Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

<<རྟོག་འགྱུའི་ང་རོ>>བཀླགས་པའི་མྱོང་ཚོར་ཐོར་བུ།

Posted on 2013-07-152013-07-15 By ཁ་བརྡ་ 2 Comments on <<རྟོག་འགྱུའི་ང་རོ>>བཀླགས་པའི་མྱོང་ཚོར་ཐོར་བུ།

ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ།

དེ་རིང་ནི་གཟའ་སྤེན་པ་ཡིན་པ་དང་། གཟའ་འཁོར་གཅིག་གི་སློབ་གཉེར་ལ་བྲེལ་ཞིང་ངལ་དུབ་ཀྱིས་མནར་བའི་ལུས་པོ་འདི་ཡང་ཅི་ཞིག་ཀྱང་བྱེད་འདོད་མེད་པར་མལ་ཁྲིའི་སྟེང་འགྱེལ་ནས་བསྡད་པ་ན། གློ་བུར་ཏུ་མལ་ཁྲིའི་འགྲམ་གྱི་དེབ་སྒམ་ཐོག་འཇོག་ཡོད་པའི་དྲ་གྲོགས་སེར་ཤུལ་རིན་ཆེན་དོན་གྲུབ་ལགས་ཀྱིས་བརྩམས་གནང་མཛད་པའི་དེབ་ཕྲེང་<<རྟོག་འགྱུའི་ང་རོ>>ཞེས་པ་དེ་མཐོང་པ་དང་། དེབ་དེས་ཀྱང་བདག་ལ་“ང་ཀློག་དང་་་་་ཁྱེད་རང་གི་ངལ་དུབ་དེ་བརླགས་ངེས་”ཞེས་བརྗོད་པ་ལྟར་ངའི་མིག་ངོགས་སུ་མཐོང་སྣང་བདེ་པོའི་ངང་འཇོག་འདུག་པས་ངས་དེབ་ཕྲེང་དེ་ཀློག་འགོ་བརྩམས་པ་ཡིན།

དེ་ཡང་དེབ་དེའི་ནང་རྩོམ་པ་པོས་“རིགས་པའི་རྣོ་ཁ་ཡི་གཟི་དཔལ་ཐེག་ཐབས་མེད་པའི།། རྒྱུན་སྲོལ་གཙིགས་འཛིན་གྱི་འདུ་ཤེས་རྗེས་ལ་བཞག་སྟེ།། མྱོང་རིག་ཐོས་གསུམ་གྱི་བདེ་སྣང་ཡིད་ལ་བསུས་ནས།། གནས་ལུགས་ལྕགས་མཁར་གྱི་སྒོ་ཆེན་ཤུགས་ཀྱིས་འབྱེད་དོ”ཞེས་ཚིག་གིས་བཅད་ནས་གསུངས་གནང་མཛད་པའི་ཤོ་ལོ་ཀ་འདིས་བདག་ལ་རྩོམ་པ་པོ་རང་ཉིད་ཀྱི་གུ་ཡངས་ཀྱི་སེམས་ཁམས་དང་། སོ་སོའི་རིག་པས་དཔྱད་ཞིབ་ཏུ་གཙོ་བོར་འཛིན་པའི་ཚོར་སྣང་སོགས་མངོན་པ་གསལ་ཞིང་བློ་ཐག་ཆོད་པོའི་མི་གཤིས་ཤིག་ཀྱང་སེམས་ངོགས་སུ་ལྷང་ངེར་ཤར་ཏུ་འཇུག་པས་ངས་དེབ་ཕྲེང་འདི་མུ་འཐུད་ཀློག་འདོད་ཀྱི་ཚོར་བ་ཞིག་ངང་གིས་སྐྱེས།

རེད་ཡཱ་་་་རྩོམ་པ་པོས་“བླ་སྲོག་གི་གཟི་ཉམས་དཔྱོད་ཤེས་ཀྱིས་མྱོང་དགོས”ཞེས་གསུངས་པ་འདི་ནི་ཅི་མི་བདེན། ང་ཚོ་མི་མང་པོས་བླ་སྲོག་གི་གཟི་ཉམས་དེ་ཉིད་ཇི་ལྟར་འཚོལ་སྒྲུབ་བྱེད་དགོས་མིན་མི་ཤེས་པར།ནམ་ཀུན་ཏུ་མགོ་སྙོག་ཀྱང་ཀྱང་བཙལ་གྱིས་ཡོད་པ་རེད། ཁོང་གིས་རང་ཉིད་ཀྱི་སེམས་ཚོར་ཙམ་མིན་པར་རྣམ་དཔྱོད་ཀྱིས་འབྱེད་པའི་བླ་སྲོག་གི་གཟི་ཉམས་ལ་འཚོལ་བསྙེགས་ཀྱི་གོམས་ཁ་བསྒྱུར་པ་ནི་རླབས་ཆེན་ཞིག་རེད་སྙམ་པའི་ཚོར་བ་ཞིག་སྐྱེས་ལ། བླ་སྲོག་གི་གཟི་ཉམས་དེ་ཉིད་དཔྱོད་ཤེས་ཀྱིས་མྱོང་དགོས་པའི་གདམས་ངག་དེའང་ང་ཚོ་ཤེས་མེད་བླུན་པོ་རྣམས་ལ་དགོས་ངེས་ཤིག་ཀྱང་ལོས་ཡིན།

ཡང་ཁོང་གིས་“སྙན་ངག་གིས་མིའི་སེམས་ཁམས་ཀྱི་མཛེས་པ་མཐོར་འདེགས་བྱེད་པའི་གནས་ལུགས་ཀྱི་གོ་དོན་རྟོགས་མཁན་ནི་སྐད་ཡིག་འདི་བཀོལ་སྤྱོད་བྱེད་མཁན་གྱི་གྲས་ན་གྲངས་ཀ་ཉུང་ཉུང་ཞིག་རེད”ཅེས་གསུངས་པ་འདིས་ཁོང་གིས་སྙན་ངག་འབྲི་བའི་དགེ་མཚན་རྟོགས་ཤིང་། སྙན་ངག་བྲིས་པའི་འབྲི་རྩལ་ཀྱང་ཡོད་རིགས་རྣམས་ལ་ཟུར་ཟར་དང་། འདི་ལྟར་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གདུང་བ་མེད་ཅིང་བཀོལ་སྤྱོད་ཀྱི་གཤིས་ལུགས་མེད་རིགས་རྣམས་ལ་ཡིད་ཐང་ཆད་པའི་སྐྱོ་གཏམ་སྨྲས་པའང་དོན་དངོས་དང་མཐུན་པ་ཞིག་ལོས་ཡིན། དེང་སེང་ང་ཚོས་སྤྱི་ཚོགས་ཀྱི་སོ་སོའི་རྩོམ་རིགས་ལ་རིན་ཐང་དེ་ཙམ་མེད་པར་མཐོང་ནས།སོ་སོས་ཀྱང་དེ་རིགས་ཀྱི་གནས་ལ་མཁས་ཤིང་བྱང་ཆ་ལྡན་ནའང་། དེ་ཉིད་བཀོལ་སྤྱོད་བྱེད་པར་རིན་ཐང་མི་འདུག་སྙམ་པའི་ནོར་འཁྲུལ་གྱི་བསམ་བློའི་འཁྱེར་སོར་ཞིག་གི་དབང་གིས། སྔར་ལྟར་སྙན་ངག་འབྲི་བའི་སྲོལ་དེ་དགུན་ཁའི་ཆུ་བོ་ཇི་བཞིན་ཇེ་ཆུང་དུ་འགྲོ་བཞིན་ཡོད་པ་དང་། སྤྱི་བཏང་ནས་རྩོམ་པ་པོ་ནི་གཉེད་ཀྱི་བཟི་བའི་སྤྱི་ཚོགས་དེ་ཉིད་སྨྱུག་གུ་དང་ཤོར་བུའི་ལག་ཆ་ནས་གཉེད་དཀྲོགས་མཁན་ཞིག་ཡིན་པ་དང་། རྩོམ་པ་པོའི་ནུས་པ་ནི་སུས་ཀྱང་འགྲན་ཟླ་མེད་པ་ཞིག་ཡིན་ནའང་། དོན་དངོས་ཐོག་ང་ཚོའི་སྤྱི་ཚོགས་ནང་རྩོམ་པ་པོ་རྣམས་སྤྱི་ཚོགས་ཀྱི་ཤུགས་རྐྱེན་འོག་ཏུ་མགོ་བོ་ཐུར་ཏུ་གཟེབ་ནས་རང་ཉིད་ཀྱིས་ནུས་པ་དེ་ཉིད་ཐབས་བརྒྱ་ཇུས་སྟོང་གིས་འདོན་མཁན་དཀོན་ལ།དེ་ནི་ང་ཚོའི་མི་རིགས་ཀྱི་གྱོང་གོད་ཞིག་ལོས་ཡིན་ལགས་ན། རྩོམ་པ་པོ་མ་གསང་དྲང་པོས་འདོན་པའི་ནོར་འཁྲུལ་དང་སྐྱོ་སྣང་གི་ཁེངས་བའི་སྐད་ཆ་འདི་ཚོ་ང་ཚོས་ཅེས་ཀྱང་བསམ་བློ་གཏོང་དགོས་གལ་ཆེ་སྙམ།

དེབ་འདི་ནི་<དད་པའི་དབྱངས་> <ལ་རྒྱའི་དབྱངས་> <དཔྱོད་པའི་དབྱངས་>དང་། <ཚོར་བའི་དབྱངས་>བཅས་ཚན་པ་བཞི་རུ་བགོས་ཡོད་པ་དང་། དེ་ཡང་ཁོང་གི་ཚན་པ་དེ་དག་ཀྱང་“དབྱངས”ཞེས་པའི་ཡི་གེ་དེ་སྦྱར་པ་དང་། དེས་གྲུབ་པའི་ཚན་པ་བཞི་རུ་གནས་པ་དེའང་། ཁོང་གི་དེབ་ཕྲེང་འདི་ཉིད་འགོ་ནས་མཇུག་བར་ཐེངས་ཤིག་བཀླགས་པས་ན། ཁོང་གི་བརྗོད་བྱའི་དོན་གཟབ་ཞིང་བརྗོད་བྱེད་ཚིག་གི་འགྲོས་སོགས་རྣ་བར་སྙན་ཞིང་ཡིད་དུ་འོངས་བ་ཤག་སྟག་ཡིན་ལགས་ན། དེ་ཡང་ཁོང་གིས་“དབྱངས”ཞེས་པའི་ཡི་གེ་དེ་ཉིད་སྤྱད་པ་མིང་དོན་མཚུངས་ཞིང་དོན་དམ་དང་ཡོངས་སུ་མཐུན་པ་ཞིག་རེད་འདུག་སྙམ།

དེ་ཡང་བཟང་སྤྱོད་སྨོན་ལམ་ལས་ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན།། དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན།། བདག་གིས་མ་ལུས་དེ་དག་ཐམས་ཅད་ལ།། ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ་ཞེས་འཕགས་པ་བཟང་པོས་ཇི་ལྟར་གསོལ་བ་འདེབས་པ་བཞིན། རྩོམ་པ་པོས་དེབ་ཀྱི་ཚན་པ་དང་པོ་སྟེ་དད་པའི་དབྱངས་ཀྱི་ནང་དུ་ཁོང་གི་དྭངས་ཤིང་དྲི་མས་མ་གོས་པའི་བླ་སློབ་ཀྱི་དམ་ཚིག་དང་། སོ་སོས་རང་ཉིད་ཀྱི་བཀའ་དྲིན་བླ་མེད་ཀྱི་དགེ་བའི་བཤེས་གཉེན་ཚོར་ཡོད་པའི་སྒོ་གསུམ་ཟོལ་མེད་ཀྱི་དད་པ་དང་གུས་བཀུར་སྨོན་འདེབས་སོགས་མངོན་པར་གསལ་བཞིན་ཡོད་པ་མ་ཟད། རྩོམ་པ་པོས་དོན་གཟབ་ཞིང་གོ་སླ་བའི་ཚིག་གི་སྦྱོར་བ་དང་། དོན་གྱི་སྟོན་ཕྱོགས་སོགས་ནི་སྲོལ་རྒྱུན་སྙན་ངག་གཞན་དང་མི་འདྲ་པར། རབ་འབྲིང་ཐ་གསུམ་གྱི་ཀློག་པ་པོ་ཚང་མར་བརྡ་ལན་སྤྲོད་ཐུབ་པ་དང་། ནང་དོན་རྟོགས་ཐུབ་པར་བྱེད་པའི་ཁྱད་ཆོས་འདུག་ལ། དེ་ནི་བོད་ཀྱི་མཁས་པའི་དབང་པོ་རཀ་ར་རིན་པོ་ཆེ་མཆོག་ནས་ནམ་ཀུན་ཏུ་བོད་ཡིག་བཀོད་སྤྱོད་ཀྱི་ཁྱབ་ཁུངས་དེ་ཉིད་རྒྱ་བསྐྱེད་གཏོང་པ་དང་། བོད་རིགས་གཞོན་སྐྱེ་ཚོར་བོད་ཡིག་སྦྱངས་འདོད་ཀྱི་བློ་སྐྱེས་སུ་འཇུག་དགོས་ན་ངེས་པར་ཏུ་འབྲི་རྩོམ་དང་སློབ་དེབ་དེ་རིགས་སུ་མདོ་བསྔགས་ཆོས་ཚིག་གི་ཐ་སྙད་མཐོ་པོ་དེ་འདྲ་བེད་སྤྱོད་གཏོང་མི་རུང་བ་ནི་གནད་འགག་ཡིན་ཞེས་གསུངས་ཀྱི་གདམས་ངག་དང་ཡོངས་སུ་མཐུན་ཞིང་།རྩོམ་པ་པོའི་ཚིག་དོན་གྱི་སྦྱོར་ལུགས་དང་འགྲོས་ལུགས་སོགས་ནི་ཀློག་པ་པོ་སུ་ཞིག་ཡིན་རུང་གོ་བ་ལེན་ཐུབ་པའི་ནུས་པ་འདུག་ལ། ཁྱད་ཆོས་ཀྱང་འདུག་པས་ང་རང་ངོས་ནས་ཞེ་དྲགས་ཡག་པོ་འདུག་སྙམ་པའི་ཚོར་བ་བསྟེར།

དེབ་ཕྲེང་འདིའི་ཚན་པ་གཉིས་པ་སྟེ་ལ་རྒྱའི་དབྱངས་ཀྱི་འགོ་བརྗོད་ཚུལ་ཏུ་རྩོམ་པ་པོས་“ལ་རྒྱའི་གླུ་སྐད་བསྒྲགས་ཤིང་ཚེ་སྲོག་གི་བདེན་དོན་བསམ་པའི་གོམས་གཤིས་དེ་ཡང་གྲིབ་ནག་བཞིན་བདག་ལ་འགྲོགས་པར་གྱུར”དེ་ཡང་ཁོང་གིས་གནས་ལུགས་འཚོལ་ཞིབ་ཀྱི་རྣམ་དཔྱོད་ལ་སྐྱབས་བཅོལ་ནས་བྱུང་བའི་ལ་རྒྱ་ཞིག་ཡིན་པ་གསུངས་འདུག་པས། དེ་ནི་དོན་དམ་གྱི་གནས་ལུགས་ཡང་དག་ཅིག་ལོས་ཡིན། སོ་སོའི་མི་རིགས་དང་རྒྱལ་ཁབ་ལ་གདུང་བའི་ལ་ཞེན་ནི་རྣམ་དཔྱོད་ཀྱི་རྩལ་ནས་བྱུང་དགོས་པ་ཞིག་ལས་རྨོངས་རྟུག་གིས་མཆོང་རྒྱུགས་བྱེད་པ་ནི་ག་ལ་རུང་ལ།གལ་སྲིད་དེ་ལྟར་ལས་བྱུང་བའི་ལ་ཞེན་ཞིག་ཡིན་ནའང་། ལ་ཞེན་ངོ་མ་ཞིག་མིན་པ་ནམ་ཞིག་ཉི་འོད་འོག་གི་འཁྱགས་རོམ་ཇི་བཞིན་བཞི་རྒྱུ་ཉག་ཅིག་རེད། རྩོམ་པ་པོའི་“ཚེ་སྲོག་སྟོང་གི་རྨི་ལམ”གྱིི་ནང་ཁོང་གིས་དྲང་བདེན་གྱི་ཐུར་ནུས་ལ་བཅངས་བའི་ཡིད་ཆེས་དང་། རེ་བ་ལས་མཛེས་སྡུག་རྣམ་པ་བཀྲ་བའི་རྨི་ལམ་ཞིག་ངང་གིས་མཐོང་ཐུབ་ལ། མི་རིགས་འདིའི་ཚེ་སྲོག་གི་འཕེལ་རིམ་དང་། མ་འོངས་བའི་འཆར་སྣང་ཞིག་ཀྱང་གསོམ་ཉམས་དོད་པོས་བསྐྲུན་འདུག
ཡང་ཁོང་གིས་“མེ་ལྕེ་དང་སྙིང་སྟོབས།”“ཚད་ལྡན་གྱི་དཔའ་བོ་དང་སྐྱེས་བུ་ཚོ།བཟོད་པ་གསོལ་ལོ”“ཁྱེད་ཀྱི་སྤོབས་པས་ང་ཡི་མགོ་བོ་བཏེགས”“དཔའ་བོ་རྟོགས་བརྗོད་”སོགས་ཉམས་འགྱུར་གྱིས་ཕྱུག་ཞིང་སྡེབ་སྦྱོར་གྱི་འགྲོས་སྒྲིལ་བའི་ཚིག་བཅད་སྙན་ངག་འདི་ཚོས་རྩོམ་པ་པོའི་རང་ཉིད་ཀྱི་མི་རིགས་ལ་བཅངས་བའི་གདུང་སེམས་དང་། གངས་ཅན་ཁ་བའི་ལྗོངས་ཀྱི་བདེ་སྡུག་དོན་དུ་རང་ལུས་མེ་མཆོད་ཕུལ་བའི་དཔའ་བོ་དཔའ་མོ་ཚོར་གུས་བཏུད་དང་རྗེས་དྲིན། རང་གི་མི་རིགས་ཆགས་འཇིག་ཏུ་གནས་བའི་དོན་དངོས་སུ་སོ་སོས་རང་ཉིད་ལ་དམ་བཅའ་དང་། སྐུལ་དེད་སོགས་གནང་ཡོད་པར་ངང་ངང་ཤུགས་ཀྱིས་སྟོན་འདུག་ལ། རྩོམ་པ་པོས་གོ་སླ་ཞིང་དོན་གཟབ་བའི་མི་རིགས་ལ་ཞེན་རིང་ལུགས་ཀྱི་སྣང་བརྙེན་གསོན་པོར་བསྐྲུན་བའི་སྙན་རྩོམ་འདི་རིགས་ནི་དངོས་གནས་ད་ཡོད་གངས་ཅན་ཡུལ་ཏུ་ཆེས་མཁོ་དགོས་ཆེ་བའི་རྩོམ་ལུགས་ཤིག་རེད། ཁོང་གིས་“རང་དབང་དམ་པ་”ཡི་ནང་རྒྱ་གར་ནས་འཚེ་མེད་ཞི་བའི་ཐབས་ལམ་ནས་ལོ་ངོ་བརྒྱ་ཕྲག་མང་པོར་རང་དབང་གི་དོན་དུ་འཐབ་རྩོད་བྱས་པའི་གྲུབ་འབྲས་སུ་རང་དབང་རང་བཙན་འཐོབ་པའི་དུས་དྲིན་ནས།ཡིད་མོས་དང་། རེ་བས་ཁེངས་བའི་སེམས་ཚོར་མངར་སྐྱུར་འདྲེས་མའི་སྣང་བརྙེན་ཞིག་འབུར་ཏུ་ཐོན་ཐུབ་ཀྱི་འདུག་ལ། སྙན་རྩོམ་འདི་བརྒྱུད་དེ་ང་ཚོར་ངེས་པར་ཏུ་དྲང་བདེན་དང་འཚེ་མེད་ཞི་བའི་ལྟ་གྲུབ་ལ་ཡིད་ཆེས་དང་རེ་བ་བཅོལ་འོས་པའི་གདམས་ངག་ཅིག་ཀྱང་ཅི་ལ་ཡིན་མི་འོས་སྙམ།

ང་ཚོས་ནམ་ཀུན་ཏུ་མི་མང་པོ་ཞིག་ལ་རང་མོས་སྙན་ངག་ཟེར་དུས་ངེས་པར་ཏུ་གོ་དཀའ་ཞིང་ཚིག་སྦྱོར་དམིགས་བསལ་ཅན་ཞིག་ལ་ཡིན་དགོས་པའི་ཚོར་བ་ཞིག་ཡོད་པ་དང་། དོན་དངོས་ཐོག་རང་མོས་སྙན་ངག་ནི་དེ་ལྟར་རང་དགོས་པའི་ངེས་པ་ཞིག་ག་ལ་ཡོད།དེ་ཡང་ཇི་སྐད་དུ་རྩོམ་ཡིག་ཡག་ཤོས་ནི་མི་ཚང་མས་དོན་རྟོགས་སླ་བའི་རྩོམ་ཡིག་དང་། ཚིག་སྦྱོར་དབྱངས་ལྟར་སྙན་བའི་རྩོམ་ཡིག་ཡིན་ཞེས་གསུངས་པ་བཞིན། རྩོམ་པ་པོས་དེབ་ཕྲེང་འདིའི་ནང་“མེ་ལྕེ་དང་རྨི་ལམ”“མཐུན་སྒྲིལ་བསུ་བ”“རྒྱལ་ཁའི་སྟོབས་ཤུགས”“རེ་རླབས་དགུ་སྒྲིལ”“ཤེས་རིག”དང་“སེམས་ཀྱི་ལྷ་ས”སོགས་རང་མོས་སྙན་ངག་ཁ་ཤས་ཡོད་པ་དང་། དེ་དག་ཀྱང་ཐུན་མིན་གྱི་སྒྱུ་རྩལ་ལྡན་ཞིང་དམིགས་བསལ་གྱི་བྲོ་བ་ལྡན་པ་ཤག་སྟག་རེད་ལ། རང་མོས་འདི་དག་གིས་རྩོམ་པ་པོའི་མི་རིགས་ལ་གདུང་ཞིང་རིག་གནས་ལ་ཞེན་པའི་ཚོར་རླབས་དེ་ལྷུབ་ལྷུབ་ཏུ་འཕྱུར་བའི་སྣང་བརྙན་ཞིག་མེ་ལོང་ཇི་བཞིན་གསལ་གསལ་ཐིང་ཐིང་གིས་མཐོང་རྒྱུ་ཡོད་པར་སོམ་ཉི་མེད།

ཡང་དེབ་ཕྲེང་འདེའི་ཚན་པ་གསུམ་པ་སྟེ་དཔྱོད་པའི་དབྱངས་ཀྱི་ནང་དུ་རྩོམ་པ་པོས་སོ་སོའི་ལྟ་སྤྱོད་དང་རིག་པས་དཔྱད་ཞིབ་ནས་བྱུང་བའི་གནས་ལུགས་དང་། ནང་པའི་ལྟ་གྲུབ་ལས་བྱུང་བའི་དོགས་དཔྱོད་སོགས་གསལ་ལེར་སྟོན་འདུག་ལ། དེས་ཀྱང་ནང་བསྟན་ཤེས་རིག་འདི་ཉིད་བླུན་རྟུལ་གྱི་གནས་སུ་གྱར་བའི་ཁོངས་མེད་ལུང་མེད་ཅིག་མིན་པར། དེ་ནི་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་ར་སྤྲོད་ཐུབ་པའི་བདེན་པའི་གནས་ལུགས་འབའ་ཞིག་ཡིན་པ་སྟོན་འདུག་ལ། དེ་ཡང་ཁོང་གིས་གོ་བདེ་ཞིང་བྲོ་བ་ལྡན་པའི་ཚིག་ཕྲེང་རེ་རེ་ནས་དམིགས་བསལ་གྱིས་སེམས་ཚོར་ཞིག་སྤྲོད་ཀྱིས་འདུག་ལ། མདོ་བསྔགས་སོགས་ཐ་སྙད་མཁྲེགས་པོ་དེ་འདྲས་མ་བཀྲེས་པར་གོ་སླ་ཞིང་དོན་གཟབ་བས་དངོས་གནས་འབོར་ཏུ་ཐོན་པའི་ཁྱད་ཆོས་ཤིག་འདུག་པའི་སེམས་ཚོར་སྐྱེས།

བཤད་སྲོལ་ལ་འཇིག་རྟེན་འདིའི་སྒང་ལ་སྡུག་བསྔལ་ཆེ་ཤོས་ནི་བསམ་བློ་བ་དང་དོན་ལྡན་གྱི་རྕོམ་པ་པོ་ཡིན་ཞེས་པ་བཞིན་དེབ་ཕྲེང་འདིའི་ཚན་པ་བཞི་པ་སྟེ་ཚོར་བའི་དབྱངས་ཀྱི་ནང་དུ་རྩོམ་པ་པོ་རང་ཉིད་ཀྱི་དགའ་སྐྱོ་སོགས་སེམས་ཚོར་འདྲ་མིན་སྟོན་གྱིས་འདུག་ལ། ཁོང་གིས་ཚོར་ཡན་འདི་ཚོ་ཡང་ས་མཐའ་ནས་སྒུམ་པའི་དྭ་ཕྲུག་ཅིག་གི་མིག་ཆུ་དང་གདུང་བ་ཡིན་ཞེས་གསུངས་པ་ལྟར། འདི་ནི་ང་ཚོ་ལས་དབང་དང་ཆབ་དཔལ་སོགས་ཀྱིས་ཕོངས་བའི་བཙན་བྱོལ་དྭ་ཕྲུག་ཚོའི་སྤྱི་སེམས་ཀྱི་ཚོར་བ་ཞིག་ཀྱང་ལོས་ཡིན། ཚོར་བ་འདི་དག་གི་ནང་ལ་འཇིག་རྟེན་ལ་ངེས་འབྱུང་སྐྱེས་བའི་ཚོར་བ་དང་། མི་རིགས་ཀྱི་བདེ་སྡུག་ལས་བྱུང་བའི་ངུ་འབོད། བླ་མ་ལ་དམ་ཚིག་གཟབ་བའི་བརྩེ་བ།འཇིག་རྟེན་འཕྲུལ་སྣང་གིས་བཟི་བའི་ཚོར་སྣང་སོགས་ཚོར་བ་འདྲ་མིན་གྱིས་བསྐྲུན་བའི་འདོད་ཁམས་པ་ཞིག་གི་སེམས་གཤིས་རྣལ་མ་དེ་མངོན་གྱི་འདུག་ལགས་ན། ཀློག་པ་པོ་སུ་ཞིག་ཡིན་ནའང་སེམས་ཚོར་སྟོང་གི་སྒྱུ་འཕྲུལ་ནས་དགའ་སྐྱོ་སྣ་ཚོགས་ཀྱི་ཚོར་བ་ཞིག་ངང་གིས་བསྟེར་ཐུབ་པ་ནི་ཁོང་གི་དེབ་ཕྲེང་<<རྟོག་འགྱུའི་ང་རོ་>>ཡི་ཁྱད་ཆོས་གཞན་ཞིག་རེད་སྙམ།

རྩོམ་པ་པོའི་མཇུག་གི་དྲན་གསོ་ཞེས་པའི་གཏམ་གླེང་ནང་འདི་ལྟར“གཏོང་ཕོད་ཀྱི་ཕྱག་ཟུང་ཡངས་པའི་སྦྱིན་བདག་རྣམས་ཀྱིས་ཀྱང་དཔལ་འབྱོར་གྱི་སྦྱིན་བདག་གནང་སྟེ་དེབ་གཟུགས་འདི་ཀློག་མཁན་དག་གི་སྤྱན་ལམ་དུ་བསྟར་ཐུབ་པ་བྱུང་”ཞེས་གསུངས་པ་འདིས་ངས་ཤེས་རིག་གིས་ཕྱུག་ཀྱང་དཔལ་འབྱོར་གྱིས་ཕོངས་ནས་རང་ཉིད་ཀྱི་རྣམ་དཔྱོད་ཀྱི་རྩལ་དང་གངས་ཅན་རྩོམ་རིག་གི་བང་མཛོད་དུ་སོ་སོའི་ལེགས་སྐྱེས་ཙམ་ཡང་ཕུལ་མ་ཐུབ་པར་བློ་འགྱོད་དང་། སྡུག་བསྔལ་གྱིས་མནར་བའི་“སློང་མོ་བ་”མང་པོ་དྲན་སོང་ལ།ཁོང་རྣམ་པའི་སྒྱུ་རྩལ་གྱིས་ཕྱུག་བའི་རྩམ་ཆོས་སོགས་ཀྱང་དེབ་གཟུགས་སུ་མཐོང་རྒྱུ་བྲལ་བའི་གནས་ཚུལ་སོགས་ཡིད་ལ་དྲན་ནས་བློ་ཕངས་སྐྱེས། ད་ཐེངས་<<རྟོག་འགྱུའི་ང་རོ་>>དེབ་གཟུགས་སུ་བཀོད་ཐུབ་པ་དང་ང་འདྲ་བའི་ཀློག་པ་པོ་གང་མང་ལ་རྩོམ་པ་པོའི་ཉམས་འགྱུར་ཕྱུག་ཅིང་ཁྱད་ཆོས་ལྡན་པའི་རྩོམ་ཡིག་སོགས་མིག་ངོར་མཐོང་རྒྱུ་བྱུང་པ་བྱས་པ་ནི་གཏོང་ཕོད་ཅན་ཚོའི་རླབས་ཆེན་གྱི་གཟི་བརྗིད་རེད་ལ། ངས་ཀློག་པ་པོ་ཞིག་གི་ངོས་ནས་ཁོང་རྣམ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་འོངས་པར་གངས་ཅན་ཁ་བའི་ཡུལ་དུ་འདི་དག་སོ་སོའི་ཤེས་ཡོན་དང་དཔལ་འབྱོར་སོགས་གང་ཡོད་ཀྱིས་ཕན་ཚུན་རོགས་འདེགས་བྱས་ནས་གང་ཅན་རྩོམ་རིག་གི་བང་མཛོད་ནང་འདི་ལྟར་ཁྱད་རྩོམ་གང་མང་འདོན་ཐུབ་པའི་རེ་བ་ཡོད།

ད་ལྟ་ནི་དགོང་མོའི་ཆུ་ཚོད་༣་ལྷག་ཟིན་ཚར་འདུག་མོད།<<རྟོག་འགྱུའི་ང་རོ་>>ཀྱིས་བསྟེར་བའི་བྲོ་བ་དེས་ངའི་ངལ་དུབ་ཀྱི་ཚོར་བ་སྤྲིན་ལྟར་ཡལ་ནས་དེབ་ཕྲེང་འདི་བཀླགས་པའི་སེམས་ཚོར་ཞིག་ཀྱང་འདི་ལྟར་འབྲི་འདོད་བྱུང་། མཐའ་མ་དེར་དྲ་གྲོགས་སེར་ཤུལ་རིན་ཆེན་དོན་གྲུབ་ལགས་ཀྱི་འདི་ལྟར་སྒྱུ་རྩལ་གྱིས་ཕྱུག་བའི་དེབ་ཕྲེང་རེ་འདོན་ནས། གངས་ཅན་རྩོམ་རིགས་བང་མཛོད་ནང་ལེགས་སྐྱེས་ཕུལ་པར་ཤིན་ཏུ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་མུ་མཐུད་རྩོམ་རིག་གི་འོད་ལམ་བསྙེགས་ནས་སྤྱི་ཚོགས་ལ་ལེགས་སྐྱེས་གང་མང་ཕུལ་བའི་རེ་བ་དང་བཅས་ཕྲན་མིང་བློ་བཟང་གྲགས་པ་འབོད་པས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་བྷན་ལོར་ན་ཕྱི་ལོ་༢༠༡༣ ཟླ་༧ ཚེས་༡༤ ཉིན་བྲིས།

རྩོམ་རིག

Post navigation

Previous Post: གཉའ་བར་མ་ཞོན་རོགས།
Next Post: བཀླགས་པའི་མྱོང་ཚོར་ཐོར་བུ།

Comments (2) on “<>བཀླགས་པའི་མྱོང་ཚོར་ཐོར་བུ།”

  1. དགའ་སྐུ་ says:
    2013-07-15 at 4:12 am

    དེབ་གསར་༼རྟོག་སྒྱུའི་ང་རོ་༽ ངོ་སྤྲོད་དང་སྦྲགས་དེའི་སྐོར་གསལ་བཤད་གནང་བར་སྐུ་དྲིན་ཆེ། རང་ཉིད་ལ་མཚོན་ན་སྙན་ངག་བྲིས་རྒྱུ་ཕར་ཞོག་སྙན་ངག་འཛིན་གྲྭར་ཉིན་གཅིག་འགྲོ་རྒྱུ་གོ་སྐབས་མ་བྱུང་། འོན་ཀྱང་སྙན་ངག་དང་བོད་དེབ་ཀློག་རྒྱུ་དགའ་བོ་ཡོད།

  2. འཇིགས་བྲལ་བསྟན་འཛིན། says:
    2013-07-15 at 1:52 pm

    དེབ་དེ་དམིགས་བསལ་ཁྱད་ཆོས་ལྡན་པ་ཡག་པོ་ཞིག་ཡོད་པའི་ངོ་སྤྲོད་ཐོབ་བྱུང་བས་ངོ་སྤྲོད་གནང་མཁན་དང་། ལྷག་པར་རྟོག་འགྱུའི་ང་རོའི་རྩོམ་པ་པོ་ལ་བཀྲ་ཤིས་བདེ་ལེགས་ཞུ། སྐོམ་པ་ཆུ་འདོད་ལྟར་ཀློག་རྒྱུར་སྒུག་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme