་གང་ཉིད་དངོས་དང་དེའི་བཤུལ་ལམ་རྒྱུད་འཛིན་སྔ་དར་རིག་པ་འཛིན་པ་ཀུན་དང་། ལམ་དུ་བཞུད་བཞིན་པའི་རྒན་རབས་དང་བཞུད་ལ་ཉེ་བའི་མེས་པོ་ཚོའི་ཚབ་དང་ང་ཚོ་དང་ལྷན་དུ་སྐྱོད་བཞིན་པའི་མཐོང་ཐོས་རེག་གསུམ་གྱི་མྱོང་བ་ཟབ་པའི་རྒན་རབས་པ་ཁག་དང་འབྱུང་འགྱུར་ཆགས་ལ་ཉེ་བའི་ཤེས་རིག་ལ་དུངས་ཞེན་ཟབ་ཅིང་། མེས་པོ་ཤུལ་རྗེས་ལ་མཁྲེང་བའི་ཕྱི་རབས་ཀྱི་རིག་སྨྲ་བ་ཚོ་ཡང་མཚོན་ནུས།

unnamed-3དེ་ལྟར་བགྲེས་པོ་དག་གིས་འབེལ་པོར་བཤད་པའི་གཏམ་ཚོགས་འདི་བཞིན་དེང་རབས་དུས་དེབ་ཀྱི་གཟུགས་སུ་བསྐྲུན་ནས་མི་ལོ་བཅུ་ཕྲག་ལྷག་རིང་སོང་ཞིང་ལོ་ལྟར་བཞིན་ང་ཚོ་རྩོམ་སྒྲིག་ཁང་ནས་ངལ་བ་དང་ལེན་དང་འབད་པ་ཧུར་བརྩོན་གྱིས་འགྲེམ་སྤེལ་ཞུ་མུས་བཞིན་ད་ལམ་ཡང་ལོ་དེབ་བཅུ་དྲུག་པ་འདིར་ཡང་གཙོ་བོ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་འདིའི་རྣམ་དཔྱོད་ཡངས་པའི་རྒན་གཞོན་རྩོམ་པ་པོ་དག་གིས་མཛད་རྩོམ་གནང་བའི་རྩོམ་ཡིག་ཁག་དང་དེ་བཞིན་ཕྱོགས་བཞུགས་མཁྱེན་རྒྱ་ཡངས་པའི་རྩོམ་པ་པོ་དག་ནས་གནང་བའི་རྩོམ་ཡིག་རེ་ཟུང་བཅས་ཕྱོགས་སུ་བསྡུས་པ་དང་། དམིགས་བསལ་དུ་དུས་རབས་འདི་ཡི་ནང་ཞྭ་དཀར་གྱི་བསྟན་ལ་སྲི་ཞུ་བླ་མེད་དུ་མཛད་པ་པོ་ཕྱོགས་བཅུའི་རྒྱལ་འཕགས་རིག་པ་འཛིན་པ་ཀུན་མི་ཡི་གར་དུ་རྣམ་པར་རོལ་བ་དཔེ་རུ་མཚོན་ན་ཉིན་ལ་ཉི་མ་དང་མཚན་ལ་ཟླ་བ་སྟེ་དུས་དང་སྐབས་ལ་བྱོན་པའི་སྟོན་པ་ྋསྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་ྋསྐྱབས་རྗེ་རྒྱལ་བ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་རྣམ་པ་གཉིས་ཡེ་ཤེས་ཀྱི་སྤྱན་གཡས་གཡོན་གྱི་ཚུལ་དུ་བྱོན་པ་ལས་འདི་ལོར་སྨྲ་དབང་མི་ཡི་སེང་གེ་དཀྱིལ་འཁོར་རིགས་བརྒྱའི་ཁྱབ་བདག་ྋཡོངས་འཛིན་སློབ་དཔོན་རིན་པོ་ཆེ་དགུང་གྲངས་དགུ་བཅུར་ཕེབས་པ་དང་བསྟུན་ལོ་དེབ་བཅུ་དྲུག་པ་འདིར་སྐྱབས་རྗེ་མཆོག་གི་བཀའ་དྲིན་ཟབ་མོ་རྗེས་སུ་དྲན་པ་དང་ཞབས་པད་བསྐལ་པ་བརྒྱའི་བར་མི་འགྱུར་གཡུང་དྲུང་གི་ཁྲི་ལ་བཞུགས་པའི་གསོལ་འདེབས་དང་འབྲེལ་༼གོ་སྟོན་ལྷ་མིའི་མཆོད་སྤྲིན་༽ཞེས་པའི་ལེའུ་ཚན་ཞིག་ཀྱང་མྱུག་སྟེགས་སུ་བསྐྲུན་ཡོད་པར་ཕྱི་ནང་རྩོམ་རིག་ལ་གདུང་བའི་གང་ཉིད་ཀྱི་སློབ་བུ་གང་མང་མང་ཞིག་ནས་ཚ་ཚ་འུར་འུར་གྱིས་རྩོམ་ཡིག་གི་མཐུན་སྦྱོར་གནང་བྱུང་།

མདོར་ན་ང་ཚོ་རྩོམ་སྒྲིག་ཁང་ནས་ལོ་བསྟར་བཞིན་དུས་ལྟར་འཆར་ཅན་གྱི་ལོ་དེབ་འདིའི་རྩོམ་སྒྲིག་གི་བྱ་བ་གཉེར་བཞིན་པ་ལ་ཕྱོགས་གང་ཐད་ནས་མ་འདང་བ་དང་མ་ཚང་བའི་ཆ། ཡང་ན་ལྷག་མ་ཟློས་སྐྱོན་སོགས་ཇི་སྙེད་ཅིག་ཡོད་ངེས་པས་ཕྱོགས་བཞུགས་གཟུ་བོར་གནས་པའི་མཁས་དབང་དག་གིས་ལེགས་པའི་ལམ་སྟོན་བཀའ་སློབ་དང་། ཉེས་པ་འགོག་པའི་ཡོ་བསྲང་གི་བཀའ་བཀྱོན་ཡང་གནང་རོགས་མཁྱེན་མཁྱེན། །

གཙོ་སྒྲིག་པ་ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོས།

ངོ་སྤྲོད།

Post navigation

Previous Post: བར་ཐག་གི་དངན་པ།
Next Post: མོག་མོག་སྣ་འཛོམས་ཀྱི་སྟོན་མོ།

Comments (22) on “བགྲེས་པོའི་སྔོན་གླེང་གནའ་གཏམ་རིང་མོ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2016-02-12 at 10:34 am

    རྩོམ་ཡིག་ཏུ་ནི། ཞྭ་དཀར་བྲིས་འདུག པར་ལ་ནི། ཞྭ་སེར་མ་གཏོགས་མཐོང་རྒྱུ་མི་འདུག

  2. ཁྱུང་སེ། says:
    2016-02-12 at 11:07 am

    ད་ལན་རྒན་ཀརྡོ་འདི་ཡིན་གོང་གི་རྩོམ་ལ་བཤུས་ནས་སླར་འགོད་སྤེལ་བྱས་པ་མིན་པར་རྩོམ་ལ་དཔྱད་བསྡུར་བྱས་ནས་བྲིས་འདུག་པས་མཆན་ལྗིད་ཁོག་ཆེན་པོ་ཞིག་བྲིས་འདུག་གདའ།།

  3. དགེ་ལེགས། says:
    2016-02-12 at 11:45 am

    ཞང་བོན་ཚང་ལ་བཀྲ་ཤིས་བདེ་ལེགས་ཡོད།

  4. བཀྲ་ཡེ་ཚང་། says:
    2016-02-12 at 3:21 pm

    རླབས་ཆེན་གྱི་མཛད་པ་ལ་་་་རྗེས་སུ་ཡི་རང་ཡོད།

  5. དྲི་མེད་ལྷག་བསམ། says:
    2016-02-12 at 10:51 pm

    གཡུང་དྲུང་བོན་གྱི་ཆོས་རིག་རྒྱ་ཆེར་སྤེལ་བ་ལ་དགའ་བསུ་དང་། དཀའ་ལས་གནང་མཁན་ཀུན་ལ་ཐུགས་རྗེ་ཆེ་ཞུ། ། ཞྭ་སེར་གྱི་མ་ཡུམ་ཞྭ་དཀར་ཡིན་ཏེ། སྨད་འདུལ་ལོ་རྒྱུས་སུ་བླ་ཆེན་གྱིས་བོན་ཞྭ་དཀར་པོ་ལ་ས་རྩི་སེར་པོ་བྱུགས་པས་འདུལ་བསྟན་དར་བའི་རྟེན་འབྲེལ་མཛད་པར་གསལ་ལོ། །དེང་དུས་བོན་པོའི་རབ་བྱུང་སྡེ་ཡང་དར་ཞིང་རྒྱས་པའང་འདི་ཉིད་ཀྱི་རྟེན་འབྲེལ་ཡིན་སྲིད་པས་སོ། །

  6. དྲི་མེད་ལྷག་བསམ། says:
    2016-02-12 at 11:00 pm

    ཁྱུང་སེ་ལེགས་ལ་དྲི་བ་ཞིག་ཡོད། བོད་ཀྱི་སྲིད་པའི་ཕ་ནོར་གྱི་ཡ་གྱལ། སྐུ་གཤེན་གྱི་ཕྱག་རྒྱའམ། སྲིད་པའི་རྒྱལ་པོ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་གྱི་ཐམ་ཀ་རྒྱལ་བ་སྨན་རི་པའི་ཕྱག་ཏུ་ཡོད་པ་ཐོས་པས། གོང་གི་དུས་དེབ་སྟེང་གི་ཐམ་ཀ་དེ་དང་འབྲེལ་བ་ཡོད་དམ། ས་གནས་གང་དུ་ཡོད། སྟེང་གི་ཡི་གེའམ་རི་མོ་ཅི་ཡིན། མཇལ་ཁ་ཐོབ་སྲིད་དམ། ཞེས་འདྲི་བར་བྱའོ། །

  7. ཀླུ་སྨྱོན། says:
    2016-02-12 at 11:28 pm

    སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་ཕྱག་ཏུ་ཡོད་པའི་ཐམ་ཀ་དེ་ལི་མིག་སྐྱའི་ཐམ་ཀ་མ་རེད་དམ།

  8. ཀརྡོ་གཉེར་ཕྱག་པ་ says:
    2016-02-13 at 12:31 am

    གྲུབ་མཐའི་འབྱུང་བ་བརྗོད་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཞེས་པའི་དེབ་ཆུང་གཅིག་གི་ནང་ལ།
    ་
    བོད་དུ་བོན་པོའི་ཆོས་ལུགས་འབྱུང་ཚུལ།
    ཕྱུགས་བསད་ཤ་ཁྲག་ལྷ་གཉན་གསོལ་མཆོད་དེ། །
    གནོད་བྱེད་གདོན་བགེགས་འགོང་པོ་དམ་ལ་བཏགས། །
    ལུས་ཅན་ཡེ་གཤེན་ཏེ་ཐལ་ལམ་སྟོན་མཁན། །
    ཐེག་པ་རིམ་དགུ་སྲོལ་གཏོད་མི་བོ་ཆེ། །
    ་
    ཞེས་པའི་དོན་འགྲེལ་དང་། དགག་བཞག་རྩོད་སྤོང་ཅིག་གནོངས་དང་། དགྲ་གྲོགས་ཚོས།

  9. ཁྱུང་སེ། says:
    2016-02-13 at 2:09 am

    མཁས་དབང་དྲི་མེད་ལགས་ལ་ཐོག་མར་ལོ་གསར་པར་འཚམས་འདྲི་ཞུ་བ་དང་ཆབས་ཅིག ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་ཡི་ཐམ་ཀ་དེ་རྒྱལ་བ་སྨན་རིའི་བླ་བྲང་ལ་ད་ལྟ་དངོས་སུ་བཞུགས་ཡོད། མཇལ་འདོད་མཆིས་ཚེ་མཇལ་ཁ་གནང་སྲིད་པ་རེད་རྟེན་གསུམ་གྱི་གྲས་སུ་བཞུགས་ཡོད་པར་ཐོས། ངོས་ནས་ཐེངས་གཅིག་མཇལ་མྱོང། རྒྱུ་དངུལ་ལས་གྲུབ་པ་ཞིག་རེད་འདུག ཡི་གེའི་ནང་དོན་ནི། ༼ཐ་ཚན་པ་ཤང༽ཞེས་བྲིས་ཡོད་བསམ། དེ་ནི་ཞང་སྐད་ཡིན་པས་བོད་སྐད་དུ་ཐམས་ཅད་དབང་བསྒྱུར་གྱི་རྒྱལ་པོ་ཞེས་བརྗོད། ཐ་ཚན་ཅེས་པ་ནི་ཐམས་ཅད་ཀྱི་དོན་དང། པ་ཤང་ཞེས་པ་ནི་རྒྱལ་པོ་ལ་གོ་དགོས། ད་ལྟ་འདི་ན་བཀོད་པ་དེ་གང་ཡིན་མིན་ཆ་མ་ཚལ་ཞང་ཞུང་རྒྱལ་པོའི་ཐམ་ཀ་ད་བར་དུ་གཅིག་ལས་མང་བར་གོ་མ་མྱོངས། རྩོམ་པ་པོས་དེར་འགྲེལ་བརྗོད་ཡོད་ན་ལེགས། ལྷག་པར་དུ་པར་རིས་འགོད་པར་ངེས་པར་དུ་དེ་དག་སུས་པར་བརྒྱབ་གང་དུ་ཡོད་བྱུང་ཁུངས་གང་ནས་ཡིན་པའི་ལོ་རྒྱུས་དྲང་པོ་འགོད་རྒྱུ་གལ་ཆེ་དེ་མིན་བདག་དབང་མེད་པར་ལོངས་སྤྱོད་ཀྱི་རྒྱུ་རུ་འགྲོ་ཉེན་ཆེ།

  10. ཁྱུང་སེ། says:
    2016-02-13 at 2:11 am

    ཀརྡོ་ལགས་ཁྱེད་རང་བོད་ཡིག་ལ་ཞུ་དག་གནང་མཁན་ཞིག་ཡིན་པས་ཡག་པོ་གཟིགས་རོགས། ཁྱེད་ཀྱི་༼དགྲ་གྲོགས་༽དེ་སུ་ཡིན་ནམ། དེ་ནས་དགག་བཞག་བྱེད་ན་ལེགས། མ་གཞི་ནས་དབྱེན་དཀྲུགས་མ་གནང་ན་མི་མཛེས་སམ།

  11. ཀརྡོ་གཉེར་ཕྱག་པ་ says:
    2016-02-13 at 2:21 am

    བོན་གྱི་བྱུང་རབས་ཀྱི་ཤུལ་ལྷག་ཕར་ཞོགས། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་དུར་ཁང་ཚང་མ་བརྔོགས་ནས་བོད་པས་བཟས་ཚར་བ་ཡིན་པ་འདྲ། ངས་ཚིག་དོན་གཉིས་ཀ་ལ་ཞུ་དག་དང་། དགག་གཞག་ཙམ་ལས། དཀྲུགས་དགོས་དོན་མེད། ང་ནི་བོན་པོ་མིན་པ་ཙམ་ལས། ནང་ཆོས་ཆོས་བརྒྱུད་ཐོག རིས་མེད་ངའི་མི་རབས་ནང་ལ། ང་འདྲ་བོ་དིང་སང་དཀོན་ཙམ་རེད་འདུག

  12. དྲང་སྲོང says:
    2016-02-13 at 3:53 am

    ༄།དེང་སང་ཞ་མོ་སེར་པོ་གོན་མཁན་མང་ལེ་རེད་དེ་ཡག་པོ་རེད།

  13. དྲི་མེད་ལྷག་བསམ། says:
    2016-02-13 at 4:35 am

    ཨ་ལག་ཀླུ་སྨྱོན་ཚང་དང་། གཟུར་གནས་ཁྱུང་སེ་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུ། ། ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ། །ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་ཡི་ཐམ་ཀ་དེ་ཕྲན་གྱིས་གོ་བ་དེ་དང་གཅིག་ཡིན་སྲིད། ༡༽ གཉལ་བ་བྱ་རྒོད་པའི་ལུང་བསྟན་དང་། རྡོ་རྗེ་གླིང་པའི་ལུང་བསྟན་དུ། བོད་ཀྱི་བསྟན་སྲིད་ཉམས་རྒུད་རྗེས་སླར་གསོ་བ་ལ་ཉེ་བར་མཁོ་བའི། གུ་རུས་སྲོང་བཙན་ལ་ཕུལ་བའི་ཚངས་པའི་འཁོར་ལོ། རྣམ་སྲས་ཀྱི་དར། ཤམ་པོའི་མདུང་། སྐུ་གཤེན་གྱི་ཕྱག་རྒྱ་སོགས་བོད་ཀྱི་སྲིད་པའི་ཕ་ནོར་འགའ་ཞིག་ཡོད་པ་མཐོང་།༢༽ སྐུ་གཤེན་གྱི་ཕྱག་རྒྱ་ཅི་ཡིན་མ་ཤེས། ཨ་ལག་བོན་རྒྱ་ལ་དྲིས་པས། སྐུ་གཤེན་གྱི་ཐམ་ཟེར་བ་རེད། སྲིད་པའི་རྒྱལ་པོ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་གྱི་ཐམ་ཀ་རྒྱལ་བ་སྨན་རིའི་ཕྱག་ན་བཞུགས་ཟེར། ། རྗེས་སུ་མཇལ་བའི་རེ་བ་བདོག །གནས་སྐབས་བྲེལ་བ་ཆེ་བས་རེ་ཞིག་དེ་ཙམ་ལས་ཞུ་ལོང་མ་བྱུང་། ཐུགས་རྗེ་ཆེ། །

  14. ཀརྡོ་གཉེར་ཕྱག་པ་ says:
    2016-02-13 at 12:23 pm

    གྲུབ་མཐའི་འབྱུང་བ་བརྗོད་པ། བོད་དུ་བོན་པོའི་ཆོས་ལུགས་འབྱུང་ཚུལ། ནང་ལ། སྟོན་པ་གཤེན་རབ་ཁོང་མངའ་རིས་ཞང་ཞུང་ཡུལ་དུ་སྤྱི་ལོའི་དུས་རབས་མ་ཚུགས་གོང་གི་ལོ་དྲུག་བརྒྱ་ཡས་མས་ཞིག་ལ་འཁྲུངས་པ་གསུངས་འདུག

  15. ཀརྡོ་གཉེར་ཕྱག་པ་ says:
    2016-02-13 at 12:30 pm

    བོན་ལ་བསྟན་པ་སྔ་དར་དང་། བར་དར། ཕྱི་དར་གསུམ་ཡང་བྱུང་བར་བཤད་འདུག དིང་སང་གི་བོན་ནི། ལོ་རྒྱུས་རིང་ལ། ཟབ་ཅིང་ཤིནད་ཏུ་རྒྱ་ཆེ་ལ། རིས་མེད་ལྟ་བུ། དཔེར་ན། ཨིན་སྐད་དུ་Bonpo Buddhist ཅེས་པ་སྟེ། བོན་གྱི་ནང་པ་དང་། བོན་གྱི་ནང་ཆོས་ཀྱི་ཐ་སྙད་ཀྱང་དར་ཞིང་འདུག

  16. ཀརྡོ་གཉེར་ཕྱག་པ་ says:
    2016-02-13 at 12:38 pm

    ཉག་ཁྲིའི་སྔོན་ལ་བོན་རྒྱལ་སུའི་སྐབས་སུ་བོན་དར་ནུབ་ཀྱི། བྱུང་རབས་རྣམས་དྲ་གྲོགས་བོན་པོ་ཚོས། གསུངས་ན་ང་ཚོ་ཀུན་ཕན་ཐོགསག་ཆེ་བ་འོངས་ངེས་འདུག་པས་་་་་་་་

  17. ཀརྡོ་གཉེར་ཕྱག་པ་ says:
    2016-02-13 at 12:48 pm

    ཉག་ཁྲིའི་སྐབས་སུ་བོན་ཆོས་སྤྱི་ཙམ་དར་ཡོད་པ་། རྒྱལ་རབས་དྲུག་པའི་སྐབས་སུ་རྡོལ་བོན་དར་བ་དང་། སྤུ་དེ་གུང་རྒྱལ་སྐབས་སུ་འཁྱར་བོན་དར་ཞིང་། བསྒྱུར་བོན་ལ་གསུམ་ལས། དང་པོ་དེ་ནི་པཎཌི་ཏ་ཤམ་ཐབས་སྔོན་པོ་ཅན་གྱིས་ཆོས་མང་པོ་གཏེར་ལས་བཏོན་ཏེ་དར་བར་མཛད་དོ།།

  18. པདྨ says:
    2016-02-13 at 2:24 pm

    ཨ་རོ་ཀརྡོ་ལ་པཎཌི་ཏ་ཤམ་ཐབས་སྔོན་པོ་ཅན་ཟེར་བ་བོན་ཡིན་པའི་ཁུངས་ཁྱེར་ཤོག

  19. ཀརྡོ་གཉེར་ཕྱག་པ་ says:
    2016-02-14 at 12:27 am

    པདྨ་ལགས།
    སློབ་དཔོན་རིན་པོ་ཆེ་ནང་པ་ཡིན་པའི་ཁུངས་ངས་བསྐྱལ་མི་ཐུབ་པ་ལྟར། པཎཌིཏ་ཐམ་ཤབས་སྔོན་པོ་ཅན་དེ་བོན་པོ་ཡིན་པའི་ཁུངས་ཀྱང་། ངས་བསྐྱལ་མི་ཐུབ།
    འོནད་ཀྱང་། གུ་ར་ུ་རིན་པོ་ནང་པ་ཡིན་པ་དང་། སངས་རྒྱས་གཉིས་པ་ལྟར་གསུངས་པ་བཞིན་ངས་ཀྱང་། ཡིད་ཆེས་བྱེད་བགྱིད་ཡོད། གསོལ་བ་འདེབས་བགྱིད་ཡོད།
    ངས་ཁ་བརྡ་འདིར་འགའ་ཤས་ལ་ཕན་ན་བསམས་ནས། གྲུབ་མཐའི་འབྱུང་བ་བརྗོད་པ། བོད་དུ་བོན་པོའི་ཆོས་ལུགས་འབྱུང་ཚུལ། ནངལ་་གསུངས་འདུག་ཞུ་རྒྱུ་ཙམ་ལས། ཁུངས་བསྐྱལ་དགོས་ཡ་ལས་འགན་ང་ལ་མེད་དོ།།

  20. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-02-15 at 9:26 am

    ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོས་མཆོག་གིས་་བོན་གྱི་ངོ་སྤྲོད་མཆོག་ཏུ་གྱུར་པ་ཞིག་བྲིས་པ་བཀའ་དྲིན་ཆེ་ཞུའོ།

    བོན་བོན་གཉིས་ཀྱི་བར་དུ་དཔེ་ཆ་མཐོང་བ་དག་ལ་རྟོག་དཔྱོད་བྱེད་ན། ཁྱད་པར་ཆེས་མེད་པར་མཐོང་། གི་རིཀ་དམག་མིའི་ཞྭ་མོ་དེ་ཇི་ལྟར་བོད་ལ་སླེབས་པ་ཡིན། རྩེ་ཞྭ་ཞེས་བན་བོན་གཉིས་ཀའི་གྲྭ་པ་དག་གིས་གྱོན་་པར་མཛད། བཀའ་གདམས་གསར་མ་པ་མ་གཏོགས་བོད་ཆོས་ལུགས་གཞན་གྱིས་ཀྱིས་ཀྱང་རྩེ་ཞྭ་སེར་པོ་གྱོན་པ་མེད་དམ་སྙམ། བོད་ཀྱི་གྲྭ་པར་གི་རིག་དམག་མིའི་གྱོན་པ་སླེབས་ཡོད་པ་མཁས་པ་རྣམ་དཔྱོད་ཅན་གཞན་ཞིག་གིས་བཤད། བདག་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཇལ་བ་ན། ཞང་ཞུང་གང་དུ་ཡོད་དམ། ཞེས་བཀའ་འདྲི་མཛད་ཀྱང་། འདི་ན་འདུག་ཅེས་ཞུ་མ་ནུས་ཀྱང་། རྗེས་སུ་བུ་སྟོན་ཆོས་འབྱུང་ན། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཞང་ཞུང་གི་མཐོ་ལྡིང་དགོན་པར་བཞེངས་པར་གསུངས།། དེས་ན། ཞང་ཞུང་ཞེས་པ་ཡུལ་ཆེན་པོ་མ་ཡིན་པར་གུ་གེ་ཡུལ་ཙམ་ལ་ཞང་ཞུང་ཡིན་པར་སེམས་སོ།
    གཞན་ཡང་། བུ་སྟོན་ཆོས་འབྱུང་ན། རྒན་མོ་ལོ་དོན་དྲུག་ལོན་པ་ཞིག་གིས་ང་ལོ་དྲུག་ལོན་པ་ན། བཙུན་པ་མཐོང་ཟེར། ལོ་ངོ་བདུན་ཅུའི་རིང་ལ་་རྒན་མོ་དེས་བོན་གྱི་བཙུན་པ་ཡང་མཐོང་མེད་པ་ཡིན་ནམ། བདེན་བརྫུན་འདྲེས་པ་མགོ་འཐོམས་དགོས་་པ་ཞིག་མི་འདུག་གམ།
    ་
    ་ད་ལམ། ཞེས་དང་། གང་ཐད་ནས་མ་འདང་བ་དང་མ་ཚང་བའི་ཆ། ཞེས་པར་རིམ་བཞིན་། ་ད་ལན། ཞེས་དང་། ་ གང་ཐད་ནས་མ་ལྡང་བ་དང་མ་ཚང་བའི་ཆ། ཞེས་བདག་གིས་མགྲིན་པ་བཏེགས་ནས། འདོན་ཅིང་འབྲིའོ།

  21. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-02-15 at 10:45 am

    བཀའ་འདྲི་གནང་དུས་ཞུ་མ་ནུས་པ་ཡིན་ནམ་ཞུ་རྒྱུ་མེད་ནས་ལུས་ཡིན་རང་གིས་གང་བཤད་མ་རེད་དམ། ཧཧཧཧ་་་་རྒན་ལ་དྭགས་པ་ལགས།

  22. BONPO says:
    2016-02-17 at 10:00 am

    ལོ་འདིའི་བགྲེས་པོའི་འབེལ་གཏམ་ཐོན་པར་དགའ་ཡོད། ཞིབ་བཀླག་བྱ་རྒྱུར་སྒུག་ཡོད། ལས་ཀྱི་སྣེ་མོ་བ་ཚང་མར་སྐུ་དྲིན་ཆེ་ཞུ་འདོད་པ་ཡིན། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme