Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀྲ་ཤིས་ཚེ་རིང་མཆེད་ལྔར་ཀ་ཕྲེང་གིས་བསྟོད་པ།

Posted on 2010-06-012010-06-01 By དབང་ཕྱུག་ 31 Comments on བཀྲ་ཤིས་ཚེ་རིང་མཆེད་ལྔར་ཀ་ཕྲེང་གིས་བསྟོད་པ།

དཔལ་རྒྱལ་བ་ཀརྨ་པ།

tseringma16c1

༄༅།། ཧྲི་༔ ཀ་དག་ཀློང་ནས་སྒྱུ་མའི་སྐུར་བཞེངས་ཤིང༌།།
ཁ་བ་ཅན་གྱི་ཞིང་སྐྱོང་བརྟན་མའི་གཙོ།།
ག་བུར་དྲི་ལྡན་ལྷ་མོའི་ཚོགས་རྣམས་ལ།།
ང་རྒྱལ་སྤངས་ཏེ་གུས་པས་བསྟོད་པར་བགྱི།།

ཅ་ཅོ་ཆེར་སྒྲོགས་མ་མོ་འབུམ་གྱི་དབུས།།
ཆ་ཤས་ཐམས་ཅད་རིན་ཆེན་གསེར་གཡུས་བརྒྱན།།
ཇ་སོགས་གྲུབ་པའི་འབྱོར་བ་རྣམ་བཞི་ཡིས།།
ཉ་རྒྱས་ཟླ་ལྟར་རྣལ་འབྱོར་རེ་བ་སྐོང༌།།

ཏ་ཐ྄་ག་ཏ་དུས་གསུམ་གཤེགས་པ་ཀུན།།
ཐ་དད་མ་ལུས་སྐྱེད་པའི་ཆོས་སྐུ་ཡུམ།།
ད་ལྟ་བཅོམ་ལྡན་ཐུབ་པའི་བསྟན་པ་ལ།།
ན་རྒ་བྲལ་བའི་སྲུང་མ་མཆེད་ལྔའི་ཚུལ།།

པ་སངས་ཟླ་བའི་མདངས་ལྡན་གཙོ་མོ་ནི།།
ཕ་རོལ་བདུད་དཔུང་འཇོམས་པའི་རྡོ་རྗེ་དང༌།།
བ་ལྟར་ཚེ་མཆོག་འཇོ་བའི་བུམ་བཟང་བཅས།།
མ་གཅིག་བཀྲ་ཤིས་དཔལ་འབར་ཁྱོད་ལ་བསྟོད།།

ཙ྄་རི་ཏྲ་སོགས་གསང་གསུམ་དཀྱིལ་འཁོར་དུ།།
ཚ་ངད་འབར་བ་བཀའ་ཉན་ཕོ་ཉའི་ཚོགས།།
ཛ་ཡ་འཁོར་ལོའི་འདུ་བར་རྟག་རོལ་ནས།།
ཝ་ལྟར་ཞིང་དང་ཉེ་བའི་ཞིང་ཀུན་ཉུལ།།

ཞྭ་བཞིན་བསྟེན་པ་རྩ་བརྒྱུད་བླ་མའི་ཚོགས།།
ཟ་ཧོར་མཁན་པོ་མཚོ་སྐྱེས་རྡོ་རྗེ་ནས།།
འ་ཅག་སྒྲུབ་བརྒྱུད་མེས་པོ་མི་ལ་རྗེའི།།
ཡ་མཚན་ལུང་དང་བཀའ་ཡི་ཕྱག་རྒྱ་ལྟར།།

ར་ལྟར་ལས་ཉོན་གཡང་ས་ཉམ་ང་བར།།
ལ་ལ་ཙམ་མིན་ཀུན་ཏུ་རྒྱུ་བ་དག།
ཤ་རུས་འབྲེལ་བའི་སྲིང་ལྟར་གདུང་བ་ཡིས།།
ས་ལམ་ཡང་དག་གནས་ལ་འགོད་པར་མཛོད།།

ཧ་ཅང་སྙིགས་མའི་རང་མདངས་ངོམ་པའི་དུས།།
རིང་ནས་མཛའ་བའི་ལྷ་མོ་ཁྱོད་འབོད་ན།།
ཨ་ཧོ་གློག་ལྟར་མྱུར་བའི་རྫུ་འཕྲུལ་གྱིས།།
མི་བཟད་རྒུད་པ་ཀུན་ལས་གྲོལ་བར་མཛོད།

བཀྲ་ཤིས་ཚེ་རིང་མཆེད་ལྔར་ཀ་ཕྲེང་གིས་བསྔགས་པར་བྱས་པ་འདི་ཡང༌། ཞྭ་མཐོན་མཐིང་གི་ཅོ་པན་འཛིན་པ་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཞེས་གཞོན་ནུའི་ན་ཚོད་དུ་སོན་ཀྱང༌། དགེ་བའི་རྩ་བ་རྒས་པར་གྱུར་པ་དེས། འཕགས་པའི་ཡུལ་ཁ་བའི་རི་དང་ལྡན་པའི་ངོགས་སུ་དྭང་བ་དང་ལྡན་པའི་ཡིད་ཀྱིས་བསྟོད་པའོ།།

སྙན་ངག

Post navigation

Previous Post: བོད་ཀྱི་མཛངས་མ་ཡོད་ན་བཟང་ངམ།
Next Post: ༤ ༡༤ མྱ་ངན་ལ་ཞུ་བ ཞེས་པའི་མྱ་ངན་ཆེད་དེབ་འགྲེམ་སྤེལ་བྱས་པ།

Comments (31) on “བཀྲ་ཤིས་ཚེ་རིང་མཆེད་ལྔར་ཀ་ཕྲེང་གིས་བསྟོད་པ།”

  1. སྡེ་དགེ་འཇིགས་མེད། says:
    2010-06-01 at 3:26 am

    སྤྲུལ་སྐུའི་མིང་ཅན་མང་པོ་ལ་ཆོས་དང་རིག་གནས་ཀྱི་ཡོན་ཏན་མེད་པར་མ་ཟད་བོད་བསྟན་སྲིད་ཀྱི་གནས་སྟངས་ལ་སེམས་ཚོར་ཅི་ཡང་མེད་པའི་མུན་སྟོང་དུ་གྱུར་བའི་སྐབས་འདིར། བོད་པའི་རིག་གནས་ཀྱི་བྲོ་བ་ཡོད་པའི་རྒྱལ་དབང་ཀརྨ་པ་མཆོག་གི་རྩོམ་ཡིག་འདི་མཐོང་བས་རང་སེམས་ལ་སྤོབས་པ་རྒྱས་སོང་།

    རྒྱལ་དབང་ཀརྨ་པ་མཆོག་ཉིད་བསྟན་འགྲོའི་མགོན་དུ་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ཆོས་བཞིན་འགྲུབ་པ་དང་། རླབས་ཆེན་གཞན་ཕན་ཀྱི་མཛད་ཕྲིན་འཛམ་གླིང་ཀུན་ནས་ཀུན་ཏུ་འཕེལ་ཞིང་རྒྱས་གྱུར་ཅིག

    གོ་སྐབས་འདི་བརྒྱུད་དེ་ཆོས་རྗེ་རྒྱལ་དབང་ཀརྨ་པ་རིན་པོ་ཆེས་གཙོས་པའི་བསྟན་འཛིན་སྐྱེས་ཆེན་རྣམས་ལ། ངས་ལྷག་བསམ་རྣམ་དག་གི་རེ་བསྐུལ་ཁ་ཤས་ཞུས་ན།

    ༡༽ ཚད་བཀག་མེད་པར་མུ་འཐུད་དེ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་རིས་མེད་བླ་མ་ཚད་ལྡན་རྣམས་ཀྱི་མདུན་ནས་དབང་ལུང་ཁྲིད་གསུམ་ཟབ་མོ་ཐོབ་ཐབས་གནང་དགོས།

    ༢༽ སྐུ་གོང་མ་ནང་བཞིན་མདོ་རྒྱུད་མན་ངག་རྣམས་ལ་ཐོས་བསམ་སྒོམ་པར་བྱེད་དགོས་ཞིང་། ཁྱད་པར་བྱང་སེམས་ལ་བློ་སྦྱོང་དང་། ཡང་སྒོས་ཡི་དམ་ཀྱི་ཉམས་ལེན་དང་ཕྱག་རྫོགས་ཀྱི་མན་ངག་ལ་གཞུང་ནས་གསུང་བའི་ཉམས་རྟོགས་ཀྱི་རྟགས་རྣམས་མ་ཐོན་བར་བསྙེན་སྒྲུབ་ལ་བཞུགས་ཐབས་གནང་དགོས།

    ༣༽ མནའ་བོའི་བོད་ཀྱི་བཅུ་ཕྲག་རིག་གནས་ལ་སློབ་སྦྱོང་ལེགས་པར་བྱེད་དགོས་པ་གཞིར་བཞག དེང་རབས་ཀྱི་རང་བྱུང་ཚན་རིག སྤྱི་ཚོགས་ཚན་རིག སྐྱེ་དངོས་ཚན་རིག སེམས་ཁམས་ཚན་རིག ཚད་བསྡུར་ཚན་རིག་སོགས་ལ་སློབ་སྦྱོང་གང་འཚམས་ཞིག་བྱེད་དགོས་ཏེ། དེང་སང་མི་མང་པོས་ཚན་རིག་ལ་རྨོངས་དད་བྱེད་བཞིན་ཡོད་པར་མ་ཟད་དགེ་བཤེས་དང་སྤྲུལ་སྐུའི་མིང་ཁྱེར་མཁན་གྱི་ཆེ་རློམ་པ་འགའ་རེས་ཀྱང་། གཞན་ཟེར་གཡོམ་བརྒྱུགས་ཀྱིས་སངས་རྒྱས་ཀྱི་ཆོས་ལས་ཚན་རིག་བདེན་པ་ཆེ་སྙམ་པའི་ལོག་རྟོག་གི་སྨྲེང་ངག་འདོན་གྱིན་འདུག་པས་གཟབ་དགོས།

    ༤༽ དེང་སང་བོད་ཀྱི་མཁན་སྤྲུལ་ཆོས་ཤེས་མཁན་ཅུང་ཟད་ཡོད་པ་ཐམས་ཅད་ཕྱི་རྒྱལ་ལ་ཕེབསཅིང་བཞུགས་ནས། མ་བསྐུལ་དང་ལེན་ཀྱིས་ཕྱི་རྒྱལ་མི་སྐྱ་ཕོ་མོ་ཐམས་ཅད་ལ། དགའ་ཚོར་ཆེན་པོས་བཀའ་ཆོས་གང་ཟབ་གསུང་བ་དང་འབྲེལ། ཆོས་ཞུ་བ་ཚོ་ལ་ཁ་དགའ་ངོ་ཡག་གིས་གུས་བཀུར་ཆེན་པོར་བྱེད་བཞིན་ཡོད་ན་ཡང་། བྱམས་བརྩེ་ཅན་གྱི་མཁན་སྤྲུལ་འདི་ཚོས། བོད་དང་རྒྱ་བལ་འབྲུག་གསུམ་ལ་ཡོད་པའི་བོད་རིགས་མི་སྐྱ་ཕོ་མོ་ཚོ་ལ། ཕྱག་དབང་ཙམ་གནང་བའམ་མྐབས་རེ་ཚེ་དབང་ཙམ་བསྐུར་བ་ལས་དགའ་ཚོར་ཆེན་པོས་བཀའ་ཆོས་གང་ཟབ་གནང་མཁན་ཕལ་ཆེར་མེད་པར་བརྟེན། དེང་སང་བོད་རིགས་མི་སྐྱ་ཕོ་མོ་མང་ཆེ་བས་སངས་རྒྱས་ཆོས་ལ་རྨོངས་དད་ཡོད་ལ་མེད་ལ་ཁད་ཙམ་ལས། མཆོག་གསུམ་ལ་རྒྱུ་མཚན་ཤེས་པའི་དད་པ་ཡང་དག་ཡོད་མཁན་ཤིན་ཏུ་དཀོན་པས། བོད་ཀྱི་མི་རབས་རྗེས་མ་རྣམས་ཆོས་མེད་ཀླ་ཀློའི་མི་རིགས་ཞིག་ཏུ་འགྱུར་ཉེན་ཆེན་པོར་འདུག།

    སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་དང་བསྟན་འཛིན་སྐྱེས་མཆོག་རྣམས་ཀྱི་བཀའ་དྲིན་ལས་དེང་སྐབས་འཛམ་གླིང་ཡུལ་ཁམས་ཀུན་ཏུ་བོད་ཀྱི་ནང་ཆོས་ལ་སློབ་སྦྱོང་བྱེད་མཁན་དང་ཉམས་ལེན་ཉིན་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་བོད་ཕྱི་ནང་གི་བོད་མི་མང་པོ་ཞིག་ཆོས་མེད་སྨྲ་བར་འགྱུར་མཁན་ཇེ་མང་ལ་འགྲོ་བཞིན་འདུག
    བོད་མི་བརྒྱ་ཆ་བརྒྱད་ཅུ་ལྷག་གིས་ཆོས་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་མ་རགས་པས། བོད་མི་ནང་ཆོས་ཀྱི་རིན་ཐང་དངོས་གནས་་ཤེས་མཁན་ཕལ་ཆེར་མེད་ལ་བོད་ཀྱི་གྲྭ་བ་ཆོས་བཤད་ཕོད་མཁན་ཕལ་ཆེར་མེད་ལྟ་བུ་རེད།

    དཔེར་ན། བལ་ཡུལ་དུ་བོད་ཀྱི་ཁྱིམ་ཚང་གཅིག་ལ་སྤྲུལ་སྐུ་གསུམ་ལྷག་འཁྲུངས་ོ་དང། སྤྲུལ་སྐུ་དེ་ཚོས་རྒྱལ་ཁབ་དུ་མར་ཆོས་ཚོགས་བཙུགས་པས། མི་མང་པོ་ཞིག་ནང་ཆོས་ལ་དོ་སྣང་བྱེད་ཐུབ་པ་བྱུང་ཡོད་ཀྱང་། སྐྱོ་དགོས་པ་ཞིག་ལ་ཁོ་ཚོའི་ཕ་མ་རྒན་ཁོག་གཉིས་མ་ཡིན་པའི། ནང་མི་སྤུན་མཆེད་ཚང་མ་ཆོས་ལ་དད་པ་མེད་པར་མ་ཟད་བོད་ཞེན་ཙམ་ཡང་མི་འདུག གནས་སྟངས་ཐབས་སྡུག་འདི་འདྲ་འབྱུང་བའི་རྒྱུ་མཚན་ནི། བོད་ཀྱི་བླ་མ་ཚོས་ཕྱི་རྒྱལ་ཀྱི་མི་ལ་ཆོས་བཤད་པ་ལས། རང་རིགས་བོད་མི་ལ་ཆོས་མི་བཤད་པའི་གོམས་སྲོལ་ངན་པ་དང་། བོད་མི་ཕ་མ་ཚོས་བོད་ཀྱི་རིག་གཞུང་ལས་ཕྱི་རྒྱལ་རིག་གཞུང་ཡ་མཚན་ཆེ་སྙམ་པའི་རྨོངས་དད་ཤུགས་ཆེ་ཡོད་པའི་རྐྱེན་ཀྱིས་རེད།

    དེར་བརྟེན་གལ་ཏེ་བོད་ཀྱི་མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ལ་བྱམས་སྙིང་རྗེ་རེ་ཡོད་ན། ངེས་པར་དུ་ཐུགས་བརྩེ་བས་ཆོས་ཀྱི་ཤེས་ཡོན་མེད་པའི་བོད་མི་སྐྱ་ཕོ་མོ་ཐམས་ཅད་ལ། ཟབ་མོའི་བཀའ་ཆོས་གང་མང་གནང་ནས་ཆོས་དང་མི་ཚེ་ཕན་ཚུན་གྲོགས་སུ་འགྱུར་བ་ཞིག་བྱས་ཏེ། ཆོས་ཀྱི་རིན་ཐང་ཤེས་ཞིང་མི་ཚེའི དོན་སྙིང་རྙེད་པའི་ཆོས་ལྡན་མི་རིགས་ཞིག་འཛམ་གླིང་ཞི་བདེའི་རྒྱན་དུ་ཡུན་རིང་དུ་གནས་ཐུབ་པར་བྱེད་དགོས།

    བོད་ཀྱི་སྐྱབས་མགོན་མཁན་སྤྲུལ་རྣམས་ཀྱིས་བོད་མི་སྐྱབས་མེད་རྣམས་ལ་ཉུང་མཐའ་ཡང་གཟའ་འཁོར་རེའི་གཟའ་ཉི་མའི་ཆུ་ཚོད་བཅུ་བ་ནས་བཅུ་གཉིས་བར་བཀའ་ཆོས་ཐེངས་རེ་གནང་རོགས་ཞུ་རྒྱུ་དང་།

    གལ་ཏེ་བཀའ་ཆོས་གནང་མཁན་མ་རྙེད་པའམ་སྐབས་རེ་ངེས་པར་དུ་སྐྱབས་མགོན་རྒྱལ་བ་རིན་པོ་ཆེའི་འོད་སྡེར་ལ་བལྟ་ཉན་བྱེད་དགོས།

    ༥༽ ཁྱད་པར་དགོན་བདག་བླ་མ་ཚོ་ནི། དུས་ཚོད་མང་ཆེ་བ་ཕྱི་རྒྱལ་ཀྱི་སྦྱིན་བདག་ཚོའི་ཆེད་དུ་ངོམ་ཆོས་ཀྱི་མཛད་རིམ་སྣ་ཚོགས་ལ་བྲེལ་ནས་སྒོར་མོ་བཙལ་དགོས་པས། རང་གི་གྲྭ་བ་ཚོ་ལ་ཆོས་བཤད་རིན་མེད་པའམ་བཤད་ཁོམ་མེད་ལ། གྲྭ་བ་ཚོས་ཀྱང་དཔོན་ཉམས་དོད་པའི་དགོན་བདག་བླ་མ་རྣམས་ནི་སྦྱིན་བདག་སྐུ་ངོ་ཀྱི་འདུ་ཤེས་ཙམ་ལས་བླ་སློབ་ཀྱི་འབྲེལ་བ་ངོ་མ་ཞིག་བྱེད་མྱོང་མེད་པའི་སྐྱོན་ཀྱིས། དགོན་པའི་ནང་གི་གྲྭ་བ་མང་ཆེ་བས་ཞོགས་ཚོགས་དགུང་ཚོགས་ལྟ་བུའི་རྒྱུན་འདོན་གྱི་ལྟ་སྒོམ་སྤྱོད་པའི་གོ་དོན་དང་དགོས་པ་རྒྱུ་མཚན་གང་ཡིན་མི་ཤེས་པ་དང་། ཐ་ན་ས་ོསོའི་ཁ་འདོན་ཀྱི་ཚིག་དོན་ཙམ་ཡང་ཚུལ་བཞིན་ཤེས་མཁན་དཀོན་པོ་གྱུར་ཡོད།

    ཆོས་མི་ཤེས་པའི་བླ་གྲྭ་མང་པོ་ཞིག་དགོན་པའི་ནང་དུ་ཡུན་རིང་བྲེལ་ཟིང་གིས་མི་ཚེ་བསྐྱལ་ནས་བསྡད་ཀྱང་། ཉོན་མོངས་མར་འགྲིབ་དང་དངོས་གྲུབ་ཡར་འཕེལ་ནི་ཕལ་ཆེར་མེད་པས། ཆོས་ཀྱི་སློབ་སྦྱོང་མ་ཐོབ་པའི་ཉམ་ཆུང་གྲྭ་བ་མང་པོ་རིམ་པས་སྐྱ་སར་བབ་ནས། བོད་ཀྱི་ནང་ཆོས་ནི་ཕྱི་རྫིག་ནང་སྡུག་གི་ཆོ་ག་ཕྱག་ལེན་དང་། རྟགས་གསལ་སྐམ་པོ་ཙམ་རེད་འདུག་སྙམ་པའི་ལོག་ལྟ་སྐྱེས་ནས། བོད་ཀྱི་ནང་ཆོས་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་དང་བྱུང་བཞིན་ཡོད་ན། ཤེས་ལྡན་དགོན་བདག་བླ་སྤྲུལ་ཡོངས་ནས་ཆོས་ཀྱི་སློབ་སྦྱོང་ནམ་ཡང་མི་ཐོབ་པའི་ཉམ་ཆུང་དགོན་པའི་གྲྭ་བ་རྣམས་ལ་བྱམས་དང་སྙིང་རྗེ་ཆེན་པོས་་དམིགས་བསལ་ཀྱིས་བཀའ་ཆོས་གང་མང་གནང་ཐུབ་པ་བྱེད་དགོས་སོ།

  2. Metok ma says:
    2010-06-01 at 4:17 am

    མི་བཟད་རྒུད་པ་ཚེ་རིང་མཆེད་ལྔའི་མཐུས།།
    ཡོངས་གྲོལ་མོས་པ་ཅན་གྱི་ན་གཞོན་དེས།།
    རྒ་བའི་དགེ་བ་ངོམས་པའི་ཀ་ཕྲེང་འདིའི།།
    ཁོ་བོའི་ཁ་མིག་ཡུད་ཙམ་འཕྲོག་པར་བྱས།།
    འུར་བསྟོད་དབྱངས་ལ་མ་བྱང་ཁོ་བོའི་ངག།
    ཁྱེད་བཞིན་རྣམ་སྲས་ཤུགས་ཀྱིས་མ་བསྐྱངས་ཀྱང་།།
    ལྟོ་སྐྱ་གོས་ཧྲལ་མནབས་པའི་ན་གཞོན་ཞེས།།
    ད་ནི་ཅུང་ཙམ་སྨྲ་ལ་མགོ་བོ་མཐོ།།
    ཁྱེད་སྐུ་བརྗིད་པོ་མཐོང་ན་ཚིམས་པའི་གཟུགས།།
    ནང་གི་དུངས་བ་ཤེས་བྱས་བརླན་པའི་ཆབ།།
    ལྷོད་ལྷོད་གཏམ་གྱི་ནམ་ཟླ་དེ་དག་ལས།།
    ཁོ་བོའི་མྱངས་བ་བདུད་རྩིའི་ཕྲེང་བར་ཆགས།།
    ཁ་སྔོན་སྐྱེ་དགུར་སྨོན་པའི་རྡོ་རྗེ་ཚིག།
    དེ་རིང་མཆེད་ལྔར་བསྟོད་པའི་གསུང་གི་དབྱངས།།
    རྣ་བའི་བུ་གར་འབབ་པའི་བཀའ་རྩོམ་ཞེས།།
    སྒྲོགས་པ་ན་མཉམ་ངོ་ཤེས་མི་དེས་སོ།།

  3. ལ་རྒྱ་ says:
    2010-06-01 at 4:20 am

    Dear Tibetans,Wisdom Light Trust(NGO)is going to collect the brief bio data of Tibetan scholars from in side and out side tibetan communities ,so please forward the bio data of tibetan professional ,specialized and experts/scholars if you know and if you are one of them.thanks for your act as we wish. for detail information Please visit at http://www.wisdomlighttrust.webs.com

  4. ལ་རྒྱ་ says:
    2010-06-01 at 4:25 am

    Dear,Wisdom Light Trust(NGO)is going to collect the brief bio data of Tibetan scholars from in side and out side tibetan communities ,so please forward the bio data of tibetan professional ,specialized and experts/scholars if you know and if you are one of them.thanks for your act as we wish. for detail information Please visit at http://www.wisdomlighttrust.webs.com

  5. Metok ma says:
    2010-06-01 at 4:26 am

    ཡ་མཚན་ལུང་དང་བཀའ་ཡི་ཕྱག་རྒྱ་ལྟར།། ལྟར་ནོར་བ་མིན་ན་བསྟར་ཞེས་གསུང་གི་མེད་འགྲོ།

  6. ལ་རྒྱ་ says:
    2010-06-01 at 4:29 am

    Dear friends,
    Wisdom Light Trust(NGO)is going to collect the brief bio data of Tibetan scholars from in side and out side tibetan communities ,so please forward the bio data of tibetan professional ,specialized and experts/scholars if you know and if you are one of them.thanks for your act as we wish. for detail information Please visit at http://www.wisdomlighttrust.webs.com

  7. མི་ནག་མདུང་ཐུང་། says:
    2010-06-01 at 5:12 am

    མཐོན་པོའི་ཁྲི་དང་འབོལ་བའི་གདན་གཞི་ནས།།
    འགྱིང་ཉམས་ཡོངས་སུ་དོར་བའི་སྟངས་སྟབས་དང་།།
    གནའ་དེང་ཤེས་ཡོན་སྐྱེད་མོས་ཚལ་ཆེན་པོར།།
    ཤེས་རབ་གོམ་པ་སྤོས་ཁྱོད་སྙིང་དུ་སྡུག།

    ཆོས་སྲིད་ཤེས་ཡོན་རྒྱ་མཚོ་ཆེན་པོའི་ཁམས།།
    ཕྲ་མོའི་ན་ཚོད་ལང་ཚོས་ལེགས་གཞིབ་འདི།།
    བདག་ཅག་བསོད་ནམས་དམ་པའི་དཔྱིད་ལགས་ན།།
    འདི་ལྟར་ཡང་ཡང་ཕེབས་མཛོད་ཀརྨ་པ།།

  8. མེ་ཏོག་དཀར་པོ། says:
    2010-06-01 at 10:20 am

    མི་ཆུང་ངས་བློ་ཡུལ་ལས་འགོངས་པའི་ཀ་རྩོམ་ཞིག

  9. མེ་ཏོག་དཀར་པོ། says:
    2010-06-01 at 11:01 am

    དྲ་གྲོགས་འཇིགས་མེད་ཀྱིས་སྙིང་གི་ན་ཚ་ཁ་ཤས་ཐེར་འདོན་བྱས་འདུག ཤིན་ཏུ་བདེན།

  10. ཀརྡོ་རབ་འབྱམས་པ་ says:
    2010-06-01 at 6:57 pm

    བཀྲ་ཤིས་ཚེ་རིང་མཆེད་ལྔར་ཀ་ཕྲེང་བསྟོད་བསྔགས་ཀྱིས། །
    བསྔགས་པར་བྱས་པོ་སྐུ་ཕྲེང་བཅུ་བདུན་ཀརྨ་པ། །
    ཨོ་རྒྱན་འཕྲིན་ལས་རྡོ་རྗེ་གཞོན་ནུའི་ན་ཚོད་དུ། །
    དགེ་རྩ་རྒས་པར་གྱུར་དེས་བགྱིས་པ་ཨེ་མ་ཧོ། །

  11. སྒོམ་སྡེ་ལྷ་རམས་པ། says:
    2010-06-02 at 8:44 pm

    དཔལ་རྒྱལ་བ་ཀརྨ་པ་མཆོག་གི་ལྗགས་རྩོམ་ལ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བ་དང་ཆབས་ཅིག གང་ཉིད་སྐུ་ཚེ་ཡུན་དུ་བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བདག་ཀྱང་མགོན་པོ་གང་ཉིད་ཀྱི་གསེར་ཞལ་མྱུར་དུ་མཇལ་ཞིང་གསུང་གི་བདུད་རྩིར་རོལ་བའི་སྐལ་བ་ཅན་དུ་འགྱུར་བའི་སྨོན་འདུན་ཤུགས་དང་བཅས་སོ། །

  12. ལུང་རྟོགས says:
    2010-06-03 at 12:44 am

    ཀརྨ་མཚན་གྱིས་མཐོང་བའི་ཁྲི་ལ་བསྐྱལ།།
    ཁ་བའི་ལས་ཀྱིས་མི་ཡུལ་ལུང་པར་འཁྱམས།།
    ག་ས་གང་དུ་གྲགས་སྙན་དབྱར་རྔ་སྒྲོགས།།
    ང་ཚོ་བོད་མིའི་ལོ་རྒྱུས་ཅི་ལྟར་འབྲི།།

  13. སྟོབས་ལྡན་དབང་ཕྱུག says:
    2010-06-03 at 6:27 am

    ༸དཔལ་རྒྱལ་བ་ཀརྨ་པ་མཆོག་གི་སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཡོང་བ་དང་། སྙན་རྩོམ་དང་བཀའ་རྩོམ་རིགས་མུ་མཐུད་དྲ་ངོས་སོགས་སུ་བཞག་སྟེ་སྐྱེ་དགུའི་ལོངས་སྤྱོད་དུ་འགྱུར་བའི་རེ་འདུན་དང་སྨོན་ལམ་ཀྱང་ཞུ།

    བསྟན་འཛིན་དམ་པ་རྣམས་ཁྲི་ལོར་ཤོག

  14. མེ་ཏོག་དཀར་པོ། says:
    2010-06-03 at 8:17 am

    གྱ་ནོམ་ཚོགས་ཀྱིས་དངོས་སུ་མ་བཀུག་ཅིང་། །
    གཡོ་རྒྱུའི་ཐབས་ཀྱིས་ལྐོག་ནས་བསླུས་མིན་ལ། །
    བཙན་པོའི་ཤེད་ཀྱིས་འཕྲོག་པ་མ་ཡིན་པར། །
    ངའི་སེམས་ཁྱོད་ལ་ཤོར་སོང་ཀརྨ་པ། །

  15. རྩམ་དགའ་ says:
    2010-06-03 at 8:51 am

    ཕོ་གསར་དར་མའི་ལང་ཚོས་ཡོངས་མཛེས་ཀྱང་། །
    ན་ཆུང་བུ་མོའི་འདོད་པའི་སྒྱུ་རྩལ་ལ། །
    མ་ཆགས་དམར་སེར་གོས་ཀྱིས་ཞི་དུལ་ཅན། །
    ཁྱོད་ལ་མི་ཕྱེད་དད་པས་ཕྱག་བགྱིའོ། །

  16. ལྷགབསམ་རྒྱ་མཚོ། says:
    2010-06-03 at 10:05 am

    ༄༅། ། བཀྲ་ཤིས་ཚེ་རིང་མཆེད་ལྔ་ལ་ཀ་ཕྲེང་གིས་གནད་ནས་བསྐུལ་བ། ། ཀ་དག་ཡེ་གྲོལ་ཆོས་ཉིད་སྟོང་པའི་མཁར། །ཁ་དོག་ལྔ་ལྡན་ལྷུན་གྲུབ་བཀོད་པའི་རྒྱན། །ག་པུར་ངད་སྨན་ལྗོངས་ཡུལ་ལྷའི་གཙོ། །ང་བདག་གདོན་གྱི་གཤེད་དུ་སྐུར་བཞེངས་ཤིག །ཅ་ཅོར་མགོ་འཁོར་བླུན་པོ་བྱེ་བའི་དབུས། །ཆ་ལུགས་གོ་ས་ཐོབ་ཀྱི་རྩོད་པ་དང་། །ཇ་ཆང་ཆོས་བརྒྱད་དུག་གིས་ར་རོ་ཞིང་། །ཉ་ཤ་ཁྱི་ལ་སྦྱིན་པའི་སྲོག་ལེན་མ། །ཏ་ཐཱ་ག་ཏའི་བསྟན་པའི་དབུ་འཕང་དམའ། །ཐ་ཅད་སྐྱེ་བོའི་ལོག་སྤྱོད་མཚོ་ལྟར་རྡོལ། །ད་ལྟ་ལེགས་ཉེས་སྟངས་འཛིན་མ་གཉེར་ན། །ན་ཆུང་མཆེད་ལྔའི་དམ་ཚིག་ཉམས་ཏ་རེ། །པ་ཏྲ་ལྟ་བུའི་གཡོ་སྒྱུའི་སྦྱོར་ངན་དང་། །ཕ་རོལ་ཁྱད་གསོད་བྱང་སེམས་རྫུན་མའི་གར། །བ་ཕྱུགས་ཁྱུ་ཚོགས་བཞིན་དུ་རྒྱུ་བ་ཀུན། །མ་ལུས་རྣམ་ཐར་གསུམ་ལྡན་དབྱིངས་སུ་སྐྱོལ། །ཙ་རི་ཏྲ་སོགས་ས་གསུམ་གར་བཞུགས་ཀྱང་། །ཚྭ་ཟེར་འཁྲུགས་པའི་གློག་ཕྲེང་འཁྱུགས་པ་བཞིན། །ཛ་ལང་གཡོན་ཅན་སྲོག་གི་གཤེད་མར་རྒྱུགས། །ཝ་སྐྱེས་རྒོལ་ངན་འབྱུང་པོ་ཧུར་ཐུམ་ཆོམས། །ཞྭ་ཡི་ཁ་དོག་གྲུབ་མཐར་འཛིན་པ་ཡི། །ཟ་འདོད་ཧམ་སེམས་ཁོ་ན་དོན་གཉེར་མཁན། །འ་འུར་རླུང་ཁྱེར་ང་དང་ ང་འདྲའི་ཚོགས། །ཡ་ཡོལ་མཛད་ལས་ངན་འཆིང་བ་ཆོད། །ར་བ་གངས་རིས་གཡོགས་པའི་སྣོད་བཅུད་ཀུན། །ལ་རྩེའི་དར་ལྕོག་བཞིན་དུ་གཡོ་བ་ལ། །ཤ་ཚའི་འཕྲིན་ལས་དུས་སུ་མ་མཛད་ན། །ས་ཐོབ་མཁའ་འགྲོའི་མཐུ་ནུས་སུ་ལ་ངོམ། །ཧ་ཧེའི་གད་རྒྱངས་སྒྲོགས་ལ་རྟག་བྲེལ་བའི། །ཨ་ཅེ་སྨན་བཙུན་ཚེ་རིང་མཆེད་ལྔ་པོ། །ཧ་ཅང་རིང་མོའི་དུས་ནས་བརྟེན་ལགས་ན། །ཨ་མཚར་ཙམ་མིན་དོན་གྱི་སྲུང་མ་མཛོད། །ཅེས་པའང་༧རྗེ་ཀརྨ་པའི་ཀ་བསྟོད་མཇལ་འཕྲལ་ལྷག་བསམ་སྨྱོན་པས་ཤར་མར་བྲིས་པ་དགེ། །

  17. ལྷགབསམ་རྒྱ་མཚོ། says:
    2010-06-03 at 10:13 am

    ཆད་བཅོས། ༄༅། ། བཀྲ་ཤིས་ཚེ་རིང་མཆེད་ལྔ་ལ་ཀ་ཕྲེང་གིས་གནད་ནས་བསྐུལ་བ། ། ཀ་དག་ཡེ་གྲོལ་ཆོས་ཉིད་སྟོང་པའི་མཁར། །ཁ་དོག་ལྔ་ལྡན་ལྷུན་གྲུབ་བཀོད་པའི་རྒྱན། །ག་པུར་ངད་ལྡན་སྨན་ལྗོངས་ཡུལ་ལྷའི་གཙོ། །ང་བདག་གདོན་གྱི་གཤེད་དུ་སྐུར་བཞེངས་ཤིག །ཅ་ཅོར་མགོ་འཁོར་བླུན་པོ་བྱེ་བའི་དབུས། །ཆ་ལུགས་གོ་ས་ཐོབ་ཀྱི་རྩོད་པ་དང་། །ཇ་ཆང་ཆོས་བརྒྱད་དུག་གིས་ར་རོ་ཞིང་། །ཉ་ཤ་ཁྱི་ལ་སྦྱིན་པའི་སྲོག་ལེན་མ། །ཏ་ཐཱ་ག་ཏའི་བསྟན་པའི་དབུ་འཕང་དམའ། །ཐ་ཆད་སྐྱེ་བོའི་ལོག་སྤྱོད་མཚོ་ལྟར་རྡོལ། །ད་ལྟ་ལེགས་ཉེས་སྟངས་འཛིན་མ་གཉེར་ན། །ན་ཆུང་མཆེད་ལྔའི་དམ་ཚིག་ཉམས་ཏ་རེ། །པ་ཏྲ་ལྟ་བུའི་གཡོ་སྒྱུའི་སྦྱོར་ངན་དང་། །ཕ་རོལ་ཁྱད་གསོད་བྱང་སེམས་རྫུན་མའི་གར། །བ་ཕྱུགས་ཁྱུ་ཚོགས་བཞིན་དུ་རྒྱུ་བ་ཀུན། །མ་ལུས་རྣམ་ཐར་གསུམ་ལྡན་དབྱིངས་སུ་སྐྱོལ། །ཙ་རི་ཏྲ་སོགས་ས་གསུམ་གར་བཞུགས་ཀྱང་། །ཚྭ་ཟེར་འཁྲུགས་པའི་གློག་ཕྲེང་འཁྱུགས་པ་བཞིན། །ཛ་ལང་གཡོན་ཅན་སྲོག་གི་གཤེད་མར་རྒྱུགས། །ཝ་སྐྱེས་རྒོལ་ངན་འབྱུང་པོ་ཧུར་ཐུམ་ཆོམས། །ཞྭ་ཡི་ཁ་དོག་གྲུབ་མཐར་འཛིན་པ་ཡི། །ཟ་འདོད་ཧམ་སེམས་ཁོ་ན་དོན་གཉེར་མཁན། །འ་འུར་རླུང་ཁྱེར་ང་དང་ ང་འདྲའི་ཚོགས། །ཡ་ཡོལ་མ་མཛད་ལས་ངན་འཆིང་བ་ཆོད། །ར་བ་གངས་རིས་གཡོགས་པའི་སྣོད་བཅུད་ཀུན། །ལ་རྩེའི་དར་ལྕོག་བཞིན་དུ་གཡོ་བ་ལ། །ཤ་ཚའི་འཕྲིན་ལས་དུས་སུ་མ་མཛད་ན། །ས་ཐོབ་མཁའ་འགྲོའི་མཐུ་ནུས་སུ་ལ་ངོམ། །ཧ་ཧེའི་གད་རྒྱངས་སྒྲོགས་ལ་རྟག་བྲེལ་བའི། །ཨ་ཅེ་སྨན་བཙུན་ཚེ་རིང་མཆེད་ལྔ་པོ། །ཧ་ཅང་རིང་མོའི་དུས་ནས་བརྟེན་ལགས་ན། །ཨ་མཚར་ཙམ་མིན་དོན་གྱི་སྲུང་མ་མཛོད། །ཅེས་པའང་༧རྗེ་ཀརྨ་པའི་ཀ་བསྟོད་མཇལ་འཕྲལ་ལྷག་བསམ་སྨྱོན་པས་ཤར་མར་བྲིས་པ་དགེ། །

  18. མེ་ཏོག་དཀར་པོ། says:
    2010-06-03 at 10:58 am

    ལྷག་བསམ་ལགས། ཚིགས་བཅད་རིགས་

    ཀ་དག་ཡེ་གྲོལ་ཆོས་ཉིད་སྟོང་པའི་མཁར། །
    ཁ་དོག་ལྔ་ལྡན་ལྷུན་གྲུབ་བཀོད་པའི་རྒྱན། །
    ག་པུར་ངད་ལྡན་སྨན་ལྗོངས་ཡུལ་ལྷའི་གཙོ། །
    ང་བདག་གདོན་གྱི་གཤེད་དུ་སྐུར་བཞེངས་ཤིག ། འདི་ལྟར་བྲིས་ན་ཀློག་བདེ་ཞིང་ཀློག་སྙིང་བྲོ་བ་ཞིག་མིན་འདུག་གམ། ཞར་འཕྲོས་ཡིན་ལགས།

  19. དཔལ་དགྱེས་པ་རྡོ་རྗེ says:
    2010-06-03 at 1:06 pm

    ༄༅། ། བཀྲ་ཤིས་ཚེ་རིང་མཆེད་ལྔ་ལ་ཀ་ཕྲེང་གི་ཁ་བརྡ། །
    ཀ་ཁའི་དབྱངས་གླུ་མགྲིན་པའི་ལམ་ནས་ཤོར། །
    ཁ་བའི་ལ་རྒྱ་སྙིང་གི་དཀྱིལ་དུ་བཞད། །
    ག་ས་གང་གང་དུ་སོང་ཡང་བན་འཁྱམ་བདག། །
    ང་ཡིར་འཛིན་པའི་ཡུམ་ཆེན་སྐུར་བཞེངས་ཤིག །
    ཅ་ཅོའི་ཚིག་གི་ངོ་ལྐོག་ཁྱེད་ཀྱིས་མཁྱེན། །
    ཆ་ལུགས་ཆོས་དང་མི་མཐུན་དམ་སྲི་དཔུང་། །
    ཇ་ཆང་འདོད་ཡོན་ཁོ་ནའི་དེད་དཔོན་ཚོ། །
    ཉ་མོ་ལྕགས་ཀྱུས་བཟུང་བཞིན་མྱུར་ཁུག་ཅིག །
    ཏ་ཐཱ་ག་ཏའི་བསྟན་པ་རིན་ཆེན་ལ། །
    ཐ་སྙད་ལོག་པ་ལྟ་བའི་ལས་ངན་ཚོགས། །
    ད་ཐང་སྐད་ཅིག་ཙམ་ཡང་མི་འགྱིངས་བར། །
    ན་རཀ་མནར་གཅོད་དབྱིངས་ལས་ད་སྒྲོལ་ཅིག །
    པ་ར་མི་ཏའི་ཕྱིན་དྲུག་རྒྱུ་ལ་བཙོང་། །
    ཕ་མའི་རྒྱུད་སྡེའི་སྙིང་པོ་ནོར་ལ་བརྗེས། །
    བ་ལང་ལྟ་བུ་རུ་ཏྲའི་སྦྱོར་ངན་རྣམས། །
    མ་དག་ལས་སྣང་བསལ་བའི་གྲོགས་མཛོད་ཅིག །
    ཙ་ར་ཆོད་ཅིག་མ་སྲིང་མཁའ་འགྲོའི་ཚོགས། །
    ཚ་གྲང་གདོན་ལས་ལྷག་པའི་བསྟན་བཤིག་ལ། །
    ཛ་དྲག་ལས་ལ་བསྐུལ་བས་ཆོས་སྐྱོང་གིས། །
    ཝ་སྐྱེས་སེང་ལྤགས་གྱོན་རྣམས་མ་ར་ཡ། །
    ཞྭ་རྩོད་བསྟན་པ་འཛིན་པའི་རྒྱལ་བསྟན་དང་། །
    ཟ་འདོད་རློམས་སེམས་ཁེངས་པའི་བླ་རྫུན་རིགས། །
    འུ་ཅག་བསྟན་པ་སྡང་བའི་དགྲ་བོ་ཀུན། །
    ཡ་མེད་བཏང་སྙོམ་མཛད་ན་དགོས་ལ་ཅི། །
    ར་བ་གཡང་དཀར་འཚོ་བའི་གངས་ལྗོངས་སུ། །
    ལ་ལུང་ཟ་འདོད་རྔམས་པའི་རི་སྤྱང་ལ། །
    ཤ་ཚ་ཐུགས་རྗེས་ཉེར་དགོངས་མྱུར་སྐྱོབ་ནས། །
    ས་བཅུ་ལམ་ལྔའི་གནས་སུ་སྐྱེལ་མ་མཛོད། །
    ཧ་ཅང་ཐལ་བའི་དེང་དུས་བྱ་སྤྱོད་ཀུན། །
    ཨ་མཚར་མ་ལགས་ཨ་ཅེ་ཚེ་རིང་མ། །
    ཧ་ཧུན་བགོད་པའི་དབྱངས་དང་ཁྲོ་ཚུལ་གྱིས། །
    ཨ་ཧོ་རྔམ་ཆེན་སྟོན་པའི་དུས་ལ་བབས། །
    ཅེས་པའང་ཁ་བརྡའི་ཚུལ་དུ་ཤྲྰི་སྨྱོན་པས་བྲིས་པ་དགེའོ། །

  20. མགོ་རུལ། says:
    2010-06-03 at 2:03 pm

    ཚེ་རིང་མཆེད་ལྔ་དང་སྦྱར་བའི་སྙན་ངག་ཧ་ཅང་ཡག་པོ་ཞིག་རག་ར་ཐུབ་བསྟན་ཆོས་དར་ལགས་ནས་བྲིས་ཡོད་པ་དེ་ཁྱེད་ཅག་གིས་གཟིགས་མྱོང་ངམ། དེ་ནི་བོད་སྐྱོང་བསྟན་མའི་ཡང་རྩེ་ཚེ་རིང་མཆེད་ལྔ་དྲན་པའི་གདུང་གླུ་ཞིག་རེད།

  21. མགོན་པོ་ཕྱག་གཉིས་པ། says:
    2010-06-03 at 2:38 pm

    ཀ་མད་སུམ་ཅུའི་དབྱངས་རྟ་འགག་ལ་ཉེ།།
    ཁ་བ་གངས་ཀྱི་རི་བོ་བཞུ་ལ་ཉེ།།
    ག་ས་གང་དུ་བོད་རྣམས་ཚར་ལ་ཉེ།།
    ང་ཡི་སེམས་རྟེན་མཛའ་མོ་གང་ལ་ཡིབ།།

    ཅ་ཅོའི་རྫུན་གཏམ་བཤད་ནས་འཛམ་གླིང་བསླུ།།
    ཆ་ལུགས་མི་གཅིག་འདྲ་མིན་བཅོ་བརྒྱད་སྟོན།།
    ཇ་ཆང་རོལ་ཞོར་སྲིད་དོན་འཁྲབ་མཁན་དག།
    ཉ་མོ་ལྕགས་ཀྱུས་རྩེ་ལ་མི་འདྲེན་ཅི།།

    ཏྰ་ལའི་བླ་མ་མི་ཡི་ཡུལ་དུ་འཁྱམ།།
    ཐ་དད་བོད་འབངས་མགོན་མེད་སྐྱབས་མེད་ལུས།།
    ད་ལྟ་དགོས་པའི་དུས་སུ་མེད་པ་དེ།།
    ན་རྒས་རྫི་རྡིབ་བྱུང་བ་ཨེ་ཡིན་ནམ།།

    པ་པས་ཉི་མ་རེ་རེར་ཁྱེད་ཚོར་སྐུལ།།
    ཕ་མེས་ནས་བཟུང་འགོ་བའི་ལྷ་ཡིན་ཟེར།།
    བ་ལང་དབྱུག་པས་སྐུལ་ཡང་འགུལ་མེད་རེད།།
    མ་མོ་ཁྱེད་ཚོ་གང་ལ་བྲོས་སོང་ངམ།།

    ཙ་རིའི་གནས་མཆོག་རྒྱ་སྐྱག་མང་པོས་ཁེངས།།
    ཚྭ་མཚོ་སྔོན་མོ་རྫས་ངན་དུག་གིས་སྦགས།།
    རྫ་རི་སྨུག་པོའི་སྐུ་མཁར་འཇིག་གོ་གི།
    ཝ་མོ་ཁུང་དུ་འཛུལ་བའི་ཚུལ་མ་གནང་།།

    ཞྭ་སེར་ཞྭ་ནག་ཚང་མས་གསོལ་གོ་གི།
    ཟ་མ་བཟང་བོའི་ཕུད་ཀྱིས་མཆོད་གོ་གི།
    འ་ཆད་འུ་ཐུག་བྱུང་ནས་འབོད་གོ་གི།
    ཡ་ལན་མེད་པར་སྡོད་པ་ཕོད་དམ་ཅི།།

    རྭ་བ་གངས་རིའི་ཡུལ་གྱི་ཞིང་སྐྱོང་ཚོ།།
    ལ་ལུང་གང་སར་གནས་པའི་གཞི་བདག་ཚོ།།
    ཤ་ཟ་མཁའ་འགྲོ་མ་མ་མིག་མིག་ཚོ།།
    ས་བདག་གནས་བདག་མཐོང་རྒྱུ་མེད་པ་ཚོ།།

    ཧ་ལས་ཧང་སང་ནུས་མཐུ་མེད་ནའང་།།
    ཨ་ཙི་ཡོད་ན་ཡོད་པའི་རྟགས་ཤིག་སྟོན།།
    ཧ་ཅང་ནན་གྱིས་སྐུལ་འདོད་མེད་ནའང་།།
    ཨ་ཁུ་འདི་ཚོའི་ལད་མོ་བྱེད་ཁུལ་བྱས།།

  22. གཡུ.དུག་སྦྲང says:
    2010-06-03 at 10:37 pm

    ཨོ་་་་ལགས་སོ་་ ཐུགས་རྗེ་ཆེ

  23. ཀརྡོ་རབ་འབྱམས་པ་ says:
    2010-06-04 at 11:22 am

    བོད་སྐྱོང་ལྷ་སྲུང་གི་མཆེད་ལྔའི་འཕྲིན་བསྐུལ།
    ཀྱེ། ཀརྨ་དཀར་པོའི་བསོད་ནམས་མཐུ་དང་སྨོན་ལམ་གྱིས། །
    ཁ་བའི་ཕྱག་ན་པད་མོའི་གདུལ་ཞིང་བསིལ་ལྡན་ལྗོངས། །
    གར་ཁྱབ་མཐའ་ཡས་ཡུལ་ཁམས་སྐྱོང་ཕྱིར་དེ་དང་དེར། །
    ངང་བསྲིང་གནས་ཤིང་རྒྱུ་བའི་ཡུལ་ལྷ་མཆེད་ལྔས་སྐྱོངས། །

  24. པྲ་ཛྙཱ་དྷྭ་ཛ། says:
    2010-06-04 at 11:58 am

    ཀ་རྩོམ་འབྲི་མཁན་མང་ཡང་། ཚིག་གི་སྙན་ཆ་། དོན་གྱི་ཟབ་ཁྱད། ནང་དོན་འབྲེལ་ཆགས་མིན་བཅས་ལ་དཔྱད་ན་ཨང་དང་པོ་མཁན་པོ་དགྱེས་རྡོར། གཉིས་པ་སྒོམ་ཆེན་ལྷག་བསམ། གསུམ་པ་ཀརྨ་པ། བཞི་བ་མདའ་ཚན་མགོན་པོ་བཅས་རེད་སྙམ། མེ་ཏོག་དཀར་པོའི་ལྷག་རྒྱམ་གྱི་ཚིག་མི་བདེ་ཚུལ་བཤད་པ་རྙིང་མིའི་བརྡ་ཆད་ལ་རྨོངས་པ་སྟེ་དོན་དུ་ཆོས་ཀྱི་དབྱིངས་ལས་གཟུགས་སྐུར་བཞེངས་པར་བསྐུལ་བ་དེ་ཀརྨ་པའི་གསུང་པའི་ཤླཽ་ཀ་དང་པོའི་དོན་དང་ཁྱད་པར་ཆེར་ཡོད་པ་མ་མཐོང་ངོ་། །

  25. མེ་ཏོག་དཀར་པོ། says:
    2010-06-04 at 12:28 pm

    རྒན་ལགས། ངས་ལྷག་རྒྱམ་ལ་ཚིགས་བཅད་རིགས་དྲ་ངོས་སུ་བཀོད་སྟངས་ལས་ནང་དོན་ལ་བཟང་ངན་གང་ཡང་བཤད་མེད་ལགས།

  26. རྔ་བ་རྒྱལ་ཁམས་པ། says:
    2010-06-04 at 12:58 pm

    ཀ་དག་གདོད་མའི་ནང་དབྱིངས་ལྷུན་གྲུབ་ཀྱི་ཀློང་ན།།
    ཁ་དོག་ལྔ་ལྡན་གཉུག་མ་ཟངས་ཐལ་གྱི་ཡེ་ཤེས།།
    ག་ཤལ་ལ་སོགས་སྒྱུ་དྲཱའི་དཀྱིལ་འཁོར་དུ་བཞེངས་པ།།
    ང་ཡི་ཡུམ་ཆེན་ཚེ་རིང་མཆེད་ལྔ་དེ་དྲན་ནོ།།
    ཅ་ཅོ་མི་མངའ་ངེས་དོན་གསང་ཆེན་གྱི་དགོངས་པ།།
    ཆ་ལག་ཡོངས་རྫོགས་ས་ལམ་གཅིག་ཆོད་ཀྱི་གདམས་པ།།
    ཇ་ཆང་ལ་སོགས་འདོད་ཡོན་སྤྲོས་བཅས་ཀྱི་སྤྱོད་པས།།
    ཉ་ཉོག་འཁོར་བའི་འཆིང་རྒྱ་གྲོལ་ཐབས་ལ་ཕེབས་རོགས།།
    ཏ་ཐཱ་ག་ཏའི་ཕ་གཞིས་སྐུ་གསུམ་གྱི་རྒྱལ་ས།།
    ཐ་མལ་སྣང་ཞེན་སྤངས་པ་བློ་འདས་ཞིང་ཁམས།།
    ད་ལྟ་ཉིད་ནས་སྙོག་པའི་ཉེར་སྡོག་ལ་ཞུགས་ན།།
    ན་ཆུང་མཆེད་ལྔས་བརྩེ་བའི་དངོས་གྲུབ་ཅིག་གནང་རོགས།།
    པ་ཊུ་མཁས་པའི་དམར་ཁྲིད་ཉམས་མྱོང་གི་ལག་ལེན།།
    ཕ་མ་བདེ་སྟོང་ཁ་སྦྱོར་མཁའ་གསང་གི་ཐིག་ལེ།།
    བ་ཐག་འདྲེན་བཞིན་དབབ་གཟུང་བཟློག་ཁྱབ་ཀྱི་སྦྱོར་བས།།
    མ་ལུས་བཅུ་དྲུག་དགའ་བའི་ཁྱད་འགྱུར་ཞིག་གནང་རོགས།།
    ཙ་ཀོ་ར་ཡི་མིག་ལྡན་ཞིང་སྔགས་ཀྱི་ཕོ་ཉ།།
    ཚ་ཤུགས་ཆེ་ལྡན་རིག་པ་རྟུལ་ཞུགས་ཀྱི་སྤྱོད་པས།།
    ཛ་དྲག་རང་ཡུལ་སྐྱོབ་པའི་མཐུན་གྲོགས་སུ་ཁུག་ན།།
    ཝ་ལེར་རིག་འཛིན་གོང་མའི་དགོངས་པའང་དེ་ཡིན།།
    ཞྭ་མདོག་དམར་སེར་རྩོད་པའི་ཆོས་མིན་གྱི་ལྟ་གྲུབ།།
    ཟ་བྱེད་མཁའ་འགྲོ་ཁྲོས་པའི་ཞལ་སྒོ་རུ་ཐིམ་ནས།།
    འ་ཅག་ཚང་མ་ལྟ་བའི་འདུས་མདོ་རུ་མཐུན་ཏེ།།
    ཡ་མཚན་བདེ་སྐྱིད་ཐོབ་པའི་སྐལ་བཟང་ཞིག་གནང་རོགས།།
    ར་རིའི་དྲི་ལྡན་གཡོ་ཅན་སྲིད་ལུགས་ཀྱི་ཁྲོ་རྫོང་།།
    ལ་མོར་གཏོར་བ་མྱུར་མགྱོགས་འཕྲིོན་ལས་ཀྱི་གནམ་ལྕགས།།
    ཤ་འཁོན་འབུས་ཕྲག་ལེན་པའི་སྡོངས་གྲོགས་སུ་ཕབ་ཏེ།།
    ས་ཆེན་དགེ་བས་སྐྱོང་བའི་བརྟན་མ་ཞིག་གནང་རོགས།།
    ཧ་མ་གོ་བར་ནོར་བཤད་བྱས་པ་འདྲ་ཡོད་ན།།
    ཨ་མ་ཁྱེད་ལ་སྙིང་ནས་བཟོད་གསོལ་ཞིག་ཞུའོ།།

  27. ཀརྡོ་རབ་འབྱམས་པ་ says:
    2010-06-04 at 7:43 pm

    ཀརྡོའི་ཀ་ཕྲེང་བཀའ་སྲུང་བསྐུལ་མ།

    ཀ་ནས་དག་ཀྱང་དཀར་ཕྱོགས་སྲུང་མར་ཤར། །
    ཁ་བ་རི་པའི་སྣོད་བཅུད་ཆོས་རིག་སོགས། །
    ག་ཝར་ཁྱབ་ཚད་སྲུང་རྒྱུར་དམ་བཅའ་བ། །
    ང་དང་ང་འདྲས་འབོད་ན་མྱུར་བྱོན་ཅིག །
    ཅ་ལག་ཙག་ཙིག་ཙམ་ཡང་སྲུང་དགོས་ན། །
    ཆ་ལག་ཚང་བའི་དམ་ཆོས་སྨྲོས་ཅི་དགོས། །
    ཇ་ཆང་དམ་ཉམས་པ་དང་མི་བསྲེས་ན། །
    ཉ་ཉུང་བསྲེས་འདྲའི་དམ་མིན་མི་སྒྲོལ་ཅི། །
    ཏ་ཐྰ་ག་ཏའི་བསྟན་དང་བསྟན་འཛིན་ནང་། །
    ཐ་ན་དགེ་སློང་ཤ་ཚུག་ཅན་རྣམས་ཀྱང་། །
    ད་ལྟ་དུས་ཐོག་གདོང་གྲོགས་བྱེད་དགོས་ན། །
    ན་རྒས་བླ་སློབ་མི་སྐྱོང་ཅི་ཡིས་ཚུལ། །
    པ་ཕ་༸བསྟན་འཛིན་རྒྱ་མཚོ་གཞོན་དུས་ལྟར། །
    ཕ་རྒན་༸ཏྰ་ལའི་བླ་མ་རྒ་དུས་སུ། །
    བ་མོ་འདོད་འཇོའི་འཛད་མེད་དཔེ་མཚུངས་སུ། །
    མ་དང་སྲིང་ལྟར་འཕྲིན་ལས་ཆད་མེད་མཛོད། །
    ཙ་རིའི་གཡས་གཡོན་གཞིས་བཞུགས་བོད་རིགས་དང་། །
    ཚ་དྲོད་ཆེ་བའི་རྒྱ་གར་སོགས་བྱོལ་བ། །
    ཛ་དྲག་ཆེ་བའི་དཀའ་རྙོག་རྒྱ་བོད་བློར། །
    ཝ་ལེ་ཝལ་ལེ་གསལ་འདིར་བར་འདུམ་མཛོད། །
    ཞ་ཆད་དགེ་སློང་མ་ཡི་སྡོམ་རྒྱུན་ལྟར། །
    ཟ་ཉལ་འགྲོ་འདུག་སྤྱོད་པ་མ་དག་དང་། །
    འ་རི་འུ་རིས་ཆོས་ཚུལ་སྤེལ་ཐབས་སོགས། །
    ཡ་མེད་ཁྲེལ་མེད་པ་རྣམས་ཚར་གཅོད་མཛོད། །
    ར་ལང་ཆ་ལང་སོང་བའི་རང་རིགས་རྣམས། །
    ལ་འུར་ལ་འུར་ལ་རྒྱ་སོམས་ཕྱིར་དང་། །
    ཤ་འཁོན་ལྟ་བུའི་རྒྱ་ལ་སྡང་སེམས་སོགས། །
    ས་བྱིའི་ལས་འགུལ་སླར་ཡང་མི་འབྱུང་མཛོད། །
    ཧ་ཧ་གད་ནས་རྒྱ་རིགས་བོད་རིགས་གཉིས། །
    ཧ་ཧུ་ཟེར་ནས་ཟ་འཐུང་མཉམ་སྤྱོད་ནས། །
    ཨ་ཙི་མཉམ་མཐུན་སོང་བས་ཨེ་མ་ཧོ། །
    ཨ་ལ་ལ་ཞེས་སྒྲོགས་ལ་གྲོགས་མཛོད་ཅིག །

    སྤྱི་ལོ་༢༠༡༠ཟླ་བ་༦པའི་ཚེས་༥ལ་ཁ་བརྡར་སུག་བྲིས་བྱས་ནས་སྤེལ།

  28. སྦྲ་ནག་གཡག་སྙིང་། says:
    2010-06-05 at 1:18 pm

    སྙན་རྩོམ་སོགས་སྒྱུ་རྩལ་རིགས་ལ་གདེང་འཇོག་བྱེད་དུས་རང་ཉིད་ཀྱི་མོས་པ། ཡོན་ཏན་གྱི་རྔམས་མཐུག སློབ་གསོའི་བརྒྱུད་རིམ། མི་ཚེའི་ཉམས་མྱོང་དང་འཇིག་རྟེན་ལྟ་ཚུལ་གྱིས་བཞག་པའི་སྒྱུ་རྩལ་མྱོང་ཚོར་རམ་བྲོ་བ་སོགས་ལ་རག་ལས་ཡོད་པས། གདེང་འཇོག་གི་མཇུག་འབྲས་ཀྱང་གཞན་ལ་ལད་ཟློས་བྱས་ན་མ་གཏོགས་མི་སུམ་ཅུ་བསམ་པ་སུམ་ཅི་ཡིན། ང་ནི་ཆོས་ཚིག་དང་ཆོས་དོན་སྔར་ནས་ད་བར་ཟློས་པ་དེ་དག་བསྐྱར་བསྐྱུགས་བྱས་ཡོད་པའི་ཀ་རྩོམ་ཚོར་ཡིད་ཤོར་མ་སོང་། མགོན་པོ་ཕྱག་གཉིས་པའི་ཀ་རྩོམ་དེ། ཚིག་གི་སྙན་ཆ་དང་ཡང་ཟོར། དབྱངས་ཀྱི་འགྲོས། གོ་བ་ལེན་བདེ་བ། དོན་ཀྱི་ཐད་ནས་དེང་བོད་གནས་བབས་གཞིར་བཟུང་སྟེ་དོགས་སློང་། དགག་རྒྱག། འཁང་སེམས་སོགས་ཀྱིས་གཏམས་ཡོད་པས་རྣ་སྙིང་གཉིས་ཀར་མཛེས་པོ་བྱུང་།

  29. རྩམ་དགའ་ says:
    2010-06-06 at 12:47 am

    ཀ་མད་སུམ་ཅུའི་སྙན་ངག་ཟབ་མོས་ས་བསྟོད་གནམ་བསྟོད་བྱས་ཀྱང་། །
    ཁ་དང་གདོང་ལས་འཛུམ་ཙམ་བསྟེན་མྱོང་མེད་པའི་ཡུམ་ཆེན་ཁྱོད་ལ། །
    ག་བུར་ལྟ་བུའི་མ་བཅོས་སེམས་ཀྱི་རེ་བས་གཙུག་ཏུ་བཀུར་བའི། །
    ང་ནི་ཁྱེད་ལ་རིང་མོ་ཞིག་ནས་ཡིད་ཆེས་ཞེན་དུ་བུད་ཐལ། །

  30. ཀརྡོ་རབ་འབྱམས་པ་ says:
    2010-06-06 at 6:46 am

    ཀརྡོའི་ཀ་ཕྲེང་བཀའ་ སྲུང་བསྐུལ་མ། རང་བཅོས་དང་པོ།

    ཀ་”དག་རྟོགས་ཀྱང་”དཀར་ ཕྱོགས་སྲུང་མར་ཤར། །
    ཁ་བ་རི་པའི་སྣོད་བཅུད་ ཆོས་རིག་སོགས། །
    ག་ཝར་ཁྱབ་ཚད་སྲུང་རྒྱུར་ དམ་བཅའ་བ། །
    ང་དང་ང་འདྲས་འབོད་ན་མྱུར་ བྱོན་ཅིག །

    ཅ་ལག་ཙག་ཙིག་ཙམ་ཡང་སྲུང་ དགོས་ན། །
    ཆ་ལག་ཚང་བའི་དམ་ཆོས་ སྨྲོས་ཅི་དགོས། །
    ཇ་ཆང་དམ་ཉམས་པ་དང་མི་ བསྲེས་ན། །
    ཉ་ཉུང་བསྲེས་འདྲའི་དམ་ མིན་མི་སྒྲོལ་ཅི། །

    ཏ་ཐྰ་ག་ཏའི་བསྟན་དང་བསྟན་ འཛིན་ནང་། །
    ཐ་ན་དགེ་སློང་ཤ་ཚུག་ཅན་ རྣམས་ཀྱང་། །
    ད་ལྟ་དུས་ཐོག་གདོང་གྲོགས་ བྱེད་དགོས་ན། །
    ན་རྒས་བླ་སློབ་མི་སྐྱོང་ ཅི་”ཡི”་ཚུལ། །

    པ་ཕ་༸བསྟན་འཛིན་རྒྱ་མཚོ་ གཞོན་དུས་ལྟར། །
    ཕ་རྒན་༸ཏྰ་ལའི་བླ་མ་རྒ་ དུས་སུ། །
    བ་མོ་འདོད་འཇོའི་འཛད་མེད་ དཔེ་མཚུངས་སུ། །
    མ་དང་སྲིང་ལྟར་འཕྲིན་ལས་ ཆད་མེད་མཛོད། །

    ཙ་རིའི་གཡས་གཡོན་གཞིས་ བཞུགས་བོད་རིགས་དང་། །
    ཚ་དྲོད་ཆེ་བའི་རྒྱ་གར་ སོགས་བྱོལ་བ། །
    ཛ་དྲག་ཆེ་བའི་དཀའ་རྙོག་ རྒྱ་བོད་བློར། །
    ཝ་ལེ་ཝལ་ལེ་གསལ་འདིར་བར་ འདུམ་མཛོད། །

    ཞ་ཆད་དགེ་སློང་མ་ཡི་སྡོམ་ རྒྱུན་ལྟར། །
    ཟ་ཉལ་འགྲོ་འདུག་སྤྱོད་པ་ མ་དག་དང་། །
    འ་རི་འུ་རིས་ཆོས་ཚུལ་ སྤེལ་ཐབས་སོགས། །
    ཡ་མེད་ཁྲེལ་མེད་པ་རྣམས་ ཚར་གཅོད་མཛོད། །

    ར་ལང་ཆ་ལང་སོང་བའི་རང་ རིགས་རྣམས། །
    ལ་འུར་ལ་འུར་ལ་རྒྱ་སོམས་ ཕྱིར་དང་། །
    ཤ་འཁོན་ལྟ་བུའི་རྒྱ་ལ་ སྡང་སེམས་སོགས། །
    ས་བྱིའི་ལས་འགུལ་སླར་ཡང་ མི་འབྱུང་མཛོད། །

    ཧ་ཧ་གད་ནས་རྒྱ་རིགས་བོད་ རིགས་གཉིས། །
    ཧ་ཧུ་ཟེར་ནས་ཟ་འཐུང་མཉམ་ སྤྱོད་ནས། །
    ཨ་ཙི་མཉམ་མཐུན་སོང་བས་ཨེ་ མ་ཧོ། །
    ཨ་ལ་ལ་ཞེས་སྒྲོགས་ལ་ གྲོགས་མཛོད་ཅིག །

  31. སྟོབས་ལྡན་དབང་ཕྱུག says:
    2010-06-19 at 9:00 am

    ཨོ་ལགས་སོ། ཚེ་རིང་མཆེད་ལྔ་ནི་མི་ལ་རས་པའི་དགའ་རོགས་རེད། ཀརྨ་པས་བསྟོད་པ་བྱེད་ས་ནོར་མི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme