Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀྲ་བྷེ་མ་བརླག ཤོག་བུའི་སེང་གེ་ལགས།

Posted on 2012-01-222012-01-22 By ཤར་ཕྱོགས་ཁུག་རྟ། 35 Comments on བཀྲ་བྷེ་མ་བརླག ཤོག་བུའི་སེང་གེ་ལགས།

གངས་དུར་ཁྲོད།

བཀྲ་བྷེས་རང་ལུས་མེ་ལ་བསྲེགས་ཏེ་ཁ་ནས་བོད་ཀྱི་རང་དབང་འབོད།།
བློ་བཟང་སེང་གེར་ཁ་ཤོམས་ཆེའང་བཀྲ་བྷེ་ཁ་ནས་བརླག་སོང་བས།།
ཡོ་རོབ་གླིང་གི་མཁས་པ་རེ་འགས་ཡ་མཚན་མགོ་བོ་གཡུག་བཞིན་གདའ།།
པེ་ཅིང་མཁར་གྱི་མཛངས་མ་འོད་ཟེར་མིག་ཆུའི་རླབས་ཀྱིས་ཁུར་ནས་ཐལ།།

བཀྲ་བྷེ་སྔ་ཕྱི་གཉིས་ལ་བོར་ཡང་བཙན་བྱོལ་མི་མང་ནག་འཐོམས་མེར།།
ཅི་ཡང་མ་བྱུང་རི་བོང་རྡོ་བརྗུས་བློ་སེང་ཁོག་ན་གྲིམ་རིག་གེར།།
མཁས་པ་མཁས་མས་དྲི་བ་མོད་ཀྱང་ནོངས་ལ་རེག་པས་ན་ཟུག་གིས།།
རྫུན་མའི་རྣམ་འགྱུར་སྟོན་ལ་མཁས་པ་བོད་ཀྱི་སྲིད་སྐྱོང་བློ་སེང་རེད།།

གངས་ཅན་བོད་ནས་བོད་ཀྱི་ཆེད་དུ་རང་ལུས་མེ་རུ་སྦར་ནའང་།།
འགོ་ཁྲིད་གསར་པས་མེ་སྦར་གྲངས་ཙམ་བློ་ལ་ངེས་རྒྱུར་མ་འབད་དེ།།
སྙིང་སྡུག་བདེ་སྐྱིད་ཡར་མར་ཁྲིད་པའི་ཡོ་རོབ་ཨ་རིའི་མཛད་པ་ལ།།
ད་ནི་རྟེན་ས་གང་ཡང་མེད་པ་འོད་ཟེར་མཛངས་མས་བྲིས་ནས་འདུག།

ཁ་སང་དེ་རིང་དུས་བབ་ཁ་བརྡར་བཀྲ་བྷེ་བོར་བའི་གཏམ་བརྒྱུད་གླེང་།།
བཀྲ་བྷེའི་ནང་མིའི་གསན་ཐོས་ཡོད་མེད་ཞེད་སྣང་དངངས་སྐྲག་འབར་དུས་སུ།།
མདོ་སྨད་རྔ་བའི་ཞི་བའི་ངོ་རྒོལ་སླར་ཡང་རླབས་ཀྱིས་འཕྱུར་བའི་དུས།།
བཀྲ་བྷེ་བོར་བའི་སྐད་ཆ་འདི་གོ་ཁོང་ཚོའི་གསན་པ་མེད་པར་ཤོག།

བློ་སེང་དགའ་བའི་ཆུང་མ་བོར་ན་བོད་ལ་དེ་ཙམ་མི་སྐྱོན་ལ།།
དགོས་དུས་ཟུར་ནས་མཆོད་ཆང་འདེགས་མཁས་ཆོས་དབྱིངས་རོལ་ནའང་མི་སྐྱོན་མོད།།
སྐྱོན་ནི་ངོ་མ་བཀྲ་བྷེ་བརླག་པའི་སྐྱོན་ཚིང་ནགས་རླུང་ཕྱུག་མོ་དེར།།
རང་གཞན་མཁས་པའི་མེ་ལྕེས་བསྲེགས་འདི་ལོ་རྒྱུས་སྐྱོན་གྱི་སྣ་འདྲེན་རེད།།

མངོན་སངས་རྒྱས་ཀྱི་གནས་ཆེན་རྡོར་གདན་བྱིན་རླབས་འབར་བའི་སྙིང་ཁ་རུ།།
༧སྟོན་པའི་བསྟན་ལ་༧སྟོན་པ་སླར་བྱོན་༧རྒྱལ་མཆོག་ལྷམ་མེར་བཞུགས་པའི་དྲུང་།།
གཞིས་བྱེས་མཉམ་འཛོམས་བྱུང་བ་ལྟ་བུའི་འཁོར་ཚོགས་རྒྱ་མཚོས་བསྐོར་བའི་དབུས།།
ཆ་མ་ཆག་གི་བོད་ཡིག་ཀློག་བཞིན་བཀྲ་བྷེ་ནག་བསུབ་བཏང་འདི་སྐྱོ།།

བསྔོ་བ་སྨོན་པའི་ར་མདའ་ཡོད་ན་ཁོང་རྣམས་ཚང་མར་གཏོང་དགོས་ཏེ།།
སེམས་གསོ་གསུང་གི་བདུད་རྩི་ཡོད་ན་ཁོང་ཚོའི་ནང་མིར་ཕུལ་དགོས་ལ།།
ཕྱིས་འབྱུང་བོད་ཀྱི་སྲོག་དབང་འཛུགས་ན་ཁོང་རྣམས་སྙིང་ལ་རུམ་དགོས་ཀྱང་།།
འབྲས་ལྗོངས་མཚམས་ཀྱི་རྒྱ་མ་བོད་པས་དཔའ་བོ་བཀྲ་བྷེ་བརླག་བཞག་བྱ།།

ད་དུང་དེའང་ཡིན་པའི་ཟོལ་གྱིས་མི་ཡི་གནས་ལུགས་བཤིག་འདོད་ན།།
དེ་ནི་རྒྱུ་འབྲས་ཆོས་ལ་རུང་མིན་བློ་ལྡན་ཚང་མས་མཁྱེན་ངེས་སྟབས།།
བཀྲ་བྷེའི་སྲོག་གི་རང་དབང་འབོད་པའི་སྟོང་ལོ་གསར་པའི་དབུ་ཁྱུད་ལ།།
དགའ་སྐྱོས་ངོ་སོ་བསྟོད་རྒྱུ་མེད་ཀྱང་རྗེས་དྲན་གྲལ་ནས་གཡུག་དོན་མེད།།

མང་པོའི་གཏམ་ཞིག་ཞུ་བའི་ཡི་ག་སྐབས་མཚམས་འདི་རུ་མེད་ལགས་ཀྱང་།།
གཏམ་གྲགས་ཉམས་ལ་ཆེས་ཆེར་དགྱེས་པའི་ཤོག་བུའི་སེང་གེར་གྲགས་པ་དེར།།
སྙིང་གི་ཁོངས་ནས་རེ་བའི་ཚིག་གཅིག་མ་ཁོགས་ཤུགས་ཀྱིས་ཞུ་འདོད་པ།།
ཞིང་གཤེགས་བཀྲ་བྷེར་དགོངས་སེལ་ཞུས་ལ་གླེང་སློང་འདི་ཉིད་མྱུར་དུ་ཆོད།།

༢༠༡༢། ༡༢། ༡༨། ཉིན་བྲིས།

སྙན་ངག

Post navigation

Previous Post: རྔ་བའི་བུ་ཆུང་མེ་རུ་འབར་ལ་ཁད།
Next Post: ལྷོ་ཀོ་རི་ཡ་དང་ཉི་ཧོང་ཡུལ་གྱི་འགྲུལ་བཞུད་ཟིན་ཐོ།

Comments (35) on “བཀྲ་བྷེ་མ་བརླག ཤོག་བུའི་སེང་གེ་ལགས།”

  1. དུང་དཀར་ཆ་འགྲིག says:
    2012-01-22 at 11:55 am

    ༄། །རྩམ་ཟན་མི་མང་ལ་ཐུགས་རྗེ་མ་ཆུང་།
    དུང་དཀར་ཆ་འགྲིག

    གདན་ས་སེ་འབྲས་དགའ་གསུམ་དང་བཀྲས་ལྷུན་གཙོ་བོར་གྱུར་པའི་བོད་གཞིས་བྱེས་གཉིས་ཀྱིས་༧འཇམ་མགོན་བླ་མ་ཤར་ཙོང་ཁ་པ་ཆེན་པོས་བཙུགས་པའི་ཆོ་འཕྲུལ་སྨོན་ལམ་ཆེ་མོ་བརྩི་སྲུང་གིས་བསྟན་འགྲོ་སྤྱི་དང་བྱེ་བྲག་ལ་སྨན་པའི་ཐབས་ཚུལ་ལྷུར་བཞེས་ཀྱི་སྐབས་སུ།
    ང་ཚོ་རེབ་གོང་མི་མང་ལ་དུས་ཆེན་ཁྱད་པར་ཅན་དེར་སྐལ་ཆད་དུ་གྱུར་ཡོད་པ་འདི་ཅི་ཞིག་ཡིན་ནམ།
    ལར་རེབ་གོང་གི་ལོ་རྒྱུས་ལ་ཕྱི་མིག་བལྟས་ན།ས་འདི་ནི་བོད་རྒྱལ་ཁབ་ཆེན་པོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་སྟབས།ཆོས་ཕྱོགས་ནས་མདོ་སྔགས་ཀྱི་བསྟན་པ་ཤིན་ཏུ་དར་ཞིང་རྒྱས་མྱོང་པས་ན།ཡབ་རྗེ་བླ་མ་༧ གྲུབ་ཆེན་སྐལ་ལྡན་རྒྱ་མཚོས།སྔོན་ཨ་མདོའི་བསྟན་པ་སྔ་དར་དུས། །ཡུལ་རེབ་གོང་གི་གྲུབ་ཐོབ་གནས་བརྒྱད་ཅེས།།མཚན་སྙན་པ་ཉི་ཟླ་ལྟ་བུར་གྲགས།།ཞེས་བསྔགས་བརྗོད་མཛད་པ་བཞིན་མཁས་གྲུབ་མང་དུ་བྱོན་པ་རྣམས་ཀྱི་ཐུགས་བསྐྱེད་མཛད་ཕྲིན་ལ་བརྟེན་ནས་རིག་འཛིན་སྔགས་ཀྱི་གྲོང་ཁྱེར་དུ་གྲགས་པ་དང་།རིག་གནས་ཆེ་ཆུང་གི་འཆད་ཉན་དར་ཁྱབ་རྒྱ་ཆེན་པོ་བྱུང་བའི་སྐུ་དྲིན་གྱིས་རིག་པ་འབྱུང་བའི་གྲོང་ཁྱེར་དུ་སྙན་པར་གྲགས་པ་དོན་ལ་གནས་ཤིང་།ནང་སྒོས་སུ་གྲུབ་ཆེན་སྐལ་ལྡན་རྒྱ་མཚོ་ཡབ་སྲས་ཀྱི་ཐུགས་བསྐྱེད་མཛད་ཕྲིན་ལ་བརྟེན་ནས་རེབ་གོང་རོང་པོ་དགོན་ཆེན་གཙོ་བོར་གྱུར་བའི་སྒྲུབ་སྡེ་༡༨དང་དགོན་མ་ལག་༣༥སོགས་རིམ་པར་དར་རྒྱས་བྱུང་སྟེ་ནང་བསྟན་ཤེས་རིག་གི་གཟི་བྱིན་ཉམས་པ་མེད་པར་ཕྱི་རབས་སྐལ་ལྡན་མང་པོའི་གཏེར་དུ་བཞུགས་ཡོད་པ་སོགས་དགེ་མཚན་མང་ནའང་།
    ས་འདིར་བན་སྔགས་བོན་གསུམ་གྱི་བསྟན་པ་དར་ཡང་ཕྱོགས་རིས་འཐེན་ཁྱེར་ཆེ་བ་དང་།
    ཡང་སྲིད་བླ་རྒོད་མང་པ་སོགས་ཀུན་གསལ་ཡིན་ན།དེ་ཚོས་བག་ཡོད་དྲན་ཤེས་བསྟེན་དགོས་པའི་གནས་ཞིག་ཅི་ལ་མིན།
    རེབ་གོང་གི་རྒྱ་ལོའི་སྨོན་ལམ་ལ་མཚོན་ན།ཚོགས་ཡུལ་རོང་པོ་དགོན་ཆེན་དུ་དགོན་མ་ལག་སྒྲུབ་སྡེ་ཚང་མ་ཅི་འཛོམས་ཀྱིས་འཚོགས་ལ།སྦྱིན་བདག་ལ་སྨོན་ལམ་ཤོག་པས་རེས་བསྐོར་ནས་འཛིན་ནའང་།གལ་ཆེ་ཤོས་སུ་གྱུར་བའི་སྨོན་ལམ་དུས་ཚེས་དེ་རྒྱ་ནག་གི་རྩིས་ལྟར་འགྲོ་བཞིན་ཡོད་པ་རེད།དེ་ཡང་དུས་ཚེས་རྒྱ་རྩིས་ལ་ཕར་བསྟུན་པའམ་ཚུར་མཐུན་པ་གང་ལྟར་ཡང་།སངས་རྒྱས་བཅོམ་ལྡན་འདས་ཀྱི་དུས་ཆེན་ངོས་འཛིན་དེ་སེ་འབྲས་དགེ་གསུམ་སོགས་བོད་ཕྱི་ནང་བྱིངས་ཀྱི་ངོས་འཛིན་ལ་རྦད་དེ་མི་གཅིག་པ་འདི་རེད།
    དེ་ཕྱིར་མིང་ལའང་རྒྱ་ལོའི་སྨོན་ལམ་ཟེར་བ་འདི་ རེད།རྒྱ་ལ་དགའ་བས་རྒྱའི་བཟོ་ལྟ་ཅན་གྱི་རྒྱ་ཁང་ཡང་དགོན་པ་དང་བླ་བྲང་ན་མང་བ་མི་མང་གིས་མཐོང་གསལ་རེད།
    རེབ་གོང་མི་མང་གིས་སྟོན་པ་སངས་རྒྱས་ཀྱིས་ཆོ་འཕྲུལ་བསྟན་པའི་དུས་དྲན་སྲུང་བརྩི་ལ་ཡོན་བདག་བྱས་ཁུལ་ཡིན་ནའང་།དོན་དངོས་སུ་སེ་འབྲས་དགེ་གསུམ་སོགས་བོད་ཕྱི་ནང་བྱིངས་ཀྱི་ཆོ་འཕྲུལ་དུས་ཆེན་གྱི་དུས་ཚེས་དང་གཏན་ནས་མི་མཐུན་པས་དུས་ཆེན་ངོ་མ་གང་ཡིན་དང་།རྩིས་མགོ་གང་ལ་བསྟུན་དགོས་པ་སོགས་དགོན་པའི་ངོས་ནས་གསལ་བཤད་ཡོད་དམ།
    དེ་ལ་དཔལ་ལྡན་རང་གཞུང་ཆོས་དོན་ལས་ཁུངས་དང་འབྲེལ་ཡོད་ཚོས་གསལ་བཤད་གནང་སྐྱོང་ཐུབ་ན་དགོས་ཕན་ཤིན་ཏུ་ཆེ་ཞུ།
    ཚེས་གཅིག་ནས་འཁྲུལ་ན་བཅོ་ལྔའི་བར་འཁྲུལ་བའི་དཔེ་ལྟར།
    རེབ་གོང་གི་ལོ་གང་པོའི་དུས་བཟང་ཡོད་ཚད་བོད་སྤྱི་དང་མི་མཐུན་པ་གོང་གསལ་ནས་རིགས་འགྲེས་ཐུབ་པ་ལྟར་ན།རོང་པོ་དགོན་ཆེན་གྱི་ཐོས་བསམ་གླིང་པའི་ཡིག་ཆ་ནི་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་པའི་ཡིག་ཆ་ཡིན་ནའང་།སེ་ར་རྗེ་བཙུན་གྱི་དུས་མཆོད་དེ་སེ་ར་དང་མི་མཐུན་ཞིང་།དེ་བཞིན་དགའ་ལྡན་ལྔ་མཆོད་ཀྱང་འབྲོག་རི་བོ་དགའ་ལྡན་དང་གཏན་ནས་མི་མཐུན་པས་དོན་དངོས་སུ་གང་ལྟར་ཡིན་མིན་གདན་ས་ཆེན་པོའི་འབྲེལ་ཡོད་རྣམ་པས་གསལ་སྟོན་གནང་བའི་དགོས་གལ་ཆེ། ལོ་ཤས་སྔོན་ལ།
    རེབ་གོང་རོང་འབྲོག་གི་མི་སྣ་སེར་སྐྱ་ཉི་ཤུ་ལྷག་གིས་རོང་པོ་དགོན་ཆེན་ལ་རེ་བ་ཞུས་ནས།
    ལོ་དེ་ནས་བཟུང་ཆོ་འཕྲུལ་དུས་ཆེན་དེ་སེ་འབྲས་དགེ་གསུམ་གྱི་དུས་ཆེན་ལ་བསྟུན་དགོས་པའི་དགོས་འདུན་བཏོན་འདུག་ལ།ལོ་དེའི་སྨོན་ལམ་སྦྱིན་བདག་ཡིན་པའི་སྨོན་ལམ་ཤོག་པའི་ངོས་ནས།དད་ལྡན་མང་ཚོགས་ཀྱི་དད་རྫས་ཆེ་འབྱོར་ཆུང་འབྱོར་ཅི་ཡོད་སེ་འབྲས་དགེ་གསུམ་ལྟར་གྱི་ཆོ་འཕྲུལ་དུས་ཚེས་ལ་ཐེམས་ན་ལེགས་ཚུལ་དང་།
    དེ་ལ་ང་ཚོས་མཐུན་འགྱུར་གང་དགོས་ཞུ་ངེས་ཡིན་ཞེས་ཁས་ལེན་ཞུས་སྐད་འདུག
    ཕྱིས་སུ་འགྱུར་བ་གང་ཡང་མ་བྱུང་འདུག་ལ།དགོན་པས་ལན་གནང་དོན་ལ་རེབ་གོང་གི་རྒྱ་ལོའི་སྨོན་ལམ་གྱི་དུས་ཚེས་དེ་རེབ་གོང་ས་ཆའི་ཞིང་ལས་ལ་བསྟུན་པ་ཡིན་སྐད། དེ་ལྟ་ནའང་།
    རེབ་གོང་མི་མང་དང་སྒྲུབ་སྡེ་ཚོས་ད་དུང་ཡང་རེ་ཐག་མ་ཆད་པར་ས་འདིའི་སྨོན་ལམ་གོ་སྒྲིག་གནང་མཁན་རོང་པོ་དགོན་ཆེན་ལ་རེ་སྒུག་བྱེད་བཞིན་འདུག་ལ།
    སྒེར་ངོས་ནས་རོང་འབྲོག་གི་མང་ཚོགས་ཕལ་ཆེ་བས་ལོ་གཅིག་རིང་གི་དུས་དྲུག་དུས་བཟང་སོགས་དུས་ཆེན་ཡོད་ཚད་བོད་དབུས་ཕྱོགས་ཀྱི་བརྩི་ལུགས་ལ་བསྟུན་ནས་སྲུང་བརྩི་གནང་སྟེ་ལོ་མང་སོང་དང་འགྲོ་བཞིན་པར་མ་ཟད།
    གལ་ཏེ་རོང་པོ་དགོན་པས་ཆོ་འཕྲུལ་དུས་ཚེས་སེ་འབྲས་དགེ་གསུམ་ལ་མི་བསྟུན་ན་ངས་སྨོན་ལམ་གྱི་བསྡུ་ཆ་མི་སྟེར་ཟེར་མཁན་ཡང་གོ་རྒྱུ་ཇེ་མང་རེད། ད་ལོ་མདོ་སྨད་གཅན་ཚའི་ཕྱོགས་དང་།རྔ་ཡུལ་སྟོད་སྨད་བར་གསུམ་གཙོས་པའི་བོད་ཡུལ་ས་ཁུལ་མང་པོའི་དགོན་གྲོང་མང་པོས་བོད་སྤྱིའི་ལོ་སར་ལ་བརྩི་སྲུང་མཉམ་རོལ་གནང་འདུག་པ་ནི་ཆོས་སྲིད་གང་ཐད་ནས་བོད་ཀྱི་ཆིག་སྒྲིལ་དང་མཐུན་འབྲེལ་མདུན་བསྐྱོད་ལ་ཕན་རླབས་ཆེ་ངེས་ཞིག་ཡིན་པ་ཀུན་གསལ་ལྟར་རྗེས་སུ་ཡི་རང་དང་བཅས་ང་ཚོ་རྗེས་སུ་འབྲང་མི་དགོས་སམ།
    རེབ་གོང་ན་བན་སྔགས་བོན་གསུམ་གྱི་བསྟན་པ་དར་ཡོད་ལ།མི་རིགས་གཅིག་གི་རྗེས་འཇུག་ཡིན་པས་ཚང་མས་མཐུན་སྒྲིལ་གྱི་སྒོ་ནས་བཙན་འཛུལ་པ་རྒྱ་དམར་གྱི་ཡ་ང་བའི་བཙན་དབང་འོག་ཏུ་བོད་ཆགས་འཇིག་གི་མཚམས་ལ་སླེབས་ཡོད་པ་མཁྱེན་རྟོགས་ཡོང་བ་དང་ཡ་ལན་ཞི་བའི་ངོ་རྒོལ་རིགས་སྣ་ཚོགས་བྱེད་གལ་མི་ཆེའམ།
    ཆེ་ཆུང་ཚང་མས་ངྷ་རམ་ས་ལ་དང་འཛམ་གླིང་ལ་མིག་གིས་ལྟོས། རྣ་བས་ཉོན།
    བསམ་བློ་ཐོངས།རང་གི་སྟེང་ནས་མགོ་ཚུགས་ལ་བྱ་བ་བཟང་པོ་ད་ལྟ་ནས་ལག་ལེན་གྱིས།
    གང་ལྟར་ཚང་མས་རེབ་གོང་མི་མང་ལ་གང་ཕན་གནང་བའི་སྐྱབས་འཇུག་ཞུ།
    རེབ་གོང་གི་ཆོ་འཕྲུལ་དུས་ཚེས་ནས་བཟུང་སྟེ་རྩིས་མགོ་བོད་སྤྱི་ལ་བསྟུན་རྒྱུ་ནི།
    བོད་མི་རིགས་ཀྱི་ལོ་རྒྱུས་སྤྱི་འགྲོས་དང་མཐུན་པའི་འཁཽར་ཕྱོགས་གལ་ཆེན་ཡིན་པར་བརྟེན།
    འཐད་མིན་གྱི་གུ་དོག་ལས་འདས་ཏེ་ཚིག་ཐག་ཆོད་པོས་བསྟུན་དགོས་པ་ཞིག་དང་།
    བསྟུན་ཐུབ་པ་ཞིག སང་ལོ་ཆུ་འབྲུག་ནས་བསྟུན་རྒྱུ་ཡིན་པ་ཞིག་བཅས་ཅི་ལ་མིན།
    རེབ་གོང་བ་ཚོ། རྩམ་ཟན་མི་མང་ལ་ཐུགས་རྗེ་མ་ཆུང་ཨང་།

  2. བོད་པ་ཚང་། says:
    2012-01-22 at 2:57 pm

    དཔའ་བོ་བཀྲ་བྷེ་གླེང་ཞོར་བོད་ཀྱི་སྲིད་སྐྱོང་ལ་སྐྱོན་བརྗོད་བྱེད་པ་དེ་ནི་མང་གཙོའི་ཁེ་དབང་སྤྱད་པའི་ཟོལ་རེད། འོན་ཏང་། ངའི་དྲི་བ་ནི་བཀའ་བློན་བློ་བཟང་སེངྒེས་སྐབས་དེའི་དྲིལ་བསྒྲགས་ཡིག་ཆར་དཔའ་བོ་བཀྲ་བྷེའི་མིང་ཆད་པ་ནི་ནོར་འཁྲུལ་ཞིག་རེད་མོད། དེ་ནི་ཁོང་གི་བཀའ་ཤག་གི་དྲུང་ཡིག་སོགས་དང་ཡང་འབྲེལ་བ་ཡོད་པའི་ནོར་འཁྲུལ་ཞིག་རེད། དེ་མིན་ང་ཚོའི་སྲིད་སྐྱོང་གསར་པ་ཁོང་ཉིད་གཅིག་ནས་ལས་དོན་གཞི་རྒྱ་ཆེ་བ་དང་། རྙོག་འཛིངས་ཤིན་ཏུ་ཆེ་བས་ནོར་འཁྲུལ་ཡོང་སྲིད་པ་ཞིག་རེད། སྒོས་སུ། བཀའ་བློན་བློ་བཟང་སེང་གེས་ལས་ཁུངས་ཀྱི་དུས་ཚོད་ལས་འགལ་ནས་རྒྱུན་དུ་ཕྱི་པོ་བར་ལས་ཀ་བྱེད་སྟངས་སོགས་ལ་བསམ་གཞིགས་དང་རྗེས་སུ་ཡི་རང་གནང་ན་དྲང་བདེན་མ་ཡིན་ནམ།

  3. ཤར་ཕྱོགས་ཁུག་རྟ། says:
    2012-01-22 at 6:40 pm

    དང་པོ་ཨ་ཅག་འོད་ཟེར་ལ་འཚམས་འདྲི་དང་དྲི་བ་འདི་འདྲའི་ཚ་བོ་སྔ་ཕྱི་གཉིས་ལ་བཏང་གནང་མཛད་པར་ཐུགས་རྗེ་ཆེ་ཞུ་ལ།
    སྲིད་དོན་པ་ཚོར་ནོར་འཁྲུལ་ཡོང་ངེས་པ་དང་། མཚམས་རེར་ནོར་འཁྲུལ་ལ་ལྟོས་དུས། ཨོ་ད། སྲིད་དོན་པ་ཚོར་ལར་ཞེན་ཟེར་བ་ཞིག་ཨེ་ཡོད་ན་བསམས་པའི་དོགས་པའང་ཡོང་གི་རེད། སྐབས་དེར་བོད་པའི་སྐད་ཆ་བཤད་སྟངས་ཤིག་ལ་ཀུན་སློང་ལ་དོགས་པ་ཡོད་ཟེར་རྒྱུ་འདིས་ཅང་ཕན་ཚོད་མི་འདུག་པས།
    ནོར་འཁྲུལ་ལ་ནོར་འཁྲུལ་དུ་གཟིགས་ནས་བརྒྱུད་ལམ་ཆེ་ས་ཞིག་ནས་བཟང་སྤྱོད་ལྡན་པའི་གསལ་བཤད་དམ་དགོངས་སེལ་ཞུས་པ་ཡིན་ན་དེ་རང་གཞན་རོགས་གསུམ་ལ་ཕན་ཐག་ཆོད་ཅིག་ལ། རྩ་དོན་ལ་ཕན་ཐག་ཆོད་རེད།
    དེ་ལ་སྒྲུང་ཞིག་ཡོད། སྔ་ལོར། ཐའེ་ཝན་ནས་ཆེས་མཐོའི་དཔོན་རིགས་བཟའ་ཚང་ཅན་ཞིག་གིས་བུ་མོ་མཛེས་མ་ཞིག་ཟུར་བསྟེན་བྱེད་བཞིན་པའི་གསང་བ་གསར་འགོད་པ་ཚོས་ཤེས་རྟོགས་བྱུང་བ་རེད། ཤེས་རྟོགས་བྱུང་ནས་བདུན་ཕྲག་གཅིག་ཙམ་ལ་བརྙན་འཕྲིན་གསར་འགྱུར་དང་ཚགས་པར་སོགས་སུ་གསར་འགྱུར་འཕགས་ཤོས་དོན་དག་དེ་ག་རང་རེད། དེ་ཡིན་དུས། མཐའ་མར་ཁོང་གིས་རང་ཉིད་གཞུང་གི་དཔོན་རིགས་ཤིག་ཡིན་པའི་ཆ་ནས་མི་མང་གི་ཡིད་ཆེས་བརླག་པར་བརྙན་འཕྲིན་བརྒྱུད་ལམ་ནས་དགོངས་སེལ་ཞུས་པ་རེད། དགོངས་སེལ་ཞུས་རྗེས་མགོ་སྒུར་ཏེ་སྐར་མ་གཅིག་ཙམ་བསྡད་པ་རེད།
    དེ་ལ་མི་མང་པོས་ལག་པ་རྡབ་སོང་། ཐ་ན་ལམ་བར་ཟས་རིགས་ཙག་ཙིག་བཙོང་མཁན་དང་ཐང་ཚོང་ཚོས་ཀྱང་དགོངས་སེལ་ཞུས་པ་དེ་འགྲིག་རབ་བཤད་སོང་།
    དེ་ཡིན་དུས། བྱ་སྤྱོད་དེ་འུ་ཚོས་ཚུར་ལེན་ཐུབ་ན་ཡག་གི ལྷག་པར་སྲིད་དོན་དབུ་ཁྲིད་ཚོར་གོམས་གཤིས་འདི་འདྲ་ཞིག་འཇགས་ཐུབ་པ་ཡིན་ན། བོད་ཀྱི་སྲིད་དོན་ལོ་རྒྱུས་སྟེང་ཀུན་སྤྱོད་གསར་པ་ཞིག་སྐྱེ་སོང་བ་རེད།

  4. སྟག་སྨྱོན། says:
    2012-01-22 at 7:03 pm

    བློ་བཟང་སེང་གེའི་ནོར་འཁྲུལ་ཁས་མི་ལེན་ཚོས་བཀའ་ཁྲི་ལ་རང་གི་མིག་སྐྱག་འཕྱི་རྒྱུའི་གོ་སྐབས་སྤྲོད་ཀྱི་མེད་པ་དང་གཅིག་རེད། སྐྱོན་འདོན་ཚོས་བཀའ་ཁྲིར་ཁྱེད་ཀྱི་གདོང་པ་ན་མིག་སྐྱག་འབྱར་འདུག་པས་ཡག་པོ་འཕྱི་དགོས་ཀྱི་འདུག་ལབ་པ་རེད། དེའི་ཕྱིར་ཚང་མས་བཀའ་ཁྲི་ལ་རང་གི་གདོང་གི་མིག་སྐྱག་འཕྱི་རྒྱུའི་གོ་སྐབས་གནང་མཁན་ཚོར་རྒྱབ་སྐྱོར་བྱེད་རོགས་ཞུ་གི་རེད།

  5. བསོད་ནམས། says:
    2012-01-22 at 7:03 pm

    ད་བཀའ་ཁྲི་བློ་སེང་སོགས་ཀྱི་བོད་ཀྱི་འགོ་གཙོ་ཚོས་གཞིས་ལུས་མི་མང་ལ་དགོངས་སེལ་ཞུ་དགོས་ཚོད་རེད།བོད་ནང་དུ་སྔ་ཕྱི་རང་ལུས་མེར་སྒྲོན་ཏེ་ལས་འགུལ་བསླངས་ཡོང་དུས་བཙན་བྱོལ་ནས་ཁུ་སིམ་མེར་མ་ནི་ཕྲེང་བསྐོར་རེ་བགྲངས་རོགས་སོགས་ཀྱི་སྐྱུག་བྲོ་བའི་ཁ་དབྱངས་འདི་འདྲ་བོས་ནས་བསྡད་དུས་དངོས་གནས་བློ་ཕམ་བྱུང་། མཁས་དབང་དང་སྲིད་སྐྱོང་ཟེར་བའི་མིང་འདི་སྐྱག་པ་རེད། རྒྱ་དམར་ལ་ཁ་གཏད་ཅིག་ཕར་ཟད། བོད་མི་གཅིག་གྱུར་གྱི་ལོ་གསར་ཞིག་གི་རྟེན་འབྲེལ་འགྲིགས་པར་སྲིད་བྱུས་མེད་པར་ལུས་པ་བསམ་ན་བོད་རིགས་ཡོངས་དང་ཆོལ་ཁ་གསུམ་ཟེར་བ་དེ་ཁ་དབྱངས་ཙམ་རེད། སྣུམ་ཟད་ཀྱི་མར་མེ་བཞིན་ཡིན་པའི་བོད་ཀྱི་ལས་དབང་ལ་བསམ་ན་ད་ནི་ཚོགས་པ་ཟེར་བ་དང་འགོ་གཙོ་དེ་ཚོས་མི་ཡུལ་ལ་གདོང་བསྟན་ནས་བསྡད་ཕོད་ན། སེམས་ཀྱི་སྐད་ཆ་ཞིག་བཤད་ན་དགྲ་བོ་རྒྱ་དམར་ལ་ཚོར་བ་འགྱུར་བ་འགྲོ་བའི་ལས་འགུལ་སྣ་ཐམས་ཅད་དེ་སྤེལ་དགོས་ངེས།

  6. རྔ་བ་གཉན་རྒོད says:
    2012-01-23 at 1:31 am

    བཀའ་ཁྲིའི་ནོར་འཁྲུལ་ཡིག་ཐོག་ལ་བཞག་ན་་་ཡོ་རབ་ནས་མི་གླེང་བ་སུ་ཡིས་ནོར་འཁྲུལ་རེད་་་་་ཨ་རི་ནས་བཀའ་ཁྲིས་མ་གླེང་ཡང་་ཀིརྟི་རིན་པོ་ཆེ་ནས་ག་རེས་ཅེས་ནས་མ་གླེང་པ་རེད་་་བཀའ་ཁྲི་གཅིག་པོ་མ་ཡིན་པ་ཤེས་དགོས་་་་

  7. མིག་ཆུ། says:
    2012-01-23 at 5:19 am

    སྔོན་གཤེགས་དཔའ་བོ་བཀྲ་བྷེའི་མཚན་མ་བཀླགས་པ་དེ་བཀའ་ཁྲིའི་ནོར་འཁྲུལ་ལོས་ཡིན། འོན་ཀྱང་བཀའ་ཁྲི་ལ་དྲི་བ་འདོན་པ་དང་རེ་སྐུལ་ཞུས་ཏེ་དགོངས་སེལ་ཡོང་བ་བྱ་རྒྱུ་ལས་ཚད་མེད་པའི་དམའ་འབེབས་ཞུས་ན་མི་ལེགས། དཔེར་ན་གཞིས་བཞུགས་སྤུན་ཟླ་ཚོས་རང་རེའི་དབུ་ཁྲིད་དག་ལ་མཇལ་བ་དང་དད་པ་ལྟ་བུ་བྱ་བཞིན་པའི་རྣམ་པ་འདིའི་ཡིད་ཆེས་རྩ་བ་ནས་བརླག་གི་འཇུག་མི་ཉན། ང་ཚོས་འདི་ནས་ཁོང་ཚོའི་ཁོག་པ་སྟོང་བ་དང་དོན་དམ་གྱི་སེམས་ཤུགས་མེད་པ་ཤེས་སུ་བཅུག་ན་བོད་ནང་གི་རེ་བ་ཆད་འགྲོ་བར་སེམས་ཁྲེལ་ཡོད།

  8. ཀརྡོ་གཉེར་ཕྱག་པ་ says:
    2012-01-23 at 5:28 am

    སྔོན་གཤེགས་དཔའ་བོ་བཀྲ་བྷེའི་མཚན་མ་ཐོན་ཟེར། དེ་ནས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱང་ཟེར་དགོས། དེ་ནས་ཡར་དེད་ན་དཔའ་བོ་བརྒྱ་ཕྲག་ཁ་ཤས་ཀྱི་མིང་མི་འདུག་ཟེར་འདོད་དམ། ནང་ཁུལ་རྩད་མ་རྩོད། གཞན་དབང་འདི་རང་ཅན་དུ་འགྱུར་པ་ལ་རྩོད་དང་དྲ་གཽགས་ཚོ་ལགས།

  9. ཀརྡོ་གཉེར་ཕྱག་པ་ says:
    2012-01-23 at 5:41 am

    དིང་སང་བོད་ནང་ལ། ༸གོང་ས་མཆོག་དང་། པཎ་ཆེན་རིན་པོ་ཆེ། རྒྱལ་དབང་ཀརྨ་པ་པའི་སྐུ་དཔར་དང། ཡང་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱི་འདྲ་་དཔར་སོགས་ནི། བོད་རྒྱལ་ཁབ་བམ་། བོད་རིགས་ཀྱི་རྒྱལ་དར་གངས་སེང་དེ་དང་འདྲ་བར་ནམ་མཁར་འཕྱར་ནས་བོད་དོན་རྩོད་བཞིན་ཡོད་འདི་ལ་བསམ་གཞིགས་ཅིག་་བྱ་ཐུབ་ན་སྤྱི་དོན་ལ་ཕན་སྲིད་ལགས།

  10. བོད་པ་ཚང་། says:
    2012-01-23 at 5:46 am

    ཐེངས་ཤིག་རྡོ་རྗེ་གདན་དུ་བཀའ་བློན་བློ་བཟང་སེང་གེ་དང་ཕྱག་རོགས་བཀའ་བློན་དག་མོ་ཊར་ཕེབས་སོང་། དེའི་ཤུལ་དུ་བོད་ནས་ཕེབས་སྤུན་ཟླ་གང་མང་ཞིག་འདུག་པ་དེ་དག་གིས་ལག་གཉིས་ཐལ་མོ་སྦྱར་ནས་ཁོང་ཅག་ལ་བླ་མ་ཆེན་མོ་ཆེ་གེ་མོ་ཞིག་ཕེབས་པ་ལྟ་བུའི་དགའ་སྣང་གི་རྣམ་འགྱུར་ཞིག་སྟོན་སོང་། ཁོ་ཚོས་ཕན་ཚུན་ང་ཚོའི་བཀའ་བློན་བློ་བཟང་སེང་གེ་ཁོང་རེད་ཅེས་རེ་བའི་མིག་ཟུང་བལྟས་ཀྱི་འདུག འདི། དོན་གྱི་བདག་པོ་གཞིས་ལུས་མི་མང་གི་ཟུར་བལྟས་ལེབ་མཐོང་གི་རྣམ་པ་ཞིག་རེད་འདོད།
    ང་ཚོས་འདིར་གནད་དོན་ཆེ་ཆུང་ལ་མ་བལྟོས་པར་རང་གི་ཁེ་དབང་དང་ལས་ཀ་བསྒྲུབ་མིན་གྱི་རང་དོན་གཙོ་བོར་བཟུང་ནས་འཁྱོག་བཤད་ཆེན་པོ་དེ་འདྲ་བྱས་ན་ཅོལ་ཆུང་ཡིན་པས། ཆེ་ས་ནས་བོད་རྒྱལ་ཁབ་དང་མི་རིགས་གྱི་ལས་དབང་ལ་ཕན་གནོད་ཡོད་མེད་གཟིགས་རོགས། དྲ་གྲོགས་ཚོ།

  11. ལྗང་སྨྱུག says:
    2012-01-23 at 5:57 am

    དཔའ་བོ་བཀྲ་བྷེའི་མཚན་བརླག་སོང་ཟེར། བོད་ཀྱི་སྲིད་བློན་ལ་ཤོག་བུའི་སེང་གེ་ཞེས་མིང་འདོགས་བྱས་པ་དེའང་ཤིན་ཏུ་ཐལ་དྲགས་པའི་སྐད་ཆ་ཞིག་རེད། སྔོན་རྗེས་ཚང་མར་གཟིགས་རྒྱང་རིང་ཙམ་གནང་དགོས་པ་ལས། རི་བོང་ཅལ་འདྲོགས་དང་། གཞན་རྗེས་སུ་གཡམ་རྒྱུགས་ཁོ་ནར་བྱས་ཚེ། རང་ཉིད་ཕོ་རོག་དཀར་པོ་ཆགས་རྒྱུ་ཉག་གཅིག་ལས་ཉག་གཅིག་ལས་གཞན་ཅི་ཡང་མི་ཡོང་ངོ་། །

  12. བོད་པ་ says:
    2012-01-23 at 8:47 am

    དིང་སང་བོད་ནང་ལ། ༸གོང་ས་མཆོག་དང་། པཎ་ཆེན་རིན་པོ་ཆེ། རྒྱལ་དབང་ཀརྨ་པ་པའི་སྐུ་དཔར་དང། ཡང་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱི་འདྲ་་དཔར་སོགས་ནི། བོད་རྒྱལ་ཁབ་བམ་། བོད་རིགས་ཀྱི་རྒྱལ་དར་གངས་སེང་དེ་དང་འདྲ་བར་ནམ་མཁར་འཕྱར་ནས་བོད་དོན་རྩོད་བཞིན་ཡོད་འདི་ལ་བསམ་གཞིགས་ཅིག་་བྱ་ཐུབ་ན་སྤྱི་དོན་ལ་ཕན་སྲིད་ལགས།

  13. བོད་དགའ་ says:
    2012-01-23 at 9:20 am

    སྐྱོན་ལ་སྐྱོན་དུ་ངོས་འཛིན་བྱས་ཏེ་སྐྱོན་སེལ་བྱ་དགོས་པ་ནི་ང་ཚོའི་དབུ་འཁྲིད་ལ་ཚང་དགོས་པའི་བྱ་བ་ཞིག་ཡིན་ལ། དེ་བས་དབུ་འཁྲིད་ཚོའི་རྒྱབ་སྐྱོར་ཡིན་ཁུལ་གྱིས་ཁོང་ཚོའི་བྱ་བ་ཐམས་ཅད་ཡོན་ཏན་དུ་མཐོང་མཁན་ཚོས་ངེས་པར་དུ་སྐྱོན་ལ་སྐྱོན་དུ་ངོས་འཛིན་གྱིས་དངོས་སུ་སྐྱོན་སེལ་བྱ་ཐུབ་ན་ང་ཚོ་ཚང་མར་ཕན་པ་ལས་གནོད་གཞི་རྩ་བ་ནས་མེད། གཏམ་དཔེར་གྲོགས་པོ་མཛའ་ན་སྐྱོན་ལ་རྫུབ་མོ་ཚུགས་ཞེས་པའི་དཔེ་འདི་ཅི་མི་བདེན། སྐྱོན་སྟོན་པ་པོ་རྣམས་ནས་ཀྱང་བཙན་བྱོལ་གཞུང་ལ་ཡིད་ཆེས་བརླག་གཞིའི་རིགས་མི་འབྱུང་བ་གནང་གལ་ཆེ་བ་བཅས་ལགས།། །།

  14. རྫ་ཚེ་རིང་བཀྲ་ཤིས། says:
    2012-01-23 at 11:28 am

    བཀའ་ཁྲི་འདི་ལ་རྒྱལ་སྤྱིའི་ཁྲོད་དུ་ལྟོས་བཅས་ཀྱི་ནུས་པ་ཞིག་དང་། སྣང་བརྙན་ཞིག ཆེ་མཐོང་ཞིག་བཅས་ཡོད་པར་སྙམ་ནས་ངས་སྔོན་འགྲོའི་འོས་བསྡུའི་སྐབས་ནས་ཁོང་ལ་རྒྱབ་སྐྱོར་ཞུས་པ་ཡིན། འོན་ཀྱང་སྤྱི་འབངས་ངས་རྒྱབ་བསྐྱོར་ཞུས་པའི་སྔོན་དཔག་དེ་ནོར་མེད་པ་བོད་གཞི་ལུས་རྒྱལ་སྤྱིའི་མི་མང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ང་ལ་དཔང་པོ་གནང་སོང་། དེར་ང་དགའ་ནས་ཡོད།
    འོན་ཀྱང་ངས་དང་པོ་ནས་ཁོང་སྐྱོན་ཀུན་ཟད་ཅིག་ཏུ་བསམ་མྱོང་ལ། ནོར་འཁྲུལ་མི་ཤོར་མཁན་ཞིག་ཏུ་ཡང་བསམ་མེད། དེས་ན་ད་ཐེངས་ཁོང་གིས་དཔའ་བོ་བཀྲ་བྷེའི་མཚན་མ་བཀླགས་པ་དེ་ནོར་འཁྲུལ་ཞིག་ཏུ་བརྩིས་ན་ཡང་ལོས་འགྲིགས། གང་ལྟར་མི་མང་གི་བསམ་ཚུལ་དང་དཔའ་བོ་ཁོང་གི་སྙིང་སྟོབས་དང་བློས་བཏང་ལ་གུས་འདུད་མཚོན་པའི་གསལ་བཤད་ཅིག་གནང་ན་དེ་ཡང་མ་འགྲིག་པ་ཞིག་མ་རེད། དེར་རྒྱུ་མཚན་ལྡན་པའི་ཐེར་འདོན་ཞུས་ན་ཡང་ལོས་འགྲིག
    འོན་ཀྱང་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་རང་ཉིད་ཀྱི་ཞེ་མཁོན་རྒྱུ་མཚན་དུ་བྱས་ནས་ཚིག་ཐལ་ཆ་ཅན་མང་པོ་བེད་སྤྱོད་བྱེད་པ་འདི་ཡང་ངེས་པར་མི་འོས་པ་རེད།
    བོད་མི་འདི་ཙམ་མང་པོ་ཞིག་གིས་དགའ་མོས་དང་གུས་བརྩི། ཁྱད་པར་གཞི་ལུས་བོད་མིས་རེ་བ་དང་གདེང་འཇོག་དགའ་མོས་བཅས་ཆེན་པོ་ཞུ་སའི་མི་ཞིག་ལ་ཁྱོད་ཀྱིས་འདི་ལྟར་དམའ་འབེབས་བྱས་པ་དེར་བོད་གཞི་ལུས་རྒྱ་ཆེའི་མི་མང་གི་སེམས་ལ་ཕོག་ཐུག་དང་རྨ་ཁ་བཟོས་ཡོད་ཡོད་ངེས་པས་དེར་དགོངས་སེལ་ཞུ་དགོས་ཞེས་ངས་ལབ་ཀྱིན་ཡོད།
    མི་མང་གིས་ཆེ་མཐོང་ཞུ་ཡུལ་གྱི་གང་ཟག་ལ་གཏམ་སྤྱོད་ཀྱིས་དམའ་འབེབས་ཞུས་ནས་མི་མང་གི་སེམས་ཁམས་ལ་དོ་ཕོག་བཏང་བ་ལ་དགོས་སེལ་ཞུ་དགོས་པའི་དགོས་འདུན་འདོན་པ་ནི་ཧ་ཅང་ལུགས་མཐུན་རེད།
    ཁྱེད་གནད་ཡོད་སྒྲིག་འཛུགས་ཤིག་གི་ནང་དུ་ལས་ཀ་བྱེད་བཞིན་པ་དང་། ཁོར་ཡུལ་ལ་ལྟོས་པའི་ཤུགས་རྐྱེན་ཡོད་པའི་རྩོམ་བྲིས་པ་ཞིག་གི་ངོས་ནས་སོམས་དང་།
    ཁྱོད་ཀྱིས་འདི་ལྟར་ཚིག་ངན་རང་གིས་དམའ་འབེབས་བྱེད་པ་དེས་བོད་ཀྱི་རྩ་དོན་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ངེས་པར་ཐེབས་ཀྱི་རེད། རྒྱ་མི་ཀུང་ཁྲན་སང་ཁོང་འཛུམ་ཙམ་ནི་ངེས་པར་བྱེད་སྲིད། དགྲ་དགའ་གཉེན་སྡུག་གི་སྐད་ཆ ་རེད།
    སངས་རྒྱས་ཀྱིས། བསམ་པ་ནང་ན་ཡོད་པ་ཀུན། །ཕྱི་རོལ་དུ་ནི་ཉེ་བར་དམིགས། །གསུངས་པ་དེ་ཧ་ཅང་བདེན།
    དང་པོའི་ཀུན་སློང་ནི་མི་ཤེས་ཀྱང་ད་ཆ་ཁྱེད་ཀྱིས་བློ་བཟང་སེང་གེ་ལ་སྐྱོན་བརྗོད་བྱེད་པ་དེ་ཤེས་ཡོན་པ་ཞིག་གིས་རང་གི་སྲིད་བཞུང་ལ་བསམ་ཚུལ་འདུན་པའི་སྤྱིར་བཏང་གི་ཀུན་སྤྱོད་ལས་བརྒལ་ཟིན་པ་དེ་ཧ་ཅང་གསལ་པོ་རེད།

    སྒེར་གྱི་ངོས་ནས་ཁྱེད་ངས་ངོ་མི་ཤེས་ན་ཡང་། ཁྱེད་ད་དུང་བོད་ཀྱི་རྩ་དོན་ལ་བསམ་པ་དཀར་མཁན་གྱི་ཤེས་ཡོན་པ་ཞིག་ཡིན་པའི་རེ་བ་མ་དོར་བའི་ཐོག་ནས་དེ་ལྟར་ཞུས་པ་ཡིན།
    དགོངས་འགལ་མེད་པ་ཞུ། ལྷག་བསམ་བཅས།

  15. ཟླ་བ་བཀྲ་ཤིས་ཕུན་ཁང་། says:
    2012-01-23 at 1:53 pm

    རྫ་བཀྲ་ཚེ་ལགས། ཁྱེད་བསམ་ཤེས་ཤིག་ཡིན་པ་སྐད་ཆའི་འགྲོས་ནས་ཚོར་ཡང་། དོན་དངོས་ཤར་ཕྱོགས་ཁུག་རྟའི་གོང་གི་མཆན་དེར་དམའ་འབེབས་གང་ཡང་བྱས་མི་འདུག་པས། ཁྱེད་ནས་སྐུར་འདེབས་བྱས་ན་བྲོ་བ་བརླག་འགྲོ་གྱིན་འདུག དེར་ནོར་འཁྲུལ་ཡོང་ངེས་པ་དང་ནོར་འཁྲུལ་ཡོ་བསྲང་བྱེད་དགོས་ཚུལ་བྲིས་འདུག ཁྱེད་ནས་ཅིའི་ཕྱིར་གོང་གི་བསམ་ཚུལ་དེ་གཟུ་བོར་མ་མཐོང་བ་རེད་དམ། ངས་ལྟོས་ན་གོང་གི་མཆན་འདི་གཟུ་བོར་གནས་འདུག དེ་མིན་གཞན་ཡོད་ན་ངས་མི་ཤེས། སྤྱིར་སྐད་ཆ་བཤད་དུས་ཁུངས་ལུང་ཡོད་ན་ཡག་པོ་འདུག ཁྱེད་རང་ཅུང་གཟབ་ནན་ཅན་གྱི་དྲ་ངོས་འདིའི་ཡི་གེ་འབྲི་མཁན་ཞིག་ཡིན་སྟབས་ངས་འདི་ལྟར་ལབ་འདོད་བྱུང་།

  16. ཆབ་བྲག་ལྷ་མོ་སྐྱབས། says:
    2012-01-23 at 3:13 pm

    དུས་དབང་སྐབས་ཀྱི་སྨོན་ལམ་ཆེན་མོ་འདི་འདྲའི་སྐབས་སུ་ཉེ་ལམ་གྱི་སྐུ་གཤེགས་དཔའ་བོ་རྣམ་པས་གཙོས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བཏང་བ་ཚང་མར་བསྔོ་བ་སྨོན་ལམ་བརྒྱབ་ཡོད་ངེས་ཡིན། དེ་བས་བཀའ་ཁྲིས་བཀྲ་བྷེ་ལགས་ཀྱི་མཚན་སྨྲས་མེད་པ་དེས་བོད་མི་མང་པོའི་སེམས་ལ་དོ་ཕོག་མི་འབྱུང་སྙམ། འོད་ཟེར་ལགས་ཀྱིས་འདི་ལྟར་ཞིབ་ཚགས་ཀྱིས་གནད་དོན་གསལ་བརྗོད་གནང་བར་ཡང་བཀའ་དྲིན་ཆེ་འོས་པ་ཞིག་རེད་ལ་ཡིད་ལ་འཛིན་དགོས་པ་ཞིག་ཀྱང་རེད།

  17. ཆབ་བྲག་ལྷ་མོ་སྐྱབས། says:
    2012-01-23 at 3:15 pm

    ཡིད་ལ་འཛིན་ནས་བོད་མིའི་གཅིག་སྒྲིལ་གྱི་རྩ་བར་གནོད་མིན་གཟབ་དགོས་པ་གལ་ཆེན་པོ་རེད།

  18. བོད་པ་ཚང་། says:
    2012-01-23 at 3:21 pm

    རེད། ལོས་རེད། སྔར་ཡིན་ན། བོད་དོན་འཐབ་རྩོད་པ་འོད་ཟེར་གྱིས་གཞིས་བཞུགས་བོད་མིའི་དཀའ་སྡུག་གླེང་བཞིན་བྱས་རྗེས་བཞག་ཡོད་མོད། ད་ཆ་སྨྱུག་རྩེ་བཙན་བྱོལ་སྤྱི་ཚོགས་ཀྱི་ཆེས་མཐོ་ས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་གཏད་སོང་། ལྷག་པར། བཙན་བྱོལ་སྤྱི་ཚོགས་ཁྲོད་བཀའ་བློན་བློ་སེང་ལ་དགག་སྒྲུབ་བྱེད་བཞིན་པའི་སྐབས་སུ་དར་ཆ་པེ་ཅིང་ནས་འཆར་བ་དེ་གཟབ་དགོས་པའི་གནད་དོན་ཞིག་ལོས་རེད།

  19. མིག་བརྒྱད་པ། says:
    2012-01-23 at 4:15 pm

    དུས་དབང་གི་ཉིན་དེ་གའི་རིང་ནམ་མཁའ་སྨིག་སྤྲིན་གྱིས་གཏིམས་ཤིང་འགྲོ་ལམ་ཀུན་ཏུ་འཚང་ཁ་ཤིག་ཤིག་གིས་མི་ཚོགས་མང་བ་དང་། རྡོ་རྗེ་གདན་སྐོར་ལམ་གཡས་གཡོན་དུ་སྤྲང་ཚོགས་ཀྱི་སློང་མོ་བ་དང་དད་ལྡན་གྱི་ཆོས་ཞུ་བ། ཚོང་ཟོག་གི་འདུ་འགོད་རྒྱས་པའི་གནས་མཆོག་དེར་ལན་ཅིག་ལྟ་འདོད་བྱུང་། ངོ་ནོངས་དགོས་པ་ཞིག་ལ། ཉེ་སྔོན་ཆོས་རིག་ལས་ཁུངས་ནས་སྤེལ་བའི་གསལ་སྒྲགས་ནང་དུ་ཆོས་ཞུ་བ་རྣམས་ཀྱིས་གསུང་ཆོས་རིང་དམར་ཟོས་སྤང་དགོས་བའི་འབོད་སྐུལ་རབ་དང་རིམ་པར་གནང་མོད། བོད་ནས་ཕེབས་པའི་ཆོས་ཞུ་བ་ཚོས་གསུང་ཆོས་རིང་དམར་ཟོས་སྤངས་བ་དང་རྒྱ་གར་དང་ཕྱི་རྒྱལ་ནས་ཡོང་བ་དེ་ཚོས་སྤངས་མ་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ། གསུང་ཆོས་རིང་བོད་པའི་ཤ་མེད་ཟ་ཁང་གཅིག་ཀྱང་མཐོང་རྒྱུ་མེད་པ་དང་། གསུང་ཆོས་ར་བའི་ཉེ་འཁྲིས་སུ་ཡོད་པའི་བོད་པའི་ཟ་ཁང་རེ་རེའི་ནང་དུ་ཤ་དྲི་འཐུལ་བའི་དྲི་ངན་དེས་སེམས་ཅན་ག་ཚོད་ཅིག་གི་སྲོག་ཤོར་དགོས་པ་དང་ཚོད་དཔག་ཀྱང་བྱེད་ཐུབ། དངོས་གནས་ཡིད་སྐྱོ་དགོས་པ་ཞིག་རེད། སྒོར་མོ་མ་གཏོགས་བསམ་རྒྱུ་གང་ཡང་མེད་པ་དེ་ཚོར་སུས་བདག་པོ་རྒྱག་ཐུབ། བོད་པ་མི་རེ་ངོ་རེས་གཙོ་བོར་རང་གིས་རང་ལ་བདག་པོ་རྒྱག་རྒྱུ་གལ་ཆེ།

  20. ཟླ་བ་བཀྲ་ཤིས་ཕུན་ཁང་། says:
    2012-01-23 at 5:05 pm

    མཛངས་མ་འོད་ཟེར་གྱིས།
    བཀའ་བློན་ཁྲི་བར་མཚོན་ན། བཀྲ་བྷེ་མིང་བཀླག་རྒྱུ་དེ་ཞལ་ལྕེ་མང་ཙམ་འགུལ་རྒྱུའི་དཀའ་ངལ་ལས་མེད། བོད་ནང་གི་བཀྲ་བྷེའི་ནང་མི་དང་གཉེན་ཉེ་ཚོར་མཚོན་ན། དེ་ནི་བཀྲ་བྷེའི་རང་སྲོག་བློས་གཏོང་གི་རིན་ཐང་དང་། ཁོང་ཚོ་ལའང་ཧ་ལས་པའི་སེམས་གསོ་ཞིག་ཆགས་ཡོད། ཡིན་ནའང་ག་རེ་བྱས་ནས། ངེད་ཅག་གི་བཀའ་བློན་ཁྲི་བས་འདི་ལྟར་གསུང་ཚིག་འགའ་འདོན་པར་སེར་སྣ་བྱས་ནས། བཀྲ་བྷེའི་ནང་མི་དང་། ཕ་ཡུལ་གཅིག་པ། ཆོས་གྲོགས་ཚོར་ཁོང་བརྗེད་ཚར་བའི་ཚོར་སྣང་སྤྲད་པ་མ་ཡིན་ནམ།

  21. པོ་ཊ་ལ། says:
    2012-01-23 at 5:09 pm

    ཡ་དྲ་གྲོགས་ཚོས་འདྲིག་སོང་། འདས་པོ་བཀྲ་བྷེ་དེ་ཉིད་མཚན་སྒྲོག་སྦྱོང་མ་བྱས་ཟེར་ནས་མང་པོ་བྲིས་འདུག་ཡག་པོ་ཐུགས་བསམ་བཞེས་དང་། རིག་པའི་རལ་གྲིས་གསུངས་པ་ལྟར་ངས་རྒྱབ་སྐྱོར་ཡོད། བཀའ་ཁྲིས་དུས་དབང་སྐབས་འདས་པོ་དེ་ཉིད་མཚན་མ་སྒྲོག་པ་དེ་འཐེན་འཁྱེར་སོགས་གང་ཡང་རེད། ད་སྐབས་འདས་པོ་རྣམས་འདི་ལོ་༢༠༡༡ ནང་འདིའི་མཚན་སྒྲོག་པ་རེད། གལ་སྲིད་ལོ་གཉུས་གསུམ་སྔོན་ནས་འདས་པོ་རྣམས་མཚན་སྒྲོག་དགོས་ན་སྐབས་དེར་དཔའ་བོ་ཐུབ་བསྟན་དངོས་གྲིབ་ཀྱང་སྒྲོག་དགོས་རྒྱུ་དང་།
    གཞན་ཡང་༢༠༠༨ ལོ་དཔའ་འདས་པོ་རྣམས་ཀྱང་མཚན་སྒྲོག་དགོས་པ་སོགས་ཆགས་ཀྱིས་རེད། དེ་ནས་སྐབས་བབས་གནས་དོན་དེ་ནི་དགེ་འདུམ སྤྱི་མངུན་དེར་ལོ་འདེར་འདས་པོརྣམས་ཞེ་དགུ་སོགས་ཟླ་གྲངས་འགའ་ཤིག་ལས་མ་སོང་བས་བསྔོ་ཞུ་གཙིར་འདོན་ཞིག་མི་དགོས་སམ། དཔའ་བོ་བཀྲ་བྷེ་ནི སྐབས་དེར་བོད་གཞུང་དམངས་གཉིས་དགོན་སྡེ་རྣམས་བས་བསྔོ་སྨོན་ཞག་ཞེ་དགུ་བར་ཞུས་སོང་བས་དེ་སྐོར་ལ་དོག་སློང་ག་ལ་དགོས། འིན་ཀྱང་བཙན་བྱོལ་བཀའ་སྤྱིའི་མ་སྡེབ་ནང་ལ་ནི་དེ་དིན་མ་ལུས་མ་ཆད་ཡོད་འདུག་པས་ཞལ་པར་རྒྱུད་སྤྱི་འཐུས་ཤིག་བཀའ་འདྲི་དང་ལན་གནང་སོང་དེ་ཙམ་གཉཡིས་མི་འགྲིག་གམ།

  22. རིག་འབྱུང་རྒྱ་མཚོ says:
    2012-01-23 at 5:46 pm

    ངས་ལྟས་ན་ད་ལྟ་བཀའ་ཁྲིའི་དགོངས་སེལ་ཞུ་རྒྱུའི་དུས་ཚོད་རེད་འདུག དེ་ལྟར་མ་བྱེད་ན་གནད་དོན་སྡུག་ཏུ་འགྲོ་སྲིད། མི་སུ་ཡིན་ཡང་ནོར་འཁྲུལ་དང་སྐྱོན་ཆ་བྱུང་སྲིད་པས། བཀའ་ཁྲིའི་མི་འདི་དག་གི་འདོད་བློ་བཞིན་དགོངས་དག་ཞུས་ན་ཅེས་མི་ཆོག་གམ། གཅིག་བྱས་ན་བཀའ་ཁྲིའི་བོད་ཡིག་མི་ཤེས་བས་བོད་ཀྱི་དྲ་རྒྱ་དང་རྩོམ་ཡིག་ཀློག་རྒྱུ་མི་མོས་པའམ་གོམས་སྲོལ་མེད་པས་གནས་ཚུལ་འདི་དག་མ་གསན་པ་ཡིན་སྲིད། རྟོགས་མཁན་གྱི་གཞུང་ཞབས་སམ་བཀའ་ཁྲིའི་གྲོགས་པོ་སུ་ཞིག་ཡིན་ཡང་གནས་ཚུལ་འདི་ནི་ཁོང་ལ་ཞུ་རྒྱུ་གལ་གནད་དུ་མཐོང་། དེ་ལྟར་མིན་ན་བཀའ་ཁྲིའི་ཡང་མི་མང་གི་འདོད་འདུན་ལ་རྩིས་མེད་བཏང་མཁན་གྱི་གཅིག་བསྡུ་པའི་རང་གཤིས་ལྡན་པ་མི་མང་པོ་ཞིག་གི་ངོས་འཛིན་བྱེད་སྲིད་ཅིང་། དེ་ནི་བོད་ཀྱི་གནད་དོན་ལ་གནོད་སྲིད། གནད་དོན་ཆུང་ཆུང་ཞིག་་གལ་ཆེན་དུ་བརྩིས་ནས་དགོངས་སེལ་མ་ཞུས་ན་འཇུག་འབྲས་ངན་པ་འབྱུང་སྲིད། དགོངས་སེལ་ཞུས་ན་འགྲོ་སོང་ཅི་ཙམ་ཡོད་དམ། ངས་ལྟས་ན་དགོངས་སེལ་ཞུས་ན་མི་མང་དགའ་བྱེད་ལས་འགྲོ་སོང་མི་འདུག གྱོང་ལས་ཁེ་མི་འདུག

  23. རིག་འབྱུང་རྒྱ་མཚོ says:
    2012-01-23 at 5:47 pm

    དགོངས་དག ནོར་བཅོས
    ཁེ་ལས་གྱོང་མི་འདུག

  24. རིག་འབྱུང་རྒྱ་མཚོ says:
    2012-01-23 at 5:52 pm

    གཅོག་བྱས་ན་བཀའ་ཁྲིའི་དགོངས་སེལ་ཞུས་ཟིན་ཡང་ང་ཚོའི་མ་ཤེས་བ་ཡིན་སྲིད། མཁྱེན་མཁན་ཡོད་ན་གནས་ཚུལ་གསལ་པོ་སྟོན་གནང་ཡོང་བའི་རེ་བ་ཡོད། ཐུགས་རྗེ་ཆེ།
    མ་གཞི་ཕྲན་ལ་གནད་དོན་དེའི་སྐོར་དེ་ཙམ་བསམ་བློ་མེད་ཀྱང་མི་མང་གི་དེ་ལྟར་ཞུ་འབོད་གནང་ཡང་བཀའ་ཁྲིའི་ད་བར་ལན་གཅིག་མ་གནང་བ་ནི་དམར་ཕྱོགས་ཚོགས་པའི་དེ་ཉིད་ལས་མ་འདས། བོད་མིའི་བོད་མི་ལ་མཐོང་ཆུང་བྱེད་པ་ནི་ཁོ་བོའི་ཆེས་འདོད་པ་མེད་ཤོས་ཀྱི་གཞི་རེད་ལ། གཅིག་སྒྲིལ་གྱི་འགོག་རྐྱེན་རེད། བོད་ཀྱི་བླ་སྤྲུལ་རྣམས་ཀྱི་བོད་མི་རྣམས་མི་རུ་དེ་ཙམ་མི་བརྩི་བ་ཕྲན་གྱིས་ངོས་སུ་མཐོང་པས་བླ་སྤྲུལ་རྣམས་ལ་སྔ་ས་ནས་ཞེན་པ་ལོགས་ཚར་ཟིན།

  25. པོ་ཊ་ལ། says:
    2012-01-23 at 5:54 pm

    ཀུན་མཁྱེན་། དྲ་གྲོགས་ཚོ་དོན་མེད་གཞི་ལུས་རྣམས་ལ་བླ་དོགས་དང་ རྐང་་རྗེས་ལག་སུབ་ཀྱིས་འགྱོད་པ་དང། བློ་གཏད་ཀྱིས་འདུན་བརླག་རྐྱེན་དང། འདྲ་མིན་གཞི་མེད་སྐུར་འདེབས་ན་གནང་རིག་དེ་ཙམ་གྱིས་མང་གཙོ་དང་སྨྲ་བརྗོད་རང་དབང་མཚན་དོན་ཚང་བ་ལ་དཀའ། ད་ལན་རྒྱ་དགའ་ཟས་ཆེན་གྱིས་ལམ་ལ་གཟབ་རོག་དྲ་གྲོགས། དགོངས་འགལ་རྩ་ནས་མ་གནང་

  26. བོད་དགའ་ says:
    2012-01-23 at 5:55 pm

    འོད་ཟེར་ལགས་ཀྱིས། བཀའ་བློན་ཁྲི་པས་ག་རེ་བྱས་ནས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱི་མིང་མ་སྨོས་པ་ཡིན་ནམ་ཞེས་མ་བྲིས་པའི་རྒྱུ་མཚན་དང་། དཔའ་བོ་བཀྲ་བྷེའི་མཚན་མ་སྨོས་པའི་རྒྱུ་མཚན་ག་རེ་ཡིན་ནམ་ཞེས་བཀའ་དྲི་ཞུ་དགོས་པའི་རྒྱུ་མཚན། དཔའ་བོ་ཐུབ་བསྟན་དངོས་གྲུབ་རྒྱ་དམར་གུང་ཁྲན་འོག་དངོས་སུ་བཞུགས་ནས་གུང་ཁྲན་ལ་ངོ་རྒོལ་མཚོན་བྱེད་རང་ལུས་མེ་ལ་མ་ཕུལ་བ་དང་། རྒྱལ་གཅེས་དཔའ་བོ་བཀྲ་བྷེ་ནི་བོད་ནང་ད་ལྟ་འཛིན་བཞིན་པའི་རྒྱ་དམར་གུང་ཁྲན་གྱིས་གཡོ་བྱུས་ལ་དངོས་སུ་བོད་ནང་ནས་བོད་མིར་རང་དབང་དགོས། ༧གོང་ས་སྐྱབས་མགོན་ཆེན་པོ་བོད་ལ་གདན་འདྲེན་བཞུ་དགོས། སོགས་ཀྱི་འབོད་སྒྲ་དང་བཅས་གཅེས་པའི་རང་ལུས་མེ་ལ་སྒྲོན་མཁན་གྱིས་སྣེ་འཁྲིད་ཡིན་པའི་རྒྱུ་མཚན་གྱི་ཡིན། དེ་ལྟར་ཡིན་པའི་རྒྱུ་མཚན་ཡང་གུང་ཁྲན་གཞུང་གིས། ཕྱི་ཕྱོགས་སུ་བོད་ནང་ཡོད་པའི་བོད་མི་རྣམས་བདེ་སྐྱིད་འཚོ་བར་རོལ་བཞིན་ཡོད་ཞེས་སྐྱག་རྫུན་ཁོ་ན་བཤད་བཞིན་ཡོད་ནའང་། བོད་ནང་འདི་འདྲ་དང་འདི་འདྲ་རེད་ཞེས་གུང་ཁྲན་གཞུང་གི་རྫུན་རྐུབ་སྟོན་བྱེད་ཡིན་ནོ།། །།

  27. པོ་ཊ་ལ། says:
    2012-01-23 at 9:38 pm

    དཔའ་བོ་ཐུབ་དངོས་ཁོང་གཉིས་ལུས་མེ་མཆོད་འབུལ་སྐབས་ཚེ་སྲོག་ལ་རིན་ཐང་བཟང་ངན་ཡོད་དམ། དེ་འདྲ་མ་གསུང་ན་ལེགས

  28. བོད་དགའ་ says:
    2012-01-24 at 4:56 am

    དཔའ་བོ་གཉིས་ཀྱི་ཚེ་སྲོག་དང་བློ་སྟོབས་བོད་མིའི་བདེན་དོན་རྩོད་པའི་སེམས་ཤུགས་བཅས་ལ་ཁྱད་པར་ཅུང་ཟད་ཙམ་ཡང་མེད་པ་གུས་པས་ཤེས་བཞིན་ཡོད། ཁོང་གཉིས་ཀྱི་མི་འདྲ་བའི་ཁྱད་པར་གོང་དུ་བཀོད་ཟིན་ལྟར་དཔའ་བོ་བཀྲ་བྷེས། རྒྱ་དམར་གཞུང་གིས་བོད་ནང་གི་བོད་མི་རྣམས་གུང་ཁྲན་གཞུང་ལ་ཡིད་ཆེས་དང་བཅས་བདེ་སྐྱིད་འཚོ་བར་རོལ་བཞིན་ཡོད་ཞེས་པ་དང་དངོས་སུ་འགལ་བའི་རྣམ་པ་གསལ་པོ་སྟོན་པས་སྨོས་པ་ཡིན། རེ་བ་ཞུ་རྒྱུར་རྗེས་སུ་ཕྱོགས་སྔའི་ནམ་མ་ལང་པར། དགག་པའི་ཉི་མ་མ་ཤར་ན་ཡག་རྒྱུ་རེད་བསམ།། །།

  29. བོད་དགའ་ says:
    2012-01-24 at 6:24 am

    བཀའ་ཁྲི་མཆོག་རྣ་བ་འོན་པ་དང་མིག་ཞར་བ་མིན་པ་དང་བོད་མིའི་བདེ་སྡུག་བཞུ་ཡུལ་ཞིག་ཡིན་ན། འོད་ཟེར་ལགས་ནས་སླར་ཡང་རྒྱུ་མཚན་དང་བཅས་བཀྲ་བྷེའི་སྐོར་རེ་འབོད་ཐེངས་གསུམ་པ་ཞུས་འདུག་པའི་རེ་འབོད་དེར་ཅི་ནས་ཀྱང་ལན་ཞིག་ངེས་པར་སྐྱོན་གནང་དགོས། རྒྱུ་མཚན་ནི་ཁོ་མོ་བཙན་འོག་གི་བོད་མིའི་བདེ་སྡུག་བརྩོད་མཁན་ཞིག་ཡིན་པ་ཚང་མས་ཤེས་བཞིན་ཡོད། བཙན་འོག་གི་བོད་མི་རྣམས་རེ་རེ་ནས་བློ་ཕམ་བཟོད་ན་ནམ་ཞིག་བཀའ་ཁྲི་མཆོག་འགྱོད་པ་སྐྱེས་རྒྱུ་རེད་དེ་དུས་ཕྱིས་སོང་ནི་རེད། ཐུགས་རྗེས་གཟིགས་བཙན་བྱོལ་གཞུང་ལ་ཡིད་ཆེས་བརླག་ཏུ་མ་ཆུག་བཀའ་ཁྲི་མཆོག།། །།

  30. བོད་དགའ་ says:
    2012-01-24 at 6:37 am

    ཡང་སྐྱར་རེ་བ་ཞུ་རྒྱུར་ཁྱེད་ཚོའི་འདོད་པ་དང་མ་མཐུན་ན། རྒྱལ་གཅེས་དཔའ་མོ་འོད་ཟེར་ལགས་ལ་གང་བྱུང་གིས་ཞྭ་མོ་མ་གཡོག་རོགས། ཁོ་མོས་ཉིན་རེར་བོད་དོན་སྐོར་དུས་རྟག་ཏུ་སྤེལ་བཞིན་འདུག་པའི་ཁོ་མོ་བློ་ཕམ་དུ་མ་ཆུག་དྲ་གྲོགས་རྣམས།། །།

  31. པོ་ཊ་ལ། says:
    2012-01-24 at 9:49 am

    བོད་དགའ་ཁྱེད་ནི་མཆན་མིང་དེ་ཡང་འདྲ་ཆགས་པོ་འདུག་ལ་དོན་ལའང་ལག་ལེན་དེ་ལྟར་ཡོད་ལེ་ཆེ་ཡི་རང་ཡོད། མ་ཟད་གཅེན་མོ་འོད་ཟེར་ལགས་ལ་རྣམ་པ་ཀུན་ཏུ་སེམས་ནང་ལ་ཡིད་ཆེས་དང་མཁྱེན་དཔྱོད་ཀྱིས་རྦ་རླབ་དྲག་ཏུ་འཚོར་བའི་ངའི་སེམས་ནང་གི་གུས་བརྩིད་གཅེན་མོ་གྲས་ཡིན། ཁྱེད་ཀྱིས་མཁྱེན་རླབ་ལྟ་བུ་རང་ལ་མེད་ཀྱང་། ཁྱེད་ཀྱིས་རྗེས་སུ་གོམ་པ་ཡ་ཡོ་ལ་འཁྱུག་པའི་བླུན་པོ་ཨུ་ཚུགས་སམ་བོད་དགའ་ཆུང་ངུ་ཞུས་ནའང་ཁ་ཕོ་མི་ཆེ་སྙམ། གང་ལྟར་ད་ལན་དུས་འཕྲང་འདི་ལ་སྨྲ་བརྗོད་རང་དབང་ཟེར་ནས་རང་རེས་གང་དྲན་དྲན་བཤད་ཆོག་ནའང་ཅུང་ཙམ་གཟབ་ནས་ལེགས་ཉེས་ལ་དཔྱད་པ་གནང་ནས་བཤད་ན་གཞི་ལུས་མི་ནང་ལ་རྒྱ་ལ་ཞེན་ལ་དོ་ཕོག་མི་འགྲོ་བ་དང་། གོང་ཞུས་ལྟར་བཀྲ་བྷེ་ལགས་ལོ་ངོ་གཉིས་འདས་ཟིན་པའི་གྲས་ཀྱི་དཔའ་རྒོད་དམ་སྙིང་སྟོབས་ཅན་ཞིག་ལུས་ཡིན་། རང་རེ་རྣམས་དུས་ད་ལྟ་ཡང་ཁོང་གི་མཛད་རྗེས་ལའང་ཡི་རང་དང་བསྔགས་བརྗོད་ཡོད། ད་ལན་བཀའ་ཁྲིས་གསུང་གི་་ནང་དུ་༢༠༡༡ལོའི་ནང་དུའང་གསུངས་པ་བལྟས་ན་། འདིའི་སྔོན་དུ་ལ་གནས་ཚུལ་དེ་དེ་བཞིན་ཡོད་ཚུལ་གོ་དགོས་རྒྱུ་ཅུ་ལ་མིན།

  32. བོད་དགའ་ says:
    2012-01-24 at 12:15 pm

    འོད་ཟེར་ལགས་ནས་བཀའ་ཁྲི་མཆོག་གིས་༢༠༡༡ལོའི་ནང་གསུངས་པ་གསལ་པོ་ཤེས་འདུག ཡིན་ནའང་བཀྲ་བྷེ་ནི་བོད་ནང་ནས་རྒྱ་དམར་གུང་ཁྲན་ལ་དངོས་སུ་གཅེས་པའི་རང་ལུས་མེ་ཕུལ་གནང་མཁན་ཐོག་མ་སྟེ་མིག་དཔེ་སྟོན་མཁན་ཡིན་པ་དང་གཅིག ཁོང་དུས་ཚོད་དེ་ལ་གྲོང་མེད་ཀྱང་ད་ལྟའི་ཆར་ག་སོང་ཆ་མེད་གྱུར་པ་དང་གཉིས། བཙན་བྱོལ་བོད་གཞུང་དང་ཚོགས་པ་སྐྱིད་སྡུག་ཁག་གིས་གསལ་བསྒྲགས་སྐབས་སྐུ་ལུས་མེ་ཕུལ་གནང་མཁན་གྲངས་ཀ་གཅིག་མཚུངས་དགོས་པ་སོགས། རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་རྒྱལ་གཅེས་པ་འོད་ཟེར་ལགས་ཀྱིས་འབོད་བསྐུལ་གནང་འདུག་ན། གཞིས་བཞུགས་བོད་མིའི་རེ་འབོད་རྩིས་མེད་མ་གཏོང་རོགས་ཞེས་བཀའ་ཁྲི་མཆོག་ལ་གུས་པས་ལག་གཉིས་ཐབ་མོ་འབྱར་ཏེ་ཞུ་བཞིན་མཆིས་ལགས།། །།

  33. རེ་བ་ says:
    2012-01-24 at 12:34 pm

    བཀའ་ཁྲི་མཆོག་ཐུགས་རྗེས་གཟིགས་བསམ་མེད་ངང་མ་བཞུགས་རོགས།། །།

  34. བོད་དགའ་ says:
    2012-01-24 at 1:01 pm

    དངོས་གནས་ང་ཚོའི་སྤྱི་ཚོགས་འདིའི་སྟེང་སྐྱོན་ལ་སྐྱོན་དུ་མཐོང་ནས་སྐྱོན་སེལ་བྱ་ཐབས་བྱེད་སྐབས། ཁོ་བོད་གཞུང་དང་བཀའ་ཁྲི་མཆོག་གི་ནུས་པ་མེད་པར་བཟོ་བྱེད་རེད་ཟེར་བ་དང། རང་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར་ནས་རང་དང་འདོད་བློ་མི་མཐུན་པའི་བསམ་ཚུལ་རིགས་སྟོན་མཁན་རྣམས་ལ་ཁོ་རྒྱ་མིའི་རྒྱུག་ཁྱི་རེད་ཁོས་བཀའ་ཁྲི་མཆོག་ལ་འགྲན་སེམས་བྱེད་བཞིན་ཡོད་ནི་རེད་ཟེར་བ་སོགས་ནི། མི་གཤིས་ལས་ཡོངས་སུ་འདས་ཤིང་རང་ཕྱོགས་ལ་འདོད་ཆགས་ཆེ་ཆེར་གཡོ་བས་དབང་གིས་ཡིན། དེ་ལྟ་བུའི་བྱ་ངན་དེས་ཁྱེད་རང་གིས་ཞེན་ཁོག་བྱེད་ཡུལ་དེ་ལ་མི་ཕན་པ་ཙམ་དུ་མ་ཟད་དེ་ལ་ཡིད་ཆེས་བརླག་གཞིར་འགྱུར་ངེས་ན་དེ་རྩིས་ཟབ་ཟབ་བྱ་དགོས་སོ།། །།

  35. པོ་ཊ་ལ། says:
    2012-01-24 at 5:41 pm

    བོད་དགའ་ལགས། དགོངས་མ་ཚོམས། ཁྱེད་ནི་བོད་ལ་དགའ་བའི་བུ་ལུས་ཡིན། ཁྱེད་ལ་ལྷག་བསམ་རྣམ་དག་དང་སེམས་ལ་སྙིང་སྟོབས་ཡོད་མཁན་ཞིག་ཀྱང་ཡིན་ངས་ཡིད་ཆེས་ཡོད། འོན་ཀྱང་རང་ལུས་དབང་སྒོ་ལྔ་དེ་ནི་ཅུ་ལྟར་ལོངས་སུ་སྤྱོད་ནའང་རང་དང་རང་ཐག་རང་བཅད་རེད། ངས་བཤད་བྱ་གཙོ་བོ་དེ་ནི་ད་ལན་འོད་ཟེར་ལགས་ཀྱིས་གསུངས་པ་ལ་ལན་ཞུས་ཟིན་པར་། སླར་ཡང་ལ་ལས་སོ་སོའི་མགོ་ལ། ཁ་མི་དགེ་རྒྱུ་ཚང་ལ་སྐོམ་པའི་ཆུ་ཐོབ་པ་བཞིན་གནས་དོན་འགྱུར་ཉེན་འདུག་ཞུས་པ་མ་གཏོགས་གཞན་གང་ཡང་དོགས་སློང་སོངས་དགོས་པ་མེད།
    དེ་ཙམ་གྱིས་ཉེས་འགལ་ཅན་དུ་འགྲོ་བ་ཞིག་མཐོང་གིས་མིའདུག
    གང་ལྟར་མཆན་ཅི་བཀོད་ནའང་གཟབ་པོ་དང་འོས་མཚམས་ཤིག་བྲིས་ན་བསམ་གྱིས་འདུག་མ་འགྲིག་པ་འདུག་ན་ལྷ་དགོངས་དག་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme