Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་ཤག་སྐབས་བཅུ་དྲུག་པའི་སྐབས་སུ་སྒྲུབ་དགོས་པའི་ལས་དོན་གལ་ཆེན་བཅུ་དྲུག

Posted on 2021-11-18 By ཁ་བརྡ 3 Comments on བཀའ་ཤག་སྐབས་བཅུ་དྲུག་པའི་སྐབས་སུ་སྒྲུབ་དགོས་པའི་ལས་དོན་གལ་ཆེན་བཅུ་དྲུག

གྲུ་ཟུར་གྱི་ཨ་མཆོད་ནས་ཕུལ།

བཀུར་འོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་གཙོས་བཀའ་ཤག་ལྷན་རྒྱས་ཀྱི་དྲུང་དུ་གུས་ཕུལ། 

གུས་པ་བཙན་བྱོལ་བོད་མིའི་ཁོངས་མི་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མངའ་འབངས་ཤིག་ཡིན་པའི་ཆ་ནས་གཤམ་གསལ་སྒེར་གྱི་བསམ་ཚུལ་འགའ་ཞིག་ཞུ་རྒྱུ་ཡིན་པས་ཁྱེད་རྣམས་ཀྱིས་ཐུགས་ལ་ཅི་ནས་ཀྱང་འཇོག་པར་འཚལ། མང་གཙོའི་ལམ་ལུགས་ཀྱི་སྤྱི་ཚོགས་ནང་དུ་གཞུང་སྔ་ཕྱི་བརྗེ་དགོས་ཤིང་། དེའི་རྒྱུ་མཚན་གཙོ་བོ་ནི་གཞུང་སྔ་མ་རུལ་སོངས་སུ་མི་འགྲོ་བའི་ཆེད་དུ་ཡིན་པ་མ་ཟད། གཞུང་སྔ་མའི་འཐུས་ཤོར་སོང་བ་དང་སྒྲུབ་མ་ཐུབ་པ་རྣམས་སྒྲུབ་ཐུབ་པའི་ཆེད་དུ་རེད། 

ང་ཚོའི་བཀའ་ཤག་སྔོན་མས་གྲུབ་འབྲས་གཟེངས་སུ་ཐོན་པ་མང་པོ་གནང་ཡོད་ན་ཡང་འཐུས་ཤོར་སོང་བ་ཡང་མང་ཐག་ཆོད་ཅིག་ཡོད

་ངེས། དེའི་ཕྱིར་ད་ལན་བཀའ་ཤག་གསར་པས་ངོས་ནས་གནང་དགོས་པ་ནི། བཀའ་ཤག་སྔ་མས་བསམ་བློ་ལ་ཡེ་ནས་འཁོར་མ་མྱོང་བའི་རིགས་དང་གཅིག བསམ་བློར་འཁོར་ཀྱང་ནུས་པས་མ་འདང་བའི་རིགས་དང་གཉིས། ནུས་པས་འདང་ཀྱང་ལྷོད་ཡངས་སུ་ཤོར་བའི་རིགས་དང་གསུམ་བཅས་ལ་དམིགས་སུ་བཀར་ནས་བཀའ་ཤག་སྐབས་༡༦་པས་ཕྱག་ལས་གནད་དུ་སྨིན་པ་གནང་དགོས། 

དེས་ན་གཤམ་དུ་བདག་གི་བསམ་ངོར་འཆར་བའི་དོན་ཆེན་བཅུ་དྲུག་ཕུལ་ཡོད་པ་དེ་དག་ནི་བདག་གི་སེམས་ལ་གལ་ཆེན་དོན་ཆེན་དུ་མཐོང་བ་ཁག་ཅིག་ཟུར་དུ་བཏོན་ནས་ཕུལ་བ་ཡིན་པས་དེ་དག་ལ་ཐུགས་གཞིགས་གནང་བའི་རེ་བ་ཞུ། གཤམ་གྱི་རིམ་པ་འདི་ནི་གལ་ཆེ་ཆུང་གཞིར་བཞག་གིས་བྱས་པ་ཡིན་ལ། ལས་ཀ་ལག་ལེན་ལ་སྟར་བ་དཀའ་སླའི་ཐོག་ནས་བྱས་པ་ཡང་ཡིན་པས་ཨང་གྲངས་དང་པོ་དེ་ལས་སླ་ཤོས་དང་བཅུ་དྲུག་པ་དེ་དཀའ་ཤོས་ཡིན་སྲིད་པར་བསམ་པ་ཡིན། འོན་ཀྱང་གོ་རིམ་ཚང་མ་ཏག་ཏག་ཡིན་པའི་ངེས་པ་མེད་ལ་གལ་ཆེ་ཆུང་གི་རིམ་པ་ཡང་དཔལ་ལྡན་སྲིད་སྐྱོང་དང་བཀའ་ཤག་རང་གིས་དགོངས་པ་བཞེས་ཆོག་པ་ལས་ངའི་བསམ་ཚུལ་ལྟར་འགྲོས་དགོས་པའི་ངེས་པ་མེད་ཞུ་རྒྱུ་ཡིན། 

  1. རང་རེའི་སྒྲིག་འཛུགས་འདིའི་རྩ་བའི་ངོ་བོ་དེ་རྩ་དོན་འཐབ་རྩོད་ཀྱི་ཆེད་དུ་བཙུགས་པ་ཞིག་ཡིན་ཞིང་། ཉེ་བའི་ཆར་གཞུང་མང་མཉམ་སྒྲིལ་གྱིས་རྩ་དོན་འཐབ་རྩོད་དེ་སྔར་བས་ཤུགས་ཆེ་རུ་གཏོང་བའི་དགོས་མཁོ་ཆེ་བའི་དུས་སྐབས་སུ་སླེབས་ཡོང་གི་ཡོད་སྟབས་བཀའ་ཤག་སྔོན་མའི་འཐུས་ཤོར་གྱི་ཆ་ཡང་འདིའི་ནང་དུ་རྙེད་རྒྱུ་ཡོད་སྲིད་པས་བཀའ་ཤག་འདིས་དམིགས་བསལ་གྱིས་བོད་དོན་འཐབ་རྩོད་ཀྱི་ཐོག་ལ་སྔར་བས་ནུས་ཤུགས་ཆེ་བར་འདོན་དགོས་པ་ནི་གཡོལ་དུ་དང་ཞན་དུ་མི་འོས་པའི་ལས་འགན་དང་པོ་དེ་ཡིན། 
  2. མ་འོངས་བོད་མིའི་སོན་རྩ་གཞོན་སྐྱེས་རྣམས་འཐོར་མི་འགྲོ་བའི་ཆེད་དུ་དང་། མི་རབས་གསར་པའི་ནུས་པ་རྩ་དོན་ཐོག་མཉམ་སྤུངས་ཡོང་བ། གཞུང་སྔོན་མའི་ལས་འཕྲོ་ཆུད་ཟོས་སུ་མི་འགྲོ་བའི་ཆེད་དུ་ལྔ་དང་ལྔ་བཅུའི་ལས་གཞི་དེ་མུ་མཐུད་ནས་ལག་སྟར་ལྷོད་མེད་གནང་དགོས། མི་རིགས་ཤིག་གི་འཐབ་བརྩོད་ནི་མི་རབས་ཕྱི་མ་དག་ལ་བརྒྱུད་གཏོང་བྱས་པའི་ལམ་ནས་བདེན་མཐའ་མ་གསལ་བར་དུ་འཐབ་བརྩོད་ཀྱི་ངར་ཤུགས་གནས་ཐུབ་པ་བྱེད་དགོས། དེའི་ཆེད་དུ་མི་རབས་སྔ་མའི་ལས་མཇུག་མི་རབས་ཕྱི་མས་སྐྱོང་ཐུབ་པ་ནི་གནད་ཀྱི་དམ་པ་ཡིན། སྲིད་སྐྱོང་སྔོན་མས་ལས་དོན་གྱི་ནང་ནས་ཆེས་གལ་ཆེ་བ་གཅིག་ནི་ལྔ་དང་ལྔ་བཅུའི་ལས་གཞི་དེ་ཡིན་ཞིང་། དེའི་ནང་ནས་ཀྱང་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ལས་འགུལ་དེ་ཡིན་པར་སྙམ། དེ་མིན་རང་རིགས་གཞོན་སྐྱེས་རྣམས་ཡུལ་ལུང་སོ་སོའི་མི་རིགས་ནང་དུ་ཐིམ་ནས་གར་སོང་ཆ་མེད་དུ་འགྱུར་ཉེན་ཆེ་བས་གཞོན་སྐྱེས་རྣམས་བསྡུ་རུབ་ཐུབ་ན་ནུས་པ་མཉམ་སྤུངས་ཀྱིས་བོད་དོན་འཐབ་རྩོད་ཀྱི་མེ་ལྕེ་གསོན་པོར་གནས་ཐུབ་པའི་དགེ་མཚན་ཧ་ཅང་ཆེན་པོ་འདུག ད་ལྟའི་ཆར་སྐབས་རེ་ཆོལ་ཁའི་རྙོག་ཟིང་ཕྲན་བུ་ཡོད་པ་དེ་གཙོ་བོ་རྒན་པ་དག་གི་ནང་ནས་འབྱུང་གི་ཡོད་ཅིང་། གལ་སྲིད་མི་རབས་གསར་པ་རྣམས་ཀྱི་ཁ་ཕྱོགས་རང་གཞུང་ཕྱོགས་ལ་བཀུག་ནས་གཞོན་རབས་ཀྱི་དཔུང་ཚོགས་ཤིག་འཛུགས་སྐྲུན་བྱ་ཐུབ་ན་ཆོལ་ཁའི་རྙོག་ཟིང་དེ་རང་བཞིན་གྱིས་ཡལ་འགྲོ་ངེས་ཀྱི་དགེ་མཚན་ཡང་ཡོད། 
  3. རྒྱལ་སྤྱིའི་རྒྱབ་སྐྱོར་སྔར་ལྷག་འབྱུང་ཕྱིར་ཡོ་རུབ་གྲོས་ཚོགས་སོགས་སྟོབས་ཆེན་རྒྱལ་ཁབ་གཞན་ཁག་ཏུ་ཨ་རིའི་གྲོས་ཚོགས་སུ་བཞག་པའི་ཁྲིམས་གཞི་བཞིན་འཇོག་ཐབས་མུ་མཐུད་དགོས། སྲིད་སྐྱོང་གོང་མའི་སྐབས་སུ་ཨ་རིའི་ནང་དུ་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ཡིག་གཏན་འབེབ་ཐུབ་པ་བྱུང་བ་ནང་བཞིན་རྒྱ་ནག་ལ་ཁ་ཐད་འཇལ་ཐུབ་པའི་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་སྡེ་ཚོགས་གཞན་གྱི་ནང་དུ་དེ་འདྲ་འབྱུང་ཐུབ་པའི་འབད་བརྩོན་གནང་ཐུབ་ན་བོད་དོན་སྟོབས་ཤུགས་མཐོན་པོར་གནས་ཐུབ། 
  4. བཙན་བྱོལ་གཞུང་གི་མི་འབོར་སྟོབས་ཤུགས་རྒྱས་ཆེད་དུ་ཁ་ཆེའི་གཞིས་ཆགས་དེ་བཙན་བྱོལ་བོད་གཞུང་གི་ཁུངས་སུ་འཛུལ་ཞུགས་ཐུབ་པའི་འབད་བརྩོན་གནང་དགོས། རྒྱ་གར་ཀསྨིར་ལ་ནང་དུ་ཡོད་པའི་ལྷ་ས་ཁ་ཆེ་བའི་གཞིས་ཆགས་དེ་བཞིན་རང་རིགས་བཀྲུས་ནས་མ་དག་པ་ཡིན་ཞིང་། རང་རིགས་ཀྱི་རིག་གཞུང་དང་རྩ་དོན་ལ་སེམས་ཤུགས་གཞན་ལས་མི་དམན་པ་ཡོད་སྟབས་ཁོང་ཅག་རང་རེའི་གཞིས་ཆགས་སྤྱི་མཚུངས་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཚུད་ཐུབ་པ་གནང་ན་དགེ་མཚན་ཧ་ཅང་ཆེ། 
  5. རྒྱ་གར་གྱི་ཡུལ་སྐད་གཞན་དག་གི་ཐོག་ལ་བོད་ཀྱི་དྲ་བརྙན་གསར་འགྱུར་སྤེལ་དགོས། བཀའ་ཤག་སྔོན་མ་དག་གིས་བོད་དོན་རྒྱ་གར་ནང་དུ་ཁྱབ་བསྒྲགས་ཀྱི་ནུས་པ་འཐུས་ཤོར་ཕྱིན་ཡོད་པའི་རྣམ་པ་ཆེན་པོ་འདུག དེང་སྐབས་རྒྱ་གར་གྱི་མི་མང་དཀྱུས་མ་ལ་བོད་པའི་སྐོར་སྐད་ཆ་དྲིས་ན་གོ་མ་མྱོང་མཁན་ཡང་གྲངས་ལས་འདས་པ་ཞིག་འདུག དེའི་ཕྱིར་རྒྱ་གར་གྱི་མངའ་སྡེ་གལ་ཆེན་འགའ་ཞིག་གི་ནང་དུ་བོད་དོན་ཁྱབ་བསྒྲགས་གནང་རྒྱུ་ཧ་ཅང་གལ་ཆེན་དུ་མཐོང་། དེའི་ཆེད་དུ་བོད་ཀྱི་དྲ་བརྙན་ལེ་ཚན་དེ་མངའ་སྡེ་གལ་ཆེན་འགའ་ཞིག་གི་སྐད་ཡིག་ཐོག་ལ་སྤེལ་རྒྱུ་ཧ་ཅང་གལ་ཆེ། གནད་འགག་ཆེ་བའི་སྐད་ཡིག་ནི་ད་ལྟ་ཡོད་བཞིན་པའི་ཧིན་དིའི་སྐད་ཀྱི་ཐོག་ལ། ཀར་ཊཀའི་སྐད། ཏམིལ་གྱི་སྐད། མ་ར་ཋའི་སྐད། ཨོརིཡའི་སྐད། བྷངགལ་གྱི་སྐད། ཀེརལ་གྱི་སྐད། ཨ་སམ་གྱི་སྐད། ཨུརདུ་སྐད་བཅས་ཀྱི་སྡེ་ཚན་གསར་འཛུགས་གནང་རྒྱུ་གལ་ཆེ། 
  6. རྒྱ་ནག་གི་བརྫུན་བསྒྲགས་ཀྱི་ནུས་པ་ལ་ཁ་ཐད་འཇལ་ཆེད་དུ་ཨཕ་རི་ཀའི་དོན་གཅོད་ཟུར་དུ་གསར་འཛུགས་ཀྱི་གླིང་ཆེན་དེའི་ནང་རང་གཞུང་གིས་ནུས་པ་སྔར་ལྷག་སྙོབ་ཐབས་གནང་དགོས། ད་ལྟ་ཨཕ་རི་ཀའི་ནང་དུ་ང་ཚོས་སྙོབ་ཚད་ཧ་ཅང་ཞན་པོ་ཡིན་ཞིང་། གླིང་ཆེན་ཨཕ་རི་ཀ་ནི་ཧ་ཅང་རྒྱ་ཆེན་པོ་ཡིན་ཞིང་། མ་འོངས་པར་འཛམ་གླིང་ཆབ་སྲིད་ཀྱི་ནང་དུ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཅན་དུ་ཆགས་སྲིད་པའི་རང་བཞིན་ཆེན་པོ་རེད། ད་ལྟའི་སྐབས་རྒྱ་ནག་གཞུང་གིས་གླིང་ཆེན་འདིའི་ནང་དུ་སླེབས་མེད་ས་ཧ་ལམ་མེད་པ་ལྟ་བུ་ཞིག་ཡིན་ཞིང་། ཁོ་བ་སླེབས་པ་དང་ལྷན་དུ་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་གནས་བབ་དེ་མཁྱོག་པོར་བརྗོད་པ་ཡང་མ་སླེབས་པ་བྱུང་མེད། དེའི་ཁ་ཐད་དུ་གསལ་བཤད་ཙམ་བྱེད་པ་དང་དམའ་མཐར་ཡང་རྒྱ་ནག་གི་བཤད་སྟངས་ལས་གཞན་པ་བཤད་མཁན་ཞིག་ཀྱང་ཡོད་འདུག་ཨང་སྙམ་པ་ཞིག་བཟོ་མ་ཐུབ་ན་མ་འོངས་པར་ཨཕ་རི་ཀ་སྟོབས་ཆེན་དུ་ཆགས་དུས་ང་ཚོས་གཞི་ནས་བདེན་པ་གསལ་བཤད་བྱེད་དགོས་ན་ཧ་ཅང་འཕྱི་དྲགས་པ་ཡིན་པས་ཨཕ་རི་ཀའི་དོན་གཅོད་ཟུར་འཛུགས་རྒྱུ་ཧ་ཅང་གལ་ཆེ། 
  7. བཙན་བྱོལ་བོད་གཞུང་གི་འགྲོ་གྲོན་ལ་ཁ་སྣོན་ཡོང་ཆེད་རྒྱ་གར་གཞུང་གི་འོག་ལ་ཡོད་པའི་ལས་བྱེད་དག་གི་རང་བཙན་ལག་དེབ་ཀྱི་དངུལ་འབབ་དེ་ཡོང་ཁྲལ་ཆག་ཡངས་ཁོངས་སུ་འཇུག་ཐབས་གནང་གལ། རྒྱ་གར་གཞུང་གི་འོག་ལ་ཡོད་པའི་ལས་བྱེད་མང་དག་ཅིག་ཡོད་ཅིང་དེ་དག་གིས་རྒྱ་གར་ལ་ཡོང་ཁྲལ་མ་ཕུལ་ཐབས་མེད་ཡིན། ཡོང་ཁྲལ་ཆག་ཡངས་ཀྱི་ཆེད་དུ་ཡིད་ཆེས་དགེ་རྩའི་ཚོགས་པའི་ནང་དུ་ཞལ་འདེབས་འབུལ་ན་ཡོང་ཁྲལ་ཆགས་ཡང་བྱེད་ལམ་ཡོད། ང་ལྟ་བུས་ལོ་གཅིག་ལ་ཧིན་ཁྲི་གསུམ་ལྷག་རང་བཙན་ལག་དེབ་ལ་འབུལ་བཞིན་པ་དེ་ཡོང་འབབ་ཁྲལ་ཆག་གི་ཁོངས་སུ་ཚུད་ཐུབ་པ་བཟོས་ན་རང་ཉིད་ཀྱིས་རྒྱ་གར་གཞུང་ལ་ཡོང་འབབ་ཁྲལ་འབུལ་ཇེ་ཉུང་དུ་འགྲོ་བར་ཁེ་ཕན་ཡོད་ལ་སོ་སོས་ངོས་ནས་རང་གཞུང་ལ་ཁྲལ་ཞིག་འབུལ་གྱི་ཡོད་པའི་དགའ་ཚོར་ཡང་ཡོང་བར་འདུག ལམ་ཁ་དེ་འདྲ་ཞིག་གཏོད་ཐུབ་ན་རྒྱ་གར་གཞུང་གི་འོག་ཏུ་ཕྱག་ལས་གནང་བཞིན་པའི་བོད་མི་མང་པོས་རང་བཙན་ལག་དེབ་ཀྱི་འབུལ་བབ་ཇེ་མང་དུ་འགྲོ་བར་ཕན་ཐོགས་འབྱུང་བས་བོད་གཞུང་དཔལ་འབྱོར་ལས་ཁུངས་ལ་ཡང་ཁེ་ཕན་མི་དམན་པ་འབྱུང་ངེས། དེ་ནི་རང་བཙན་ལག་དེབ་འབུལ་ཡུལ་དེ་ཏཱ་ལའི་བླ་མའི་དགེ་རྩ་ལྟ་བུ་ཡིད་ཆེས་དགེ་རྩའི་དེབ་སྐྱེལ་ཡོད་པའི་ལས་ཁུངས་ཤིག་ཏུ་འབུལ་འཐུས་གནང་ན་འགྲིག་པ་རེད། 
  8. རང་རེའི་མང་གཙོའི་ལམ་ལུགས་འདི་འཛམ་གླིང་ཐོག་གཞན་དང་མ་འདྲ་བའི་དམིགས་བསལ་བ་ཞིག་ཡོད་པ་མ་ཟད་ལམ་ལུགས་འདིས་ལམ་ལུགས་གཞན་གྱི་ཞན་ཆ་མང་པོ་ཞིག་བཀག་ཐུབ་པའི་དམིགས་བསལ་དགེ་མཚན་བྱུང་ནས་འཛམ་གླིང་ལ་མིག་དཔེ་ཡ་མཚན་པ་ཞིག་བསྟན་ཡོད། དེ་བཞིན་རང་རེའི་བཙན་བྱོལ་ནང་དུ་གསར་འགོད་རང་དབང་གི་ནུས་པ་གོང་མཐོར་འགྲོ་ཆེད་དུ་ད་ལྟའི་“རྩིས་ཞིབ་ལས་ཁུང”་དང་“འོས་བསྡུ་ལས་ཁུང”་དང་རང་དབང་གི་གནས་ཚད་ཆ་འདྲ་བ་“གསར་སྤེལ་ལྷན་ཁང”་ཞེས་པའི་བོད་གཞུང་གིས་ཐེ་བྱུས་མེད་པའི་རང་དབང་ཅན་གྱི་སྡེ་ཚན་ཚད་ལྡན་ཞིག་གསར་འཛུགས་བྱ་གལ། 
  9. དབུ་རང་གི་ཆབ་སྲིད་ལང་ཕྱོགས་གཉིས་ཀའི་ནུས་པ་མཉམ་སྤུངས་ཡོང་ཆེད་བཙན་བྱོལ་བོད་གཞུང་གི་ལང་ཕྱོགས་དེ་རང་ཐག་རང་གཅོད་ཀྱི་ལམ་དུ་འགྲོ་བའི་འབད་བརྩོན། ད་ལྟའི་སྐབས་སུ་བཙན་བྱོལ་ནང་དུ་ཆོལ་ཁའི་གནད་དོན་ཅུང་ཟད་ཡོད་པ་ནི་གཞོན་པ་དག་གི་ནང་སྲིད་མཐའ་ཙམ་ལས་མེད། གཞུང་གི་ལས་དོན་ལ་ཆིག་སྒྲིལ་མི་ཡོང་བའི་འགལ་རྐྱེན་ཆེ་ཤོས་གཅིག་ནི་དབུ་མ་དང་རང་བཙན་གྱི་ལྟ་གྲུབ་ཀྱི་དབང་གིས་འབྱུང་གི་ཡོད། འོན་ཀྱང་བཙན་བོད་གཞུང་གི་ལང་ཕྱོགས་རང་བཙན་ལ་འགྱུར་བ་དཀའ་མོ་ཡིན་སྲིད་ལ་འགྱུར་རུང་ལྟ་བ་མི་མཐུན་པ་མུ་མཐུད་ནས་གནས་ངེས་རེད། དེས་ན་དེ་གཉིས་ཀའི་ནུས་པ་མཉམ་སྤུངས་ཐུབ་པའི་གཞུང་གི་ལངས་ཕྱོགས་དཀྱེལ་ཡངས་པ་ཞིག་འཛིན་རྒྱུ་ཧ་ཅང་གལ་ཆེ། དེ་ནི་གཞུང་གི་ལངས་ཕྱོགས་དེ་“རང་ཐག་རང་གཅོད”་(Self Determination)ཀྱི་ལམ་ལ་འགྲོ་རྒྱུ་དེ་ཡིན། དེའི་ནང་དུ་དབུ་མ་བ་ཤོངས་ཆོག་ལ་རང་བཙན་པ་ཡང་ཤོངས་ཐུབ། 
  10. ས་ཐོ་ལག་འཛིན་གཞིས་མི་སོ་སོའི་ལག་ཏུ་གཅིག་མཚུངས་སུ་རག་ཐུབ་པ་གནང་དགོས། སྲིད་སྐྱོང་སྔོན་མའི་སྐབས་སུ་རྒྱ་གར་གཞུང་གི་ངོས་ནས་གཞིས་ཆགས་ཁག་གི་ནང་དུ་ས་ཞིང་གཞི་མི་སོ་སོའི་མིང་ཐོག་ལ་གནང་ཆོག་པ་བཟོས་ཡོད་ན་ཡང་གཞིས་ཆགས་རེ་ཟུང་ལ་གཞིས་ཆགས་ལས་ཁུངས་ཀྱི་བདག་པོ་རྒྱབ་ནས་གཞིས་མི་དོ་བདག་སོ་སོའི་མིང་ཐོག་ལ་གནང་གི་མེད་པ་དེ་གཅིག་མཚུངས་ཡོང་བར་རེ་སྐུལ་ཞུ། 
  11. བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རིག་གཞུང་གི་གཞི་རྩ་བརྟན་པོར་གནས་ཆེད་རྒྱ་གར་ནང་བོད་ཡིག་གི་དབུས་ཡིག་རྒྱུགས་ལྷན་ཁང་གསར་འཛུགས་གནང་གལ། ད་ལྟའི་ཆར་བོད་ཀྱི་ཡིག་གེའི་ལམ་ནས་འཛིམ་རིམ་བཅུ་གཉིས་བར་དུ་མ་གཏོགས་སྙོབ་ཀྱི་མེད་སྟབས་མཐོ་སློབ་ལ་སླེབས་པའི་སྐབས་སུ་བོད་ཀྱི་སྐད་ཡིག་ལ་དོ་ཕོག་ཆེན་པོ་ཞིག་རང་བཞིན་གནས་སྟངས་ཀྱི་འབྱུང་བཞིན་པ་འདིའི་ཆ་ཤས་ལེགས་བཅོས་ཡོང་བའི་ཆེད་དུ་རྒྱ་གར་གྱི་མངའ་སྡེ་གཞན་གྱི་སྐད་ཡིག་གི་རྒྱུགས་སྤྲོད་ཚོགས་པ་ཡོད་པ་ནང་བཞིན་བོད་ཡིག་གི་རྒྱུགས་སྤྲོད་ཚོགས་པ་འཛུགས་ཐུབ་པ་གནང་གལ་ཆེ། ལས་གཞི་དེའི་འོག་ནས་རྒྱ་གར་ནང་དུ་བོད་པའི་མཐོ་སློབ་རེ་ཟུང་འཛུགས་དགོས་ཤིང་། དེང་སྐབས་གདན་ས་ཁག་གི་ནང་དུ་ཚན་རིག་གི་སློབ་གཞི་ཡོད་སྟབས་མཐོ་སློབ་དེ་འདྲ་ཚན་རིག་གི་སྡེ་ཚན་ཅན་ཞིག་འཛུགས་པར་མཐུན་རྐྱེན་མི་དམན་ཞིག་ཚང་ཡོད། 
  12. བདེན་དོན་འཐབ་རྩོད་ཀྱི་གཞི་རྩ་གཏན་པོ་གནས་ཆེད་རྒྱ་གར་རམ་འཛམ་གླིང་གི་ས་ཕྱོགས་གང་རུང་ཞིག་གི་ནང་དུ་རང་ས་རང་སྐྱོང་གི་སྐྱབས་བཅོལ་རྒྱལ་ཁབ་བམ་སྐྱབས་བཅོལ་རང་སྐྱོང་ཁུལ་ཚད་ལྡན་ཞིག་གསར་འཛུགས་ཀྱི་འབད་བརྩོན་གནང་གལ། དེ་ཡང་རང་ཅག་གི་ལས་དོན་རང་ཅག་གི་འདོད་པ་ལྟར་དུ་བྱེད་སའི་ཁོར་ཡུག་ཅིག་ཡོད་པ་ཧ་ཅང་ནས་གལ་ཆེན་པོ་ཡོད་སྟབས་རང་ཅག་བཙན་བྱོལ་དུ་གནས་རིང་ལ་བཙན་བྱོལ་རྒྱལ་ཁབ་བམ་ཡང་ན་ས་གནས་རང་སྐྱོང་གི་བཙན་བྱོལ་ས་གནས་ཤིག་རག་ཐབས་བྱ་རྒྱུ་གལ་ཆེན་དུ་མཐོང་། འདི་འདྲ་ཡོང་མི་སྲིད་པ་ཞིག་ཀྱང་མ་རེད། རྒྱུ་མཚན་ནི་འཛམ་གླིང་འདི་ན་མི་གྲངས་རང་རེའི་སྐྱབས་བཅོལ་བོད་མིའི་གྲངས་འབོར་ལས་ཉུང་བའི་རྒྱལ་ཁབ་ངོ་མ་མང་པོ་ཡོད་པ་མ་ཟད། ཕྱོགས་ཚང་མ་རྒྱལ་ཁབ་གཞན་གཅིག་གིས་བསྐོར་བའི་རྒྱལ་ཁབ་ཀྱང་མི་ཉུང་བ་ཞིག་ཡོད། དེ་བཞིན་རྒྱལ་ཁབ་གཅིག་གི་མངའ་ཁུལ་གླིང་ཆེན་གསུམ་བཞི་ལ་གྲམ་ནས་བར་ཐག་མེ་ལེ་སྟོང་ཕྲག་གིས་ཆོད་ཡོད་མཁན་ཡང་ཡོད་འདུག གཞན་ཡང་སྟོབས་ཆེན་ཨ་རི་དང་ཨོསྟྲིལིཡ་ལྟ་བུའི་ས་སྟོང་ཆེན་པོ་ཡོད་སའི་རྒྱལ་ཁབ་ཅིག་ལས་རྒྱ་མི་ཆུང་བའི་ས་ཁྱོན་ཞིག་ཉོས་ན་ཆོག་ལ། ཉོ་མ་ཐུབ་ན་བོག་མ་གཡར་པོ་བྱེད་ཆོག དེ་མིན་དཔེར་ན་ཨི་ཊའ་ལིའི་གྲོང་གསེབ་སྟོང་ནས་ས་ཁང་བེད་མེད་དུ་འགྱུར་བཞིན་པ་སླར་གསོ་ཡོང་བའི་ཆེད་དུ་བདག་མེད་ཁང་པ་རྣམས་ཡུ་རོ་གཅིག་ལ་གོང་བརྒྱབས་ནས་འཚོང་བཞིན་ཡོད་པ་དེ་འདྲ་ཡང་མཐོང་རྒྱུ་འདུག ང་ཚོ་བོད་གཞུང་གིས་དེ་འདྲ་བའི་གྲོང་གསེབ་མང་པོ་ཞིག་ཧྲིལ་གྱིས་ཉོས་བཞག་ན་ཉམས་གསོ་མ་གཏོགས་མི་དགོས་པས་དེ་མི་ཐུབ་པ་ཞིག་མ་རེད། རྒྱ་གར་ནང་གི་གཞིས་འགའ་ཞིག་དེར་སྤོས་ཕྱིན་ན་མ་འགྲིག་པ་གང་ཡང་མེད། 
  13. བལ་ཡུལ་དང་འབྲུག་ལ་སྐྱབས་བཅོལ་ཡིག་ཆ་ཚད་དུ་གཏོང་ཐབས་བཟོ་དགོས། ད་ལྟའི་ཆར་ཡུལ་དེ་གཉིས་ཀྱི་ནང་དུ་བོད་རིགས་རྣམས་ཀྱི་རྩ་དོན་གྱི་ཐོག་ལ་ཕྱག་ལས་གནང་སྐབས་ཀྱི་དཀའ་ངལ་ནི་གཞན་ལས་ཆེ་བ་ཡོད་ཅིང་། དེ་དག་གི་འཚོ་བའི་དཀའ་ངལ་ཡང་ཆེན་པོ་ཡོད་སྟབས་བཙན་བྱོལ་བོད་གཞུང་གི་ངོས་ནས་དེ་དག་ལ་བོད་མིའི་གནས་བབ་དང་ཡིག་ཆ་ཚན་ལྡན་རག་ཐབས་འབད་བརྩོན་གནང་གལ་ཧ་ཅང་ཆེ། 
  14. སྲིད་སྐྱོང་སྔོན་མའི་སྐབས་སུ་བཙན་བྱོལ་བོད་མིའི་སྐྱབས་བཅོལ་ལག་དེབ་ལོ་ལྔ་བར་དུ་ཕར་འགྱངས་བྱེད་ཀྱིན་ཡོད་ཀྱང་ད་སྐབས་ལོ་རེ་ལས་ཕར་འགྱངས་བྱེད་རོགས་མི་བྱེད་པ་ཞིག་ཆགས་འདུག འདི་ནི་རྒྱ་གར་གྱི་གཞི་རིམ་གྱི་ལས་བྱེད་དག་གི་བྱ་སྤྱོད་ཅིག་ཡིན་ངེས་པས་མཐོ་རིམ་གྱི་འབྲེལ་བའི་ཐོག་ནས་སྔར་བཞིན་ལོ་ལྔ་རེར་དུས་འགྱངས་ཆོག་པའི་ཐོག་ལ་ཤུགས་རྒྱག་རྒྱུ་ནི་ལས་སླ་མོ་ཡིན་གྱི་རེད་སྙམ་པས་བོད་མི་རྣམས་ལོར་རེ་བཞིན་སྐྱབས་བཅོལ་ལས་ཁུངས་ལ་འགྲོ་དགོས་པའི་དཀའ་ངལ་དེ་སེལ་གནང་དགོས། 
  15. ཕྱིའི་རྒྱལ་ཁབ་གི་ནང་དུ་ཡོད་པའི་བོད་རིགས་རྣམས་གཞིས་ཆགས་ཁག་གི་ནང་དུ་ཡོང་ཆོག་པའི་བཀའ་ཁྲོལ་པེབ་ཅེས་པ་དེ་རྩ་ནས་མེད་པའམ་ལས་སླ་རུ་གཏོང་དགོས། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཁག་ལ་ཡོད་པའི་བོད་རིགས་གྲངས་འབོར་མང་ཉུང་གཅིག་འདྲ་ཆགས་ཟིན་པ་དང་མ་འོངས་པར་མུ་མཐུད་ནས་ཇེ་མང་དུ་འགྲོ་བ་རེད། འོན་ཀྱང་ཕྱི་རྒྱལ་ཁག་ལ་གནས་མཁན་བོད་རིགས་ཁག་སོ་སོའི་ཁྱིམ་ལ་ལོག་སྐབས་བཀའ་ཁྲོལ་དེ་དུས་ཐོག་ལ་མི་རག་པའི་དཀའ་ངལ་ཆེན་པོ་འདུག་པ་སེལ་ཐབས་གནང་དགོས། 
  16. བོད་དོན་མེ་ལྕེ་དུས་གཏན་དུ་གནས་པ་དང་བོད་རིགས་ཆིག་སྒྲིལ་དང་སྟོབས་ཤུགས་ཀྱི་ནུས་པ་མཉམ་སྤུངས་དང་དར་རྒྱས་ཡོང་ཆེད་འཛམ་གླིང་གི་ཡུལ་གྲུ་ཁག་གི་ནང་དུ་“བོད་ཀྱི་གྲོང་བརྡལ”་གསར་འཛུགས་གནང་ཐབས་ལམ་སྟོན་དང་འགོ་འཛུགས་གནང་དགོས། རྒྱ་མི་རྣམས་ཀྱི་ཇི་ལྟར་མིག་དཔེ་བསྟན་པ་བཞིན་འཛམ་གླིང་གི་གྲོང་ཁྱེར་ཆེ་ཁག་བོད་རིགས་མང་ས་དག་ལ་བོད་ཀྱི་གྲོང་བརྡལ་འཛུགས་རྒྱུའི་ཐོག་ལ་ཕྱག་ལས་གནང་གལ་ཆེ། 

བསམ་ཚུལ།

Post navigation

Previous Post: ཐའེ་ཝན་དུ་མ་ཧཱ་གུ་རུའི་འབུམ་ཚོགས་ཐེངས་དང་པོ།
Next Post: ༼ལམ་ཐག་རིང་བའི་ཕ་ཡུལ་༽གྱི་བཀླགས་བྱང་།

Comments (3) on “བཀའ་ཤག་སྐབས་བཅུ་དྲུག་པའི་སྐབས་སུ་སྒྲུབ་དགོས་པའི་ལས་དོན་གལ་ཆེན་བཅུ་དྲུག”

  1. གཞུང་པ་ཚེ་དབང་བསོད་ནམས། says:
    2021-11-18 at 10:27 pm

    སྒེར་གྱི་བསམ་ཚུལ་དོན་བཅུ་དྲུག་ཆ་ཚང་ཀློག་པ་ཡིན་བསམ་ཚུལ་ཡག་པོ་འདུག་། དོན་་ཚན་ལྔ་པ་རྒྱ་གར་མི་མང་ནང་བོད་དོན་དྲིལ་བསྒྲགས་ཤུགས་ཆེར་རུ་གཏོང་དགོས་སྐོར་རེད་འདུག་། རྒྱ་གར་ནང་ཡོད་པའི་བོད་མི་བཙན་བྱོལ་བ་ཚོ་དགུན་དུས་བལ་ཚོང་ཆེད་རྒྱ་གར་གྱི་མངའ་སྡེ་ཁག་ནང་ཡོད་པའི་གྲོང་ཁྱེར་དང་གྲོང་སེབ་སོགས་ས་ཁུངས་ ༢༧༠ ལྷག་ཙམ་ནང་བལ་ཚོང་གི་སྒྲུག་འཛུགས་ཡོད་པ་དེ་དག་ནས་རྒྱ་གར་ཚོང་ཤག་ཚོར་བོད་དོན་དྲིལ་བསྒྲགས་ཐོ་ཕན་རླབས་ཆེན་པོ་ཡོད་པ་སུ་ཀྲར་སླུག་སྣོ་འགྱིག་ཤོག་སྟེང་བོད་རང་བཙན་ཡིན་ཟེར་བ་སོགས་བྲིས་ནས་རྒྱ་གར་གྱི་ཡུལ་མི་ཚོར་བོད་དོན་དྲིལ་དྲགས་ཤུགས་ཆེན་པོ་འགྲོ་བཞིན་པ་ནས་དེ་སྔོན་ལོ་རབས་དགུ་བཅུའི་ནང་རྡ་སར་འཛིན་སྐྱོང་ཚོགས་ཆེན་ཐོག་སོ་ཀྲོར་ཚོང་མཁན་ལ་རང་གཞུང་ནས་དངུལ་བུན་གཏོང་དགོས་སྐོར་ཞུ་རྒྱུ་བྱུང་ཡང་དགོང་བཞེས་གནང་མ་སོང་ཡང་འདས་པའི་བཀའ་ཤག་གོང་མས་ད་ལྟའི་ཆ་ལ་སོ་ཀྲར་ཚོང་མཁན་ཚོར་དངུལ་བུན་གཏོང་བཞིན་པ་འདིའི་སྤྱི་སྒེར་གཉིས་ལ་ཕན་ཐོག་ཆེན་པོ་ཡོད་པ་ངོས་འཛིན་ཞུ་གི་ཡོད་ན་དོན་ལྔ་པ་ལ་རྒྱབ་སྐྱོར་ཞུ་གི་ཡོད་།

    དོན་ཚན་བདུན་པ་དཔྱ་ཁྲལ་སྐོར་རེད་འདུག་། ་དེང་སྐབས་ན་གཞོན་མང་པོ་ཞིག་རྒྱ་གར་གྱི་རྒྱལ་ས་ཆེ་ཁག་ནང་ལས་ཀ་བྱེད་བཞིན་པ་དེ་དག་གི་ཕོག་ཐོབ་བརྒྱ་ཆ་བསྡུ་ཐབས་གནང་དགོས་པ་མ་ཟད་དེང་སྐབས་༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བོད་མི་བཙན་བྱོལ་བ་ཚོ་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པ་ནས་སྤྱི་འཐུས་གྲོས་ཚོགས་ནས་རྒྱ་གར་ནང་ཡོད་པའི་བོད་ཚོའི་དཔྱ་ཁྲལ་སྤར་བྱ་གནང་དགོས་པའི་དུས་ལ་བབས་པར་ངོས་འཛིན་དང་བཅས་དོན་ཚན་བདུན་པ་ལ་རྒྱབ་སྐྱོར་ཡོད་།

    དོན་ཚན་བཅོ་ལྔ་། ( PAP ) Protected area permission སྐོར་འདིའི་ཕྱི་རྒྱལ་ནས་ཡོང་མཁན་ཚོར་དཀའ་ངལ་འཕྲད་བཞིན་པ་ནས་ PAP ཆ་ཚང་མེད་བཟོ་རྒྱུ་ཁག་པོ་ཡིན་པ་རྒྱ་གར་རང་གི་མི་སེར་ཕྱི་ལ་ཡོད་མཁན་ཚོ་ཡང་ཡིག་ཆ་ ( ILP ) Inner line permit ཞུ་དགོས་པ་སོང་ང་ཚོར་ད་མུས་བཞིན་ཉིན་གྲངས་ ༩༠ གི་སྔོན་ལ་ཞུ་ཆོག་པའི་ཆ་རྐྱེན་དེ་ཉུང་དུ་བཏང་ནས་ཟླ་བ་གཅིག་གི་སྔོན་ཞུ་ཆོག་པའི་བཀའ་ཁྲོལ་ཐོབ་དགོས་པ་དེ་ལྡི་ལི་དོན་གཅོད་ནས་ཐུགས་འགན་བཞེས་དགོས་པ་བཅས་དོན་ཚན་བཅོ་ལྔ་འདི་ལ་རྒྱབ་སྐྱོར་ཡོད་། དོན་ཚན་ལྔ་པ་དང་། བདུན་པ་། བཅོ་ལྔ་བཅས་ལ་རྒྱབ་སྐྱོར་ཡོད་།

  2. ཚེ་བརྟན་འགྱུར་མེད། says:
    2021-11-20 at 2:32 pm

    གྲུ་ཟུར་གྱི་ཨ་མཆོད་དེ་བོད་མིའི་ལག་དེབ་ཅན་གྱི་བོད་པ་ཞིག་ཡིན་གཤའ། དེ་མིན་བོད་མིང་དེ་འདྲ་ཞིག་གོ་མ་མྱོང་། གུང་ཐང་བསྟན་པའི་སྒྲོན་མེ་དང་དབྱངས་ཅན་སྒྲུབ་པའི་རྡོ་རྗེ་སོགས་མཚན་འགའ་རེ་གོ་མྱོང་བ་བོད་མིའི་རྒྱུན་སྤྱོད་མིང་ལས་འདས་པའི་ང་རང་སློབ་གྲྭའི་སྐབས་གོ་བདེ་རང་མེད། སུ་ཡིན་ཀྱང་གང་ལྟར་བསམ་འཆར་ལེ་ཚན་བཅུ་དྲུག་ནས་མང་པ་འདི་འདྲ་བྱུང་ན་བསམ་པ་དང་ཡོང་རེ་མེད་པ་མིན་པ། གཞུང་ནས་མ་ཞུས་པ་མིན་ལ་ད་དུང་ཡང་དམ་དོན་གྱི་སྙན་འབུལ་ཡོད། ལེ་ཚན་ ༨ དང་༤ ལེ་ཚན་༩ གསུམ་གལ་གནད་ཆེ་ཆུང་ལས་གོ་སྒྲིག་པ་གསུམ་དེ་ཁྱད་མཚར་མིན་འདུག་གམ།
    ༡༽ ལེ་ཚན་༨ གསར་སྤེལ་ལྷན་ཁང་དེ་གཞུང་གི་སྡེ་ཚན་དུ་གྱུར་ན་རྒྱ་ནག་གི་འབྲེལ་བརྗོད་ཡོད་པའི་རང་དབང་དང་མི་མཚུངས་སམ། བོད་པར་རྒྱ་ནག་མི་མང་གི་རྩ་ཁྲིམས་ནང་གསལལྟར་སོ་སོའི་ཆོས་དང་རིག་གཞུང་འཛིན་སྤེལ་གྱི་རང་ཐོབ་ཡོད་ཀྱང་དེ་ལྟར་ཞུ་སྐབས་རྒྱ་བོད་ཁ་བཀྲལ་གཏོང་པས་ཉེས་ཆད་གཏོང་ལེ་མི་གདའ། གསར་སྤེལ་རང་དབང་དེ་གཞུང་དང་མ་འདེབས་ན་ཡོང་རེ་ལས་འདེབས་ན་ཕལ་ཆེར་དཀའ་གནད་དོ།
    ༢༽ ལེ་ཚན་ ༤ ཁ་ཆེའི་གཞིས་ཆགས་སམ་གནས་གཞི་དག་བོད་པའི་ཁོངས་ཚུད་རྒྱུ་མེད། དོ་བདག་ཁོ་རང་ཚོས་དགོས་དབང་གྱིས་གྱར་བ་ལས་རང་གཞུང་གི་སྲིད་བྱུས་མིན། ད་ཆ་ཁོ་རང་ཚོས་འདོད་ནས་ཞུ་ཐབས་ཞུས་ནའང་གནས་ཚང་རྒྱ་གར་གྱི་འདོད་མོས་ཤིག་གང་ནས་འོང་། བསམ་ཚུལ་མ་བྱུང་ན་ཕན་ཆེ།
    ༣༽ ལེ་ཚན་ ༩ རང་ཐག་རང་གཅོད། དང་ཐོག་ཏུ། ད་ལྟའི་སྲིད་བྱུས་དབུ་མའི་ལམ་དེ་ཡང་རང་ཐག་རང་གཅོད་ལས་བྱུང་པ་ཞིག་ལས་ཕྱི་ནང་སུས་ཀྱང་གནོད་ཤུགས་བྱུང་མེད། དེ་ཡང། དབུ་མིའི་ལམ་སྲིད་བྱུས་སུ་མ་གྱུར་གོང་གནས་དོན་བཞི་། རང་བཙན། རང་ཐག་རང་གཅོད། ལམ་དབུ་མ་དང་། བདེན་པའི་ཨུ་ཚུགས་བཅས་སུ་གྲོས་བསྡུར་གྱིས་མཐར་ཚོགས་མི་བརྒྱ་ཆ་དྲུག་ཅུ་ཡན་གྱི་ལམ་དབུ་མར་འོས་མོས་ཞུས་མ་རེད་པས། དགོས་རྒྱུ་སྤག་ལ་སྤག་ཁུ་ད་ར་ཟེར་པ་ལྟར་བོད་དོན་ལ་ཕན་པའི་ལས་དོན་ཞིག་ཡིན་ན་གོང་ཞུས་ལམ་ལ་ཁྱད་ཕལ་ཆེར་ཨེ་ཡོད། བོད་མི་ཚང་མས་མཉམ་རུབ་ཞུ་རྒྱུ་དེ་ལས་འགན་རེད། བོད་ལ་སྐྱིད་པའི་ཉི་མ་ཤར་ན་ལམ་ལ་ཁྱད་གང་ནས་འོང་། དབུ་མ་ཡང་དེའི་ཆེད་དམིགས་མི་བསམ། ཡིན་ཀྱང་ཉི་མ་དེ་རྒྱས་བསྒྲིབས་པའི་རྒྱ་མཉམ་རྩོད་ཐབས་སུ་མྱུར་ཤོས་དང་རན་ཤོས་དེ་དབུ་མའི་ལམ་ཡིན་པ་མ་ངེས་བསམ། གང་ལྟར་ཡང་ལོ་མང་ནང་ཐུགས་ཞིབ་ཞུས་པ་ལྟར་བྱུང་མེད། དེ་ལྟར་ཡོང་ཐབས་སུ་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་ཆེད་ལམ་བཞི་དབྱེ་མེད་ལས་འབད་བརྩོན་གྱིས་རྒྱ་དམར་ལམ་དབུ་མར་མི་འདོད་བཞིན་དུ་ལག་ལེན་འགེལ་དགོས་པའི་ངར་མཚར་ཞིག་སྤེལ་རྒྱུ་ཕྱི་མེད་ནའང་སྔ་མིན་འདུག དེ་ཐོག་ནས་རང་བཙན་བྱུང་ན་རྒྱ་བསོད་ནམས་ཟད་པ་དང་བོད་པར་ལས་འབྲས་བཟང་པོ་སྨིན་པ་རེད་དོ།།

  3. བོད་ལ་དགའ། says:
    2021-11-20 at 3:34 pm

    ལྔ་དང་ལྔ་བཅུ་ལབ་ན་ཅི་རེད། འགྲེལ་བཤད་ཅིག་གནང་རོགས་ཞུ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme