Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

<<གཉའ་ཁྲི་བཙན་པོ་ཞིབ་འཇུག་>>བཀླགས་པའི་མྱོང་བྱང་།

Posted on 2017-12-182017-12-21 By ཁ་བརྡ 11 Comments on <<གཉའ་ཁྲི་བཙན་པོ་ཞིབ་འཇུག་>>བཀླགས་པའི་མྱོང་བྱང་།

རེབ་གོང་བཀྲ་ཤིས། (ཨ་རི།)

 

དང་པོ། སྔོན་གླེང་ཐུང་ངུ་།

འབུམ་རམས་པ་གཡང་མོ་མཚོ་ལགས་ཀྱིས་བརྩམས་པའི་<<གཉའ་ཁྲི་བཙན་པོ་ཞིབ་འཇུག>>ཅེས་པའི་དེབ་རྒན་འདི་ད་ལོའི་ཕྱི་ཟླ་བརྒྱད་པའི་ནང་དུ་ང་ལ་ལག་སོན་བྱུང་། དེ་ཡང་གཡང་མོ་མཚོ་ལགས་ཀྱིས་ཕྲན་ལ་ལེགས་སྐྱེས་སུ་སྤྲད་ཡིན་ཞེས་འདི་ག་ཨ་རིར་སློབ་སྦྱོང་ཆེད་དུ་ཡོང་མི་ཞིག་བརྒྱུད་དེ་བསྐུར་འདུག   རིང་ནས་འདྲིས་ཡོད་དུ་གྱུར་པའི་གྲོགས་མོ་གང་གི་ལེགས་སྐྱེས་ཆེན་པོ་འདིར་དམིགས་བསལ་གྱིས་བཀའ་དྲིན་ཆེ་ཞུས་པ་ཡིན།
དེབ་རྒན་འདི་ནི་དེང་ལུགས་ཀྱི་དཔེ་དེབ་མགོ་བཙེམ་མ་ཆེ་གྲས་རིགས་སུ་གཏོགས་པ་གང་ཞིག་ལ། མཐུག་ཚད་ནས་ཀྱང་ཤོག་ངོས་ཆེན་པོ་བརྒྱད་བརྒྱར་ཉེ་བ་ཟིན་འདུག་སྟབས། གཞན་ཡུལ་དུ་འགན་ཁུར་དང་སྒྲིག་ཁྲིམས། རང་འཁྲིའི་ལས་བྲེལ་སོགས་ཀྱིས་གཅུན་པའི་བདག་ལྟ་བུ་ལ་མཚོན་ན། མཚམས་རེར་ཤོག་ལྷེ་ཁ་ཤས་རེ་བྱས་ཏེ་དལ་ཀློག་བྱ་རྒྱུ་ཞིག་ལས། དུས་ཐུང་ཞིག་གི་ནང་དུ་ཡོངས་སུ་ལྟ་ཀློག་བྱས་མི་ཚར་བའི་དེབ་རྒན་རིན་ཐང་ཅན་ཞིག་རེད། 

དཔྱད་འབྲས་འདིར་སྤུ་རྒྱལ་ཐོག་མའི་སྣང་བརྙན་དངོས་མ་བཙལ་རིམ་བཞིན་ཚུར་འོངས་པ་ན། གཡང་མོ་མཚོ་ལགས་ཀྱི་རྣམ་དཔྱོད་ཀྱི་རྩལ་དང་གུས་རྟག་བརྩོན་པ། ཞིབ་འཇུག་གི་འབྲས་རྟགས་མངོན་པར་མཐོ་བ་བཅས་ལ་ངང་ངམ་ཤུགས་ཀྱིས་ངོ་མཚར་དང་མོས་གུས་ཆེན་པོ་ཞིག་སྐྱེ་རུ་བཅུག་སོང་། སྔོན་ཆད་བདག་ཀྱང་རང་རེ་བོད་ཀྱི་ལོ་རྒྱུས་ཀྱི་ཕྱོགས་ལ་དོ་སྣང་ཕྲན་བུ་ཡོད་ཁུལ་ངང་འབྲེལ་ཡོད་དཔེ་དེབ་གང་འཚམས་ཤིག་ལ་ལྟ་ཀློག་བྱས་མྱོང་ན་ཡང་། རང་ཉིད་ཀྱི་ཆེད་ལས་སུ་གྱུར་མ་གྱུར་གྱི་ཁྱད་ལྟ་བུས་བོད་ཡིག་ཐོག་གི་ལོ་རྒྱུས་ཡིག་ཚགས་དང་དཔེ་མིང་། དཔྱད་གཞིའི་རྒྱུ་ཆ་བཅས་ཀྱི་ཕྱོགས་ནས་མཐོང་ཐོས་བྱུང་མ་མྱོང་བ་འགའ་རེ་དེབ་རྒན་འདི་བརྒྱུད་ནས་གསར་དུ་ཤེས་རྟོགས་བྱུང་ཞིང་། དུས་མཚུངས་སུ་བོད་ཀྱི་ཡིག་རྙིང་སྐོར་ཞིག་གི་གནས་ཚུལ་དང་། སྤུ་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་དངོས་ཡོད་སྐོར། འབྲེལ་ཡོད་ལོ་རྒྱུས་ཀྱི་ཡིག་ཚགས་འགའ་ཡི་བཞེད་ཕྱོགས་ལས་འཕྲོས་པའི་གནད་འགག་བཅས་ཀྱི་ཐད་ནས་ཀྱང་བློ་སྐྱེད་དང་བསམ་གཞིག་གསར་བ་མི་ཉུང་བ་ཞིག་ཐོབ་པར་གྱུར།

དེང་གི་དུས་འདིར་བོད་རིགས་ཚོའི་ཁྲོད་ན་སློབ་ཆེན་གྱི་ཐེམ་སྐས་རིམ་འཛེགས་ཀྱིས་ཞིབ་འཇུག་པ་དང་འབུམ་རམས་པའི་ཐོབ་མིང་ལེན་མཁན་མང་དུ་འདུག་ན་ཡང་། གཅིག་ནས་<<གཉའ་ཁྲི་བཙན་པོ་ཞིབ་འཇུག>>ལྟར་དུ་རང་ཉིད་ཀྱི་བརྩམས་ཆོས་ཀྱང་ཞིབ་འཇུག་རང་བཞིན་ཅན་དང་འབུམ་རམས་པ་ཅན་དུ་གྱུར་ཡོད་པ་ཉུང་བ་དང་། གཉིས་ནས་རང་ཉིད་བོད་རིགས་ཡིན་ན་ཡང་ཉག་ཕྲའི་བོད་སྐད་ཡིག་གི་ལས་དབང་ལ་བསམ་གྱིན་བརྩམས་ཆོས་རང་གི་སྐད་ཡིག་ཐོག་ཏུ་ཇི་བཞིན་འབྲི་མཁན་ཉུང་བ། གསུམ་ནས་དཔྱད་འབྲས་མང་མོད་ཀྱང་དེ་དག་ཆོས་ལུགས་དང་འབྲེལ་ཡོད་ལས། བོད་ཀྱི་ཐུན་མོང་རིག་གནས་ཀྱི་གྲས་ནས་ཉུང་བ་བཅས་ལ་བརྟེན་ནས། རང་རེའི་ལོ་རྒྱུས་མཁས་པ་དང་ཤེས་ཡོན་ཅན་མང་པོས་དངོས་བརྒྱུད་ཅི་རིགས་ནས་གཡང་མོ་མཚོ་ལགས་ལ་ཚད་མཐོའི་གདེང་འཇོག་ངང་བསྔགས་བརྗོད་བྱེད་ཀྱིན་པ་ནི་ཤིན་ཏུ་དོན་ལ་གནས་པ་ཞིག་རེད།  


གཉིས་པ། ཞིབ་འཇུག་གི་བརྒྱུད་རིམ། 

སྤྱིར་ན་བོད་ཀྱི་ལོ་རྒྱུས་ལ་དཔྱད་ཞིབ་བྱ་རྒྱུ་ནི་ལས་སླ་བོ་ཞིག་ཡེ་ནས་མིན། ལྷག་པར་དུ་བོད་ཀྱི་གནའ་རབས་ལོ་རྒྱུས་ཀྱི་ཕྱོགས་ནས་དཔྱད་ཞིབ་བྱེད་པར་ཧ་ཅང་རྙོག་འཛིང་ཆེ། བོད་ཀྱི་གནའ་རབས་ལོ་རྒྱུས་སུ་ནི་མི་རིགས་གཞན་ལ་མེད་པའི་རྙོག་འཛིང་ཆེན་པོ་སྟེ་ལོ་ཚིགས་ཀྱི་ཆ་ནས་དང་། ལོ་རྒྱུས་མི་སྣའི་མིང་། དཔེ་མིང་། ས་མིང་ཡུལ་མིང་སོགས་ཀྱི་ཕྱོགས་ནས་གཅིག་གྱུར་མིན་པའི་འབྲི་སྲོལ་སྣ་སྒོར་མོ་ནས་མང་དུ་མཆིས་པ་དེ་ཡིན། དེ་ལྟར་གཅིག་གྱུར་གྱི་ངོས་འཛིན་ཉུང་ཞིང་མཁས་པ་སོ་སོའི་བཞེད་ལུགས་སྣ་ཚོགས་ཡིན་པའི་ལོ་རྒྱུས་ཀྱི་རྙོག་འཛིང་ཁྲོད་ནས། གཡང་མོ་མཚོ་ལགས་ཀྱིས་སྤུ་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་གཟུགས་བརྙན་གསོན་པོ་བཞེངས་ཚུལ་གྱི་དབྱེ་ཞིབ་ཐད་ལ་དཔྱད་གཞིའི་ཡིག་རིགས་ཆེན་པོ་གསུམ་སྟེ་བོད་ཡིག་དང་། རྒྱ་ཡིག  ཨིན་ཡིག་བཅས་ནང་ཡོད་པའི་འབྲེལ་ཡོད་ཡིག་ཆ་མང་པོར་ཕྱོགས་རེ་ཙམ་མ་ཡིན་པར། ཕན་ཚུན་ལེགས་པར་ཞིབ་བསྡུར་གྱིས་གཉའ་ཁྲི་བཙན་པོའི་སྐོར་ལ་སྔར་མེད་ཀྱི་དཔྱད་འབྲས་ཁ་གསལ་འབུར་ཐོན་ཅན་ཞིག་ཡོངས་སུ་གྲུབ་པར་བྱས་འདུག

དེ་ཡང་དཔྱད་དེབ་འདིའི་ཞིབ་འཇུག་གི་བརྒྱུད་རིམ་ཆ་ནས། གོང་གི་ཟུར་ལྟའི་ཡིག་རིགས་ཆེན་པོ་གསུམ་གྱི་ནང་དུ་མཁས་པ་སོ་སོས་བྲིས་ཡོད་པའི་གཉའ་ཁྲི་བཙན་པོའི་སྐོར་གྱི་ཞིབ་འཇུག་གི་གནས་བབ་དང་། དེ་དག་གི་མཐའ་དཔྱད། དཔྱད་འབྲས་ཀྱི་གནས་ཚུལ། དཔྱད་རྩོམ་དང་དཔེ་དེབ་ཀྱི་རིགས་སོགས་མཚམས་སྦྱོར་དང་ལྷན་དུ། སྤུ་རྒྱལ་ཐོག་མ་དང་འབྲེལ་བའི་ཡིག་ཚང་སྤྱིར་བཤད་ཀྱིས་སྔོན་དྲངས་ཏེ་རྡོ་རིང་བཀའ་གཙིགས་དང་། ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་རིགས། བོད་སིལ་ཐོར་རམ་བསྟན་པ་ཕྱི་དར་རྗེས་ཀྱི་གྲགས་ཆེ་བའི་གཉའ་ཁྲི་བཙན་པོའི་འབྱུང་ཁུངས་གླེང་ལུགས་གསུམ་སྟེ་བསྒྲགས་པ་བོན་ལུགས་དང་། གསང་བ་ཆོས་ལུགས། ཡང་གསང་ཐེའུ་རང་གི་ལུགས་བཅས་ཀྱི་འཆད་ལུགས་སོ་སོས་སྣ་དྲངས་ཏེ་<<གཉའ་ཁྲི་བཙན་པོ་ཞིབ་འཇུག>>བརྗོད་དོན་གྱི་ཁོག་ལེགས་པར་དབུབས་ནས་གསལ་བར་བཀྲལ་ཡོད་ཅིང་། གདུང་ཁུངས་གླེང་ལུགས་གསུམ་པོ་དེ་དག་ཀྱང་བོད་ཀྱི་སྔ་རབས་མཁས་པའི་ཐུན་མོང་མ་ཡིན་པའི་རྒྱལ་རབས་རྩོམ་སྟངས་ཀྱི་རྨང་གཞི་ཆགས་པའི་བོད་གློ་བུར་གྱི་རྒྱལ་པོ་ལ་གླེང་བའི་ཚིག་ཕྱེད་དང་བདུན་དུ་གྲགས་པ་སྟེ་ཅན་ལྔ་ལོག་དང་དྲུག གསང་བ་ཡང་ཆུང་དང་ཕྱེད་དང་བདུན་ (ལྡེའུ་ཇོ་སྲས་ལྟར་ན། སྤ་ས་བོན་པོས་བརྩམས་པ་ཡོ་ག་ལྷ་དགྱེས་ཅན། ཡབ་ཚན་འབངས་ཀྱིས་བརྩམས་པ་ཐང་མ་འཇུག་དྲལ་ཅན། སྐྱེ་ནམ་གྱིས་བརྩམས་པ་ཟིངས་པོ་སྣ་ཚོགས་ཅན། ཞང་བློན་གྱིས་བརྩམས་པ་ལྟབ་མ་དགུ་བརྩེགས་ཅན། རྗེ་ཉིད་ཀྱིས་བརྩམས་པ་གསང་བ་ཕྱག་རྒྱ་ཅན་དང་ལྔ། ཁུ་སྟོན་བརྩོན་འགྲུས་ཀྱིས་བརྩམས་པ་ལོག་ནོན་ཆེན་པོ་དང་དྲུག གྲོངས་ནས་བང་སོར་བཏབ་པ་ནི་གསང་བ་ཡང་ཆུང་དང་ཕྱེད་དུ་བཞག་གོ) པོ་སོ་སོའི་བཞེད་ཕྱོགས་ཇི་ལྟར་ཡོད་ཚུལ་དང་འབྲེལ་ཏེ་ཡིག་རྙིང་དེ་དག་རེ་རེའི་ལོ་རྒྱུས་བཅས་ཀྱི་དོགས་གནད་དང་འགལ་འབྲེལ། འཕྲོས་དོན་སོགས་ལ་འཐུས་ཚང་གི་གསེད་བཀྲོལ་དང་དཔྱད་བརྗོད་གང་ལེགས་གནང་འདུག་པ་དང་། དེ་འབྲེལ་སྐབས་དོན་གཉའ་ཁྲི་བཙན་པོའི་སྐོར་ནས་གོ་བ་ཕྱིན་ཅི་མ་ལོག་པ་ཞིག་གམ་ངེས་ཤེས་གསལ་བོ་ཞིག་འདྲོངས་པ་ལ། ཅན་ལྔའི་གླེང་ལུགས་ནས་མ་བརྒྱུད་པའི་སྤུ་རྒྱལ་ཐོག་མའི་ལོ་རྒྱུས་རང་རྐྱ་བ་ནི་ཀུན་ཏུ་ནས་ཀྱང་རྙེད་པར་དཀའ་བའི་ལྟ་ཚུལ་བརྟན་པོ་ཞིག་ཡོངས་སུ་བཅངས་འདུག

དུས་མཚུངས་སུ་ཡིག་རྙིང་ཅན་ལྔ་ལས་བརྩམས་ནས་བོད་ཀྱི་སྔ་རབས་མཁས་པས་སྤྱིར་གྱི་རྒྱལ་རབས་གླེང་ལུགས་གསུམ་སྟེ་རྒྱས་པ་སྤུན་པོ་དང་། འབྲིང་བ་ཁུག་པ། བསྡུས་པ་རྐྱང་བ་༼ལར། རྒྱལ་རབས་སྤུན་པོ་དང་། རྒྱལ་རབས་ཁུག་པ། རྒྱལ་རབས་རྐྱང་བ་ཞེས་ཀྱང་འབྱུང་།༽བཅས་ལས་འཕྲོས་པའི་འབྲེལ་ཡོད་ལོ་རྒྱུས་ཀྱི་ཡིག་ཆ་རྙིང་བ་གཞན་དག་དང་། ཁྱད་པར་དུ་ཡིག་རྙིང་མགོ་ཟླུམ་དས་ཆད་ཀྱི་རྒྱལ་རབས་གླེང་ལུགས་‘རྒྱལ་རབས་སྤུན་པོ་ཤྭ་བ་ཁྱིས་འདེད་པ་ལྟར་གླེང་བ། རྒྱལ་གཅིག་བློན་གཅིག་གཡུ་ཡིས་སྤྲས་པ་ལྟར་གླེང་བ། ཁུག་པ་སྤྱང་མོ་བུ་སྟོར་བ་ལྟར་གླེང་བ། རྒྱལ་རབས་རྐྱང་བ་འགྲོན་པོ་ལམ་ལ་ཞུགས་པ་ལྟར་གླེང་བ་’དང་བཞི་བོ་དེ་དག་ལོ་རྒྱུས་ཀྱི་དཔེ་དེབ་འགའ་རེའི་ནང་དུ། ཕྱོགས་ཙམ་རེ་དང་ཟུར་ཙམ་ཡོད་པ་དེ་རྣམས་ཀྱི་སྙིང་བོའི་བཞེད་ཕྱོགས་སོ་སོ་བ་རྣམས་ཁོལ་དུ་ཕྱུང་ནས་དེ་དག་ལ་མཚན་བྱང་དེ་ལྟར་ཐོགས་པའི་རྒྱུ་མཚན་དང་། གཞུང་དོན་ལ་ཇི་ལྟར་འཇུག་ཚུལ། གཏན་ལ་ཕབ་པའི་བརྗོད་དོན། རྒྱལ་རབས་སོ་སོའི་གནས་ཚུལ། སྔ་ཕྱིའི་འགལ་འབྲེལ་དང་དོགས་གནས་བཅས་པར་གཟུར་གནས་བློ་ཡིས་སམ་ཞིབ་མོ་རྣམ་འཐག་གིས། བརྡར་ཤ་གཅོད་ཐུབ་པའི་རིགས་ལ་ཁུངས་འཕེར་ངང་རྒྱུ་མཚན་ཡང་དག་དང་བཅས་ཏེ་ལེགས་པར་དཔྱད་འདུག་པ་དང་། རང་ངོས་ནས་བརྡར་ཤ་གཅོད་མི་ཐུབ་པའི་རིགས་ལ་འོལ་ཚོད་དང་རིགས་པ་ལྟར་སྣང་གིས་ཡེ་ནས་མི་འཇུག་པར། རང་གིས་རང་ལ་གྲོས་འདེབས་ཀྱི་ཚུལ་གྱིས་བརྟག་བྱར་བཀོད་འདུག་པ་དག་ནི་ཧ་ཅང་གི་བབ་ཆགས་ཞིབ་ཆ་ལྡན་ཞིང་ཡིད་དབང་འཕྲོག་པ་ཞིག་རེད།

དེ་བཞིན་དུ་དུས་ཀྱི་འགྱུར་ལྡོག་དང་རྒྱུ་རྐྱེན་སྣ་ཚོགས་དབང་གིས་ད་ཆར་བསྟན་དུ་མེད་པའི་ལོ་རྒྱུས་ཀྱི་ཡིག་རྙིང་དེ་སྙེད་ཅིག་ལ། རང་གི་བློ་ཁ་དང་མྱོང་ཚོད་སོགས་དང་སྒོ་བསྟུན་གྱིས་འཐད་ལྡན་རིགས་ལམ་གྱི་ཚད་གཞི་ངེས་ཅན་ཞིག་བཟུང་བའི་ཞོར་དུ་དཀར་ཆག་འཕང་ཐང་མ་དང་། བཀའ་ཆེམས་ཀ་ཁོལ་མ། མདོ་གཟེར་མིག  ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད། ཡར་ལུང་ཇོ་བོའི་ལོ་རྒྱུས། བཤད་མཛོད་ཡིད་བཞིན་ནོར་བུ་སོགས་དཔྱད་གཞིའི་ཡིག་ཆ་ཁག་མང་པོ་ཞིག་གི་གུང་ཡང་དག་པར་བསྒྲིགས་ནས་སྤུ་རྒྱལ་ཐོག་མའི་ཡཪ་སྔོན་གྱི་མངའ་མཛད་དང་རྒྱལ་ཕྲན། མངའ་མཛད་ཁག་ལས་འཕྲོས་ཏེ་རྒྱལ་ཕྲན་གྱི་གྲངས་ངེས་དང་གནས་ཡུལ། དེ་འབྲེལ་གྱི་ཐ་སྙད་དང་རིག་གནས། རིགས་རུས་དང་གདུང་ཁུངས། མཚན་དང་ལོ་ཚིགས། རྒྱལ་པོའི་མཛད་རྗེས་བཅས་ཀྱི་དོན་གནད་དང་གལ་ཆེའི་དོགས་གཅོད་དག་ལ་སྔར་མེད་ཀྱི་གསལ་ཁ་གཏོད་ཅི་ཐུབ་ཀྱིས་དཔྱད་འབྲས་<<གཉའ་ཁྲི་བཙན་པོ་ཞིབ་འཇུག>>་གི་བརྒྱུད་རིམ་ནི་ཇི་འདྲའི་རྒྱ་ཆེ་ཞིང་འགལ་འཛོལ་མེད་པར། དོན་དངོས་སུ་རྒྱལ་རབས་སྤུན་པོ་ཤྭ་བ་ཁྱིས་འདེད་པ་ལྟར་དུ་ཕྱོགས་ཡོངས་ནས་ཆ་ཚང་ཞིབ་རྒྱས་ཞིག་གླེང་འདུག་གོ །

གཉའ་ཁྲི་བཙན་པོ་ཞིབ་འཇུག་གི་རྩོམ་པ་པོ་གཡང་མོ་མཚོ་ལགས།

གསུམ་པ། དཔྱད་འབྲས་ཀྱི་རིན་ཐང་། 

གཡང་མོ་མཚོ་ལགས་ཀྱིས་ཀྱང་དེབ་འདིར་‘རིགས་ལམ་གྱི་ཚད་གཞི་ངེས་ཅན་བཟུང་ནས་འདི་ནི་ལྷ་རབས་དང་འདི་ནི་ལོ་རྒྱུས། འདི་ནི་རྨོངས་དད་དང་འདི་ནི་ཚན་རིག་རེད་ཅེས་བཟང་ངན་བདེན་རྫུན་གྱི་རྣམ་གཞག་ཕྱེ་རྒྱུ་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་ཙམ་ནས་གྲུབ་ཟིན་པས། ད་ལྟའི་དུས་ནི་མྱུ་གུ་ལ་བླང་དོར་ཁོ་ན་འབྱེད་སྐབས་མ་ཡིན་པར་ས་བོན་ནས་མྱུ་གུར་སྨིན་པའི་འཕེལ་རིམ་དང་བར་གྱི་རྩོལ་བ་སོགས་ལ་སྒོ་ཀུན་ནས་དཔྱད་པའི་དུས་ལ་སླེབས་ཤིང་།’ཞེས་བརྗོད་འདུག་པ་དེ་ཡིས། ཁོང་གི་དཔྱད་འབྲས་ཀྱི་རིན་ཐང་ཆ་ནས་ཕྱོགས་ཙམ་མཚོན་པར་བྱས་འདུག་ན་ཡང་། དེ་ཡང་གནས་སྐབས་ལ་ལར་མཁས་པའི་བཞེད་ལུགས་སོ་སོའི་འཕྲིན་ལས་དང་གྲགས་ཚོད་ཀྱི་དབང་དུ་གྱུར་ཏེ་གང་ཟག་དང་དུས་སྐབས་མི་འདྲ་བའི་རིགས་ལམ་གྱི་གཙོ་ཕལ་དང་དགོས་མཁོ་མི་འདྲ་བ་སོགས་ལ་སྒོ་བསྟུན་ཅི་རིགས་ཀྱིས་དཔྱད་འབྲས་འདིའི་རིན་ཐང་ཐད་དུ་གཅིག་གྱུར་མིན་པའི་ངོས་འཛིན་སྣ་ཚོགས་ཡོང་ངེས་པར་འདོད།

ངེད་ཀྱི་རྨོངས་འཆར་ལ་ཡང་དེབ་རྒན་འདིར་གཞན་གྱི་ལུང་འདྲེན་བྱེད་པའི་སྐབས་ལ་རེར་ཟློས་སྐྱོན་ཅུང་ཙམ་མེད་དམ་སྙམ་པ་ཞིག་ཡིད་ངོར་འཆར་ཡོང་ཞིང་། དེ་བཞིན་དུ་དཔྱད་བརྗོད་ཧ་ཅང་རྒྱས་པའི་སྟབས་ཀྱིས་རྩོམ་པ་པོའི་རང་ལུགས་དངོས་ཀྱི་ཐད་ནས་ངེས་ཤེས་གསལ་བརྟན་ཞིག་ཟུར་དུ་འཛིན་དཀའ་བ། གཉའ་ཁྲི་བཙན་པོའི་སྐོར་དངོས་དང་ལྷན་དུ་འབྲེལ་ཡོད་བྱེ་བྲག་པ་གཞན་གྱི་ཕྱོགས་ཅུང་མང་བར་གྱུར་མེད་དམ་སྙམ་པ་བཅས་ཞོར་དུ་བྱུང་སོང་།

མདོར་དྲིལ་ན། བོད་གློ་བུར་གྱི་རྒྱལ་བོ་གཉའ་ཁྲི་བཙན་པོའི་སྐོར་ལ་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆ་ལས་བོད་ཡིག་གི་ཆེད་དེབ་༡༠༧ དང་དཔྱད་རྩོམ་གྱི་རིགས་༣༩   དེ་བཞིན་རྒྱ་ཡིག་གི་ཆེད་དེབ་༢༧ དང་དཔྱད་རྩོམ་༥༩    ཨིན་ཡིག་གི་ཆེད་དེབ་༣༠ དང་དཔྱད་རྩོམ་༤༥ བཅས་ཡོད་པའི་ནང་དུ་མངོན་གསལ་གྱིས་འབྱུང་བ་དང་། ཕྱོགས་ཙམ་རེ་གསལ་བ། བརྒྱུད་ནས་སམ་ཤུགས་བསྟན་ཙམ་པོ་སོགས་ལ་རང་གི་གཟུར་གནས་རྣམ་དཔྱོད་ཀྱི་རྩལ་རབ་དང་བརྒལ་བརྟག་གི་རིགས་ལམ་ཟབ་མོ་དག་ལ་བསྡེབས་ནས། རྒྱལ་བོ་ཡབ་མེས་ཀྱི་གདུང་ཁུངས་ནས་གདུང་རབས་བྱོན་ཚུལ། རུས་མཚན་དང་ལོ་ཚིགས། མངའ་མཛད་མངའ་དབང་། ཆོས་སྲིད་མཛད་རབས་སོགས་ཀྱིས་གཞུང་དོན་གྱི་སྤྱི་ཁོག་གཏིང་ཟབ་པོ་དེ་ཉིད་ཀུན་ནས་མཛེས་པར་ཕུབ་འདུག་པའི་རྨང་གཞིའམ་བློས་བསླངས་རྒྱ་ཆེ་བ་ཞིག་བཞེངས་འདུག

ཚད་མཐོའི་རྨང་གཞི་དེའི་སྟེང་དུ་བོད་སྤྱིའི་གནའ་བོའི་ལོ་རྒྱུས་དང་གནས་ཚུལ། རིག་གནས་དང་གོམས་སྲོལ།  རྒྱལ་ཁམས་དང་ལུགས་ཀྱི་རྣམ་གཞག་བཅས་པར་ཡང་ཡིག་ཚང་དུ་མས་ཟུར་བརྒྱན་ཏེ་ཕྱོགས་སུ་མ་ལྷུང་བའི་ཀུན་སློང་སྔོན་བཏང་སྒོས་བསྲེག་བཅད་བརྡར་བའི་རིག་པའམ་ལུང་རིགས་དཔེ་གསུམ་གྱིས་ལེགས་པར་བརྟགས་ཤིང་དཔྱད་ནས་ལེའུ་ཆེན་པོ་བརྒྱད་ཀྱི་བདག་ཉིད་ཅན་འདིར་རྗོད་བྱེད་ཚིག་ཐད་གོ་རིམ་ལྡན་ཞིང་ཚིག་སྦྱོར་ལེགས་པ་དང་། བརྗོད་བྱ་དོན་ཐད་དབྱེ་རིམ་གསལ་ཞིང་འབུར་ཐོན་གྱི་ཁྱད་ཆོས་ཡོངས་སུ་འབྱོར་བའི་དཔྱད་གཞི་ངོམ་དུ་རི་བ་གལ་ཆེན་ཞིག་གྲུབ་པར་བྱས་འདུག་པ་དག་ནི། ད་ཕན་ལོ་རྒྱུས་རིག་པ་སྨྲ་བ་སུ་ཞིག་གིས་ཀྱང་འགྲུབ་པར་བྱས་མ་མྱོང་བའི་དཔྱད་འབྲས་<<གཉའ་ཁྲི་བཙན་པོ་ཞིབ་འཇུག>>གི་རིན་ཐང་དངོས་མ་དེ་རེད་བསམས།

ཕྱོགས་གཞན་ཞིག་ནས། ད་ལྟའི་ཆར་བོད་མི་ཕལ་ཆེ་བས་ཕྱི་ཚུལ་དུ་རང་རིགས་ལ་དུངས་ཞེན་ཡོད་ཁུལ་གྱིས་རང་གི་སྐད་ཡིག་སྲུང་སྐྱོབ་དང་། རིག་གནས་རྒྱུན་འཛིན་དགོས་ཚུལ་གྱི་ཁ་གཡང་སྙན་པོ་སྒྲོག་གིན་ཡོད་མོད་ཀྱང་། དོན་དངོས་ཀྱི་ལག་ལེན་ཁྲོད་དུ་རང་སྐད་ལས་གཞན་སྐད་གཙིགས་ཆེར་འཛིན་པ་དང་། བོད་ཡིག་ལས་གཞན་ཡིག་ཤ་ཐང་ཐང་དུ་བཀོལ་སྤྱོད་ཅི་ཐུབ་བྱེད་ཀྱིན་པའི་ཉེན་ཚབས་འདི་གའི་ངོས་ནས་ཀྱང་། ཉག་ཕྲའི་བོད་ཀྱི་སྐད་ཡིག་རིག་གནས་རྒྱུན་གནས་ཆེད་ལ་ཞབས་འདེགས་སུ་གྱུར་པའི་དཔྱད་འབྲས་འདི་ཉིད་ཀྱི་རིན་ཐང་ནི་བླ་ན་མཐོ་བ་ཞིག་ཡིན་པ་འབྱུང་འགྱུར་ལོ་རྒྱུས་ཀྱིས་གསལ་སྟོན་བྱ་བར་ངེས་ལ། རང་གི་སྐད་ཡིག་གི་ལམ་ནས་མེས་པོའི་ལོ་རྒྱུས་བྲིས་པ་ནི་རིགས་ཞེན་དཀར་པོའི་སྒུལ་ཤུགས་དང་བསྡོངས་ནས་རང་གི་རིགས་ལ་བདག་པོ་བརྒྱབ་པ་ཞིག་ཀྱང་ཡིན་པར་ཀུན་ནས་སེམས་སོ།།

 

༢༠༡༧ / ༡༢ / ༡༥ ཉིན་རང་ཉིད་ཀྱི་མྱོང་ཟིན་ཁོ་ནར་སྦྱར་ཏེ་བྲིས།

བསམ་ཚུལ།, རྩོམ་རིག

Post navigation

Previous Post: སྐུ་མཁྱེན། ༧གོང་ས་མཆོག་སྐུ་ངལ་གསོ་རུ་འཇུག་རོགས།
Next Post: རྟག་བརྟན་རྒྱུད་བཞི།

Comments (11) on “<>བཀླགས་པའི་མྱོང་བྱང་།”

  1. ཀླུ་སྨྱོན། says:
    2017-12-18 at 10:48 pm

    དེབ་རྒན་འདི་སྔས་མགོ་བྱས་ཤིང་དེབ་དཀར་རྐང་རྟེན་བྱས་ནས་འཆི་ན་འདོད།

  2. ཀརྡོ་རབ་འབྱམས་པ་ says:
    2017-12-18 at 11:56 pm

    ་་་་་་་་་ གཡང་མོ་མཚོ་ལགས་ཀྱིས་སྤུ་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་གཟུགས་བརྙན་གསོན་པོ་བཞེངས་ཚུལ་གྱི་དབྱེ་ཞིབ་ཐད་ལ་དཔྱད་གཞིའི་ཡིག་རིགས་ཆེན་པོ་གསུམ་སྟེ་བོད་ཡིག་དང་། རྒྱ་ཡིག ཨིན་ཡིག་བཅས་ནང་ཡོད་པའི་འབྲེལ་ཡོད་ཡིག་ཆ་མང་པོར་ཕྱོགས་རེ་ཙམ་མ་ཡིན་པར། ཕན་ཚུན་ལེགས་པར་ཞིབ་བསྡུར་གྱིས་གཉའ་ཁྲི་བཙན་པོའི་སྐོར་ལ་སྔར་མེད་ཀྱི་དཔྱད་འབྲས་ཁ་གསལ་འབུར་ཐོན་ཅན་ཞིག་ཡོངས་སུ་གྲུབ་པར་བྱས་འདུག ་་་་་་་་་་
    ་
    སྤུ་རྒྱལ་གྱི་དུས་རབས། 630 BC – 629 AD
    https://www.facebook.com/tayathat/videos/536518416706724/

  3. ཀརྨ་རྡོ་རྗེ། says:
    2017-12-19 at 12:27 am

    དྲ་བདག་མཆོག་གིས། མཆན་མིང་གསར་པར་རྒྱབ་སྐྱོར་ཆོག་ཆན་གནོངས་རོགས་ཞུའོ།།

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-12-19 at 6:26 am

    དེབ་དེ་ག་ནས་རག་གི་རེད་འབྲེལ་ཡུལ་སྐད་འཕྲིན་ཨང་འདིར་བཀོད་རོགས་གནང་དེབ་དེ་ཀློག་འདོད་བྱུང་།

  5. བསེ་རུ་ཟང་ཐལ། says:
    2017-12-19 at 8:01 am

    ང་ལ་དེབ་འདི་བོད་ནས་སློབ་དཔོན་མཐའ་གྲོལ་ལགས་ཀྱིས་རིན་མེད་རྔན་པ་གནང་བྱུང་། ཁོང་ལ་བཀྲིན་ཆེ་ཞུ་བར་འདོད། བརྗོད་གཞི་འགར་རོབ་བལྟ་བྱས། བློ་སྐྱེད་ཇི་མང་རེད། གཡང་མོ་མཚོས་དཔེ་མ་སྲིད་པའི་སྐུ་ལས་བསྐྱོན་འདུག་ལ། བོད་ཀྱི་བུད་མེད་ཞིབ་འཇུག་པ་ཞིག་གི་ངོས་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཞབས་འདེགས་འདི་འདྲ་ཞིག་ཕུལ་ཐུབ་པ་བྱུང་བ་ནི། ཇི་སྲིད་སྲིད་པ་ནམ་གནས་བར་མི་འཇིགས་པར་གནས་རྒྱུར། ང་མངའ་རིས་པ་འབྲོག་ཕྲུག་རྒན་པོ་ཞིག་གིས་བོད་མི་རིགས་དང་ལོ་རྒྱུས་ལ་དུང་བ་ཆེན་པོས་བྱེས་ནས་ཡིད་རངས་ཚད་མེད་ཞུ་བཞིན་ཡོད། ཁྱེད་ཀྱི་རྙིང་རུས་ལ་གུས་འདུད་ཞུ། བོད་རིགས་ཚོས་ད་དུང་དེབ་འདིའི་སྐོར་ལེ་ཚན་དུམ་བུ་དུམ་བུར་བྱས་ནས་རང་རེའི་སྤྱི་ཚོགས་ནང་བགྲོ་གླེང་ཆེ་ཆུང་སྣ་མང་གི་ལམ་ནས་ལོ་རྒྱུས་ལ་དོ་འཁུར་སྤེལ་ཐུབ་པ་བྱུང་ན། ཞང་ཞུང་དང་བོན་ནི་གདོད་མའི་བོད་ཀྱི་རིག་གཞུང་ངོ་མ་ས་སྐྱེས་རྡོ་སྐྱེས་དེ་ཡིན་པ་དང་། ཡུལ་གཞན་ནས་གཡར་པོ་ཞིག་མིན་པས་མ་ཚད། བོད་རྒྱལ་ཁབ་དང་མི་རིགས་ལ་མ་མཐར་ཡང་མི་ལོ་ ༤༠༠༠ ལས་མི་ཉུང་བའི་ལོ་རྒྱུས་ཡོད་པ་སོགས་བོད་དྲི་ལྷད་མེད་དང་མ་ངོ་མ་དྲོ་རྒྱུ་ཡོད་པ་ཚོར་ཐུབ།
    གཡང་མོ་མཚོར་བཀའ་དྲིན་ཆེ། ཁྱེད་སྐུ་ཚེ་རིང་། ཁ་དྲོ་ཞེས་ཞུ་བར་འདོད།།🙏🏽🙏🏽🙏🏽

  6. ཀརྨ་རྡོ་རྗེ། says:
    2017-12-19 at 9:30 am

    ལགས་སོ།།

  7. འབའ་ཀུན་དགའ། says:
    2017-12-19 at 3:17 pm

    དེབ་དེ་བཙན་བྱོལ་ནང་ངམ་ཡང་ན་བོད་ནང་གང་དུ་སུ་ལ་འབྲེལ་བ་བྱས་ན་རག་ཐུབ། གལ་སྲིད་དེ་འདྲའི་ཚོགས་སྒེར་སུ་རུང་ལ་འབྲེལ་བ་ཡོད་ན་འབྲེལ་ཐག་ཅིག་མཐུད་རོགས། ཁ་དྲོ།

  8. ཨ་འབར་འཇིགས་དབང། says:
    2017-12-19 at 10:51 pm

    ༄༅། བོད་ཁ་བའི་བོུ་གཡང་མོ་མཚོ་ལགས་བཀྲིས་བདེ་ལེགས་ཡོད།
    ཁྱེད་ཀྱིས་བརྩམས་པའི་དེབ་དེ་ང་ལ་ཡང་མཁོ་བས་ག་ནས་ཐོབ་འདིར་གསུང་རོགས།

  9. ཁུ་བྱུག says:
    2017-12-19 at 11:44 pm

    རེབ་གོང་བཀྲ་ཤིས་ལགས་རྩོམ་པ་པོ་རྒན་རབས་པ། གནའ་སྔ་མོ་ནས་གོ་མྱོང་བ་དེ་འདྲ་ཡིན། མ་ཟད་ཁོང་གིས་མཛད་པའི་དེབ་རྒྱ་ནག་གི་འཁྱོག་གཏམ་ལ་ལན་འདེབས་དེ་ཡང་མཇལ་མྱོང་། བར་ལམ་ནས་གང་དུ་ཕེབས་སོང་ཨང་སྙམ་ནས་བསྡད་ཡོད། ད་བྱས་དུས་ཁོང་ཨ་རིར་ཕེབས་ནས་མ་ཁོམ་པ་འདྲ། ལོ་མང་པོའི་རྗེས་རྩོམ་ཡིག་ཅིག་ལ་མཇལ་བ་ཤིན་ཏུ་དགའ། མི་རྙིང་པ་བཟང་། གོས་གསར་པ་དགའ་ཟེར་བ་དེ་བདེན་པ་རེད། ལྗིད་ཁོག་དངོས་གནས་འདུག སྐུ་ཉིད་ཀྱི་སྐུ་ཁམས་བཟང་ཞིང་རིག་གནས་ལས་དོན་རྒྱས་པའི་སྨོན་འདུན་ཞུ།།

  10. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-12-20 at 5:27 am

    དེབ་དེ་བོད་མི་ཚང་མས་ཀློག་ཆོག་པའི་དེབ་ཞིག་ཡིན་ན་དེབ་ཉོ་སའི་སྐད་འཕྲིན་ཨང་འདིར་བཀུར་རོགས་གནང་ཐུགས་རྗེའི་གཟིགས་བཀྲིན་ཆེ་།

  11. བསེ་རུ་ཟང་ཐལ། says:
    2017-12-29 at 5:27 pm

    ད་ལྟའི་ཆར་དཔེ་དེབ་འདི་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་མ་གཏོགས་མི་རེག་པ་འདྲ། འོན་ཀྱང་དཔེ་དེབ་འདིའི་རྒྱལ་སྤྱིའི་ཨང་གྲངས་ནི་
    ISBN 978-7-80253-884-9 རེད་འདུག་པས་རྒྱལ་སྤྱིིའི་དཔེ་མཛོད་ཆེ་ཁག་བརྒྱུད་ཐབས་ཤེས་འདྲ་གནང་ན་ཐོབ་སྲིད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme